སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་དགོས”ཞེས་བསྟན་ཡོད། དེང་རབས་ཅན་གྱི་ཐོན་ལས་མ་ལག་ནི་དེང་རབས་ཅན་རྒྱལ་ཁབ་ཀྱི་དངོས་པོའི་འདེགས་སྐྱོར་ཡིན་ལ། དཔལ་འབྱོར་དེང་རབས་ཅན་མངོན་འགྱུར་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན།
དེང་རབས་ཅན་གྱི་རྒྱལ་ཁབ་བདེ་བླག་གིས་མངོན་འགྱུར་བྱུང་ཐུབ་པ་ཚང་མ་ཐོན་ལས་མ་ལག་དེང་རབས་ཅན་གྱི་བརྒྱུད་རིམ་ཞིག་བརྒྱུད་མྱོང་བ་དང་། ཐོན་ལས་ཀྱི་ཁྱབ་ཁོངས་ཞིག་གམ་ཁྱབ་ཁོངས་ཁ་ཤས་སུ་འཛམ་གླིང་གི་མདུན་གྲལ་དུ་སླེབས་པའི་བཟོ་སྐྲུན་དང་ཞབས་ཞུའི་ནུས་པ་གྲུབ་ཡོད་པ་དང་། ལས་ཆོད་མཐོན་པོའི་སྤྱི་ཚོགས་ཀྱི་ཐོན་སྐྱེད་དང་ཆུ་ཚད་མཐོ་བའི་རྒྱལ་དམངས་ཀྱི་ཡོང་སྒོ་འདེགས་སྐྱོར་གྱི་རྨང་རྡོ་ལྟ་བུར་གྱུར་ཡོད། དཔེར་ན། ཨ་རིའི་གློག་རྡུལ་ཆ་འཕྲིན་དང་། སྐྱེ་དངོས་སྨན་རྫས། འཕུར་སྐྱོད་མཁའ་འགྲུལ། དངུལ་རྩ། བཅའ་ཁྲིམས་ཞབས་ཞུའི་ལས་རིགས། འཇར་མན་གྱི་རླངས་འཁོར་དང་སྔོན་ཐོན་སྒྲིག་ཆས་བཟོ་སྐྲུན་ཐོན་ལས། འཇར་པན་དང་ཧན་གོའི་གློག་རྡུལ་ཐོན་རྫས་དང་། གློག་འདྲེན་ཕྱེད་གཟུགས། གྲུ་གཟིངས་བཟོ་བ། རླངས་འཁོར་ཐོན་ལས། ནེའུ་ཙི་ལན་དང་ཨོ་སི་ཁྲུ་ལི་ཡའི་དེང་རབས་ཞིང་ལས་དང་གཏེར་འདོན་ལས་རིགས་ཚང་མ་རྒྱལ་ཁབ་འདི་དག་གི་དེང་རབས་ཅན་མངོན་འགྱུར་ཡོང་བར་འདེགས་སྐྱོར་བྱེད་པའི་དངོས་པོའི་རྨང་གཞི་ཞིག་རེད། དེ་ལས་ལྡོག་སྟེ། སྔོན་ཆད་ཀྱི་སྟོབས་ལྡན་རྒྱལ་ཁབ་ཁ་ཤས་ཉམས་རྒུད་ཀྱི་ཕྱོགས་སུ་བསྐྱོད་པ་དང་། རྒྱལ་ཁབ་ཁ་ཤས“ཡོང་སྒོ་འབྲིང་གྲས་ཀྱི་རྒྱ་རྙིའི”ནང་ལྷུང་ཞིང་། དཔལ་འབྱོར་དུས་ཡུན་རིང་པོར་འཕེལ་མེད་རང་སོར་གནས་ལ། བསླབ་བྱ་གལ་ཆེན་དེ་ཡང་ཐོན་ལས་མ་ལག་མུ་མཐུད་དུ་རིམ་སྤོར་དང་དེང་རབས་ཅན་མངོན་འགྱུར་བྱུང་མེད་པ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་མུ་མཐུད་དུ་འཕེལ་རྒྱས་རྣམ་པ་སྲུང་འཛིན་བྱེད་ཐུབ་མེད་པས་རེད། དེ་བས། ཐོན་ལས་མ་ལག་གི་དེང་རབས་ཅན་མེད་ན། དཔལ་འབྱོར་དེང་རབས་ཅན་དུ་འགྱུར་མི་ཐུབ་པ་དང་། དངོས་པོ་དང་ལག་རྩལ་གྱི་རྨང་གཞི་བརྟན་པོ་ཞིག་མེད་ན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་སྐྲུན་མི་ཐུབ།
ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། རང་རྒྱལ་ལོ་ངོ་བཅུ་ཕྲག་འགའི་ནང་དར་རྒྱས་ཆེ་བའི་རྒྱལ་ཁབ་ལོ་ངོ་བརྒྱ་ཕྲག་དུ་མར་བརྒྱུད་མྱོང་བའི་བཟོ་ལས་ཅན་གྱི་ལོ་རྒྱུས་ཀྱི་ལམ་བུར་བགྲོད་པ་དང་། འཛམ་གླིང་ཡོངས་ཀྱི་ཐོན་ལས་རིགས་སྣ་ཆེས་ཆ་ཚང་བའི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། མིག་སྔར། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་། བཟོ་ལས་ཐོན་རྫས་ཀྱི་རིགས220ལྷག་གི་ཐོན་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་ལ། ཁྱབ་ཁོངས་ཁ་ཤས་ཀྱི་ཐོན་ལས་ལག་རྩལ་ཆུ་ཚད་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད། ཡིན་ནའང་། སྲོལ་རྒྱུན་གྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་བསྡུར་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་བསྡུར་ན། རང་རྒྱལ་གྱི་ཐོན་ལས་མ་ལག་དེང་རབས་ཅན་གྱི་ཆུ་ཚད་ད་དུང་མཐོན་པོ་མེད་པ་དང་། ཁྱད་ཆོས་མངོན་གསལ་ཡིན་པའི་ཐོན་ལས་ཀྱི་རྨང་གཞི་ད་དུང་ཅུང་ཞན་ལ། ཐོན་ལས་སྦྲེལ་ཐག་གི་བརྟན་འཇགས་རང་བཞིན་དང་རྡུང་རྡེག་འགོག་པའི་ནུས་པ་མི་འདང་ཞིང་། དེང་རབས་ཞབས་ཞུའི་ལས་རིགས་དར་རྒྱས་མི་ཆེ་བ་རེད། དཔེར་ན། རང་རྒྱལ་ཁེ་ལས་ཀྱི་ལྟེ་བའི་ལྷུ་ལག་དང་། ལྟེ་བའི་མཉེན་ཆས། འགག་རྩའི་རྒྱུ་ཆ། གནད་འགག་གི་ཞིབ་བཤེར་སྒྲིག་ཆས་སོགས་ཕྱོགས་སུ་ནང་འདྲེན་ལ་བརྟེན་ཚད་མང་བ་དང་། རྒྱལ་དམངས་ཐོན་སྐྱེད་ཀྱི་རྨང་གཞིའི་ལྷུ་ལག་དང་། རྨང་གཞིའི་རྒྱུ་ཆ། རྨང་གཞིའི་བཟོ་རྩལ། རྨང་གཞིའི་ལག་རྩལ་བཅས་ཀྱི་ཐད་ད་དུང་ཡོངས་ཁྱབ་སྒོས་སྤུས་ཚད་ལ་བློས་འགེལ་ཆོག་པ་དང་བརྟན་འཇགས་རང་བཞིན་ཞན་པ་དང་། ཁྲོམ་རའི་ཁྱབ་ཁོངས་ལ་ཚོད་འཛིན་ཐེབས་པ་སོགས་ཀྱི་གནད་དོན་གནས་ཡོད་ལ། “བཀོལ་སྤྱོད་བྱས་ན་མི་བཟང་བ་དང་། བཀོལ་སྤྱོད་བྱེད་ས་མི་འགྲོ་བ། བཀོལ་སྤྱོད་བྱེད་འདོད་མེད་པའི”རྣམ་པ་ཞིག་མདུན་དུ་ལྷགས་ཡོད་པ་རེད། ཐོན་ལས་ལག་རྩལ་གསར་སྤེལ་ལ་མ་དངུལ་གཏོང་ཤུགས་མི་འདང་བ་དང་ཅུང་ཁ་འཐོར་ཡིན་ལ། རྨང་གཞིའི་རང་བཞིན་གྱི་ལག་རྩལ་གསོག་འཇོག་མི་འདང་བ་དང་། ལོ་རྒྱུས་ཐོག་བུ་ལོན་ཆད་པ་ཅུང་མང་བ། རང་བདག་གསར་སྐྲུན་གྱི་ནུས་པ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གནོན་ཤུགས་ལ་ཁ་གཏད་གཅོག་པའི་དགོས་མཁོ་དང་མི་མཐུན་པ་རེད། རང་རྒྱལ་གྱི་ཐོན་ལས་སྦྲེལ་ཐག་དེ་སྤྱིའི་ཆ་ནས་རྒྱལ་སྤྱིའི་ལས་བགོས་མ་ལག་གི་དམའ་འབྲིང་རིམ་པར་གནས་པ་དང་། ཆེ་ཡང་སྟོབས་ལྡན་མིན་པ་དང་། ཡངས་ཀྱང་གཏིང་ཟབ་མིན་པ། གོ་ལ་ཧྲིལ་པོའི་ཐོན་ཁུངས་སྡེབ་སྒྲིག་དང་ཚོད་འཛིན་བྱེད་ནུས་མི་འདང་བ། རྒྱལ་སྤྱིའི་འགྲན་རྩོད་ནུས་པའི་ཐོན་ལས་ཁ་ཤས་ཀྱི་གོང་འོག་བར་གསུམ་ཆ་འགྲིག་མིན་པ། ཐོན་ལས་སྦྲེལ་ཐག་གི་ཉམས་ཞན་རང་བཞིན་མངོན་གསལ་ཡིན་པ་རེད། དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་ཆུ་ཚད་མཐོན་པོ་མིན་པ་དང་། བཟོ་སྐྲུན་ལས་རིགས་དང་མཉམ་འདྲེས་ཀྱིས་འཕེལ་རྒྱས་གཏོང་ཐུབ་ཀྱིན་མེད་ལ། ཚན་རྩལ་དང་། ཐོན་ལས། དངུལ་རྩའི་བར་གྱི་འཁོར་སྐྱོད་བཟང་པོ་ད་དུང་ཆགས་མེད་པ་རེད།
མིག་སྔར། རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བར་ཞུགས་པ་དང་། གཟབ་ནན་དང་རྙོག་འཛིང་ཆེ་བའི་འཕེལ་རྒྱས་ཀྱི་ཁོར་ཡུག་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་ཡིན་པའི་གནད་དོན་ཐག་གཅོད་བྱེད་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོར་གདོང་གཏད་དེ། དཔལ་འབྱོར་འཛུགས་སྐྲུན་ལྟེ་བ་ཡིན་པ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་གནད་ས་དེ་དངོས་ཕུང་དཔལ་འབྱོར་གྱི་སྟེང་བཞག་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་རྒྱུ་དེ་དཔལ་འབྱོར་དེང་རབས་ཅན་གྱི་ལས་འགན་གལ་ཆེན་ཞིག་ཏུ་འཇོག་དགོས་པ་དང་། འཛམ་གླིང་གི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ཁ་ཕྱོགས་ལ་དམིགས་པ་དང་། རང་རྒྱལ་གྱི་གནས་ཚུལ་དངོས་ལ་རྐང་ཚུགས་པ། རྣམ་པ་གསར་བའི་བཟོ་ལས་ཅན་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ། བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་དང་། སྤུས་ཚད་རྒྱལ་ཁབ་སྟོབས་ལྡན། འཕུར་སྐྱོད་རྒྱལ་ཁབ་སྟོབས་ལྡན། འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ལྡན། དྲ་སྦྲེལ་རྒྱལ་ཁབ་སྟོབས་ལྡན། གྲངས་གཞིའི་ཀྲུང་གོ་བཅས་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱིས་སྟོབས་ཤུགས་གཅིག་བསྡུས་ཀྱིས་དོན་ཆེན་སྒྲུབ་པའི་ལམ་ལུགས་ཀྱི་དགེ་མཚན་དང་རང་རྒྱལ་གྱི་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་རའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། ཐོན་ལས་རྨང་གཞིའི་བསྐྱར་སྐྲུན་བཟོ་སྐྲུན་དང་ལག་རྩལ་སྒྲིག་ཆས་གལ་ཆེན་གྱི་འགག་སྒྲོལ་བཟོ་སྐྲུན་ལག་བསྟར་བྱེད་པར་བརྟེན་ནས་ཐོན་ལས་ཀྱི་རྨང་གཞིའི་ནུས་པ་སྲ་བརྟན་དུ་གཏོང་བ་དང་། ཐོན་ལས་ཀྱི་རྨང་གཞིའི་མཐོ་རིམ་ཅན་དང་ཐོན་ལས་ཀྱི་སྦྲེལ་ཐག་དེང་རབས་ཅན་གྱི་འགག་སྒྲོལ་དམག་འཐབ་བཟང་པོར་བརྒྱབ་ཏེ། བཟོ་སྐྲུན་ལས་རིགས་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་དུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས། རང་རྒྱལ་གྱི་ཐོན་ལས་མ་ལག་ཆ་ཚང་གི་ཐུན་མོང་མ་ཡིན་པའི་དགེ་མཚན་སྲ་བརྟན་དང་མཐོར་འདེགས་གཏོང་དགོས་ན། འཛད་སྤྱོད་ཐོན་རྫས་དཀྱུས་མ་དང་། བཟོ་ལས་ཀྱི་མ་བཅོས་རྒྱུ་ཆ། སྤྱིར་བཏང་གི་འཕྲུལ་ཆས་གློག་ཆས་ཐོན་རྫས་སོགས་སྲོལ་རྒྱུན་གྱི་ཁྱད་སྟོབས་ལྡན་པའི་ཐོན་ལས་ཀྱི་སྔོན་ཐོན་གོ་གནས་སྲ་བརྟན་དུ་གཏོང་དགོས་པ་དང་། དུས་མཚུངས་སུ་གློག་འདྲེན་ཕྱེད་གཟུགས་དང་། མཉེན་ཆས། སྔོན་ཐོན་རྒྱུ་ཆ། གནད་འགག་གི་སྒྲིག་ཆས་ཀྱི་བདེ་འཇགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་ཀྱི་ཞན་ཆ་གསབ་ཚད་ཇེ་མགྱོགས་སུ་གཏོང་དགོས་པ་དང་། ནུས་ཁུངས་དང་གཏེར་ཐོན་གལ་ཆེན་སོགས་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་མཁོ་སྤྲོད་ཀྱི་འགན་སྲུང་ནུས་པ་མཐོར་འདེགས་བཏང་སྟེ། ཐོན་ལས་སྦྲེལ་ཐག་གི་རང་བརྟེན་ཚོད་འཛིན་ཐུབ་པ་དང་། བདེ་འཇགས་དང་ལས་ཆོད་ཆེ་བ་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་དགོས། མ་འོངས་པའི་འཕེལ་རྒྱས་ལ་རྒྱང་ལྟ་བྱེད་དགོས་ན། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་དང་ཐོན་ལས་རིམ་སྤོར་ཁ་ཕྱོགས་ཁོང་དུ་ཆུད་པར་བྱས་ཏེ། དུས་རབས་གསར་པའི་ཆ་འཕྲིན་ལག་རྩལ་དང་། མིས་བཟོས་རིག་ནུས། སྐྱེ་དངོས་ལག་རྩལ། ནུས་ཁུངས་གསར་པ། རྒྱུ་ཆ་གསར་པ། རྩེར་སོན་སྒྲིག་ཆས། ལྗང་མདོག་ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་སུ་འཕར་བའི་སྒུལ་ཤུགས་གསར་པ་གཏོད་དགོས། ཇུས་འགོད་དང་། ཆེད་དབང་། ཚོང་རྟགས་གྲགས་ཅན། དངོས་ཟོག་འགྲེམས་སྤེལ། བཅའ་ཁྲིམས། དངུལ་རྩ་སོགས་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་དགོས་ན། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་དང་དེང་རབས་ཀྱི་ཞིང་ལས་མཉམ་འདྲེས་འཕེལ་རྒྱས་བཏང་བ་བརྒྱུད་དེ་ཐོན་ལས་མ་ལག་གི་སྤྱི་ཡོངས་ཀྱི་སྤུས་ཚད་དང་ལས་ཆོད་མཐོར་འདེགས་བཏང་ནས་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།