སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས། གཞི་གྲངས་དཔལ་འབྱོར་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་གཏོང་དགོས”ཞེས་བསྟན་ཡོད། ཆ་འཕྲིན་ལག་རྩལ་རབས་གསར་པ་དང་ཐོན་ལས་སོ་སོ་ཟུང་འབྲེལ་བྱས་ནས་གཞི་གྲངས་ཅན་གྱི་ཐོན་སྐྱེད་ནུས་ཤུགས་དང་གཞི་གྲངས་དཔལ་འབྱོར་གྲུབ་ཐུབ་པ་བྱ་རྒྱུ་ནི་དེང་རབས་དཔལ་འབྱོར་མ་ལག་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་གལ་ཆེན་ཞིག་རེད། གཞི་གྲངས་ཆེན་མོ་དང་སྤྲིན་རྩིས། མིས་བཟོས་རིག་ནུས་སོགས་དུས་རབས་གསར་པའི་གཞི་གྲངས་ལག་རྩལ་ནི་དེང་རབས་གསར་གཏོད་ཁྲོད་དར་ཁྱབ་ཆེ་ཤོས་དང་བཀོལ་སྤྱོད་བྱེད་རྒྱ་ཆེ་བ། སྐུལ་ཁྲིད་ཀྱི་ནུས་པ་ཆེ་བ་བཅས་ཀྱི་ཚན་རྩལ་ཁྱབ་ཁོངས་ཤིག་ཡིན་པས། ཐོན་ལས་འཕེལ་རྒྱས་དང་རྒྱུན་ལྡན་གྱི་འཚོ་བ། སྤྱི་ཚོགས་བཅོས་སྐྱོང་བཅས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། གཞི་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོ་དེ་ངལ་རྩོལ་ནུས་ཤུགས་དང་མ་རྩ། ས་ཞིང་། ལག་རྩལ། དོ་དམ་སོགས་ཕུད་པའི་ཆེས་སྔོན་ཐོན་དང་ཆེས་དར་ཁྱབ་ཆེ་བའི་ཐོན་སྐྱེད་རྒྱུ་ཆ་གསར་པར་འགྱུར་བཞིན་ཡོད་པ་དང་། ཐོན་སྐྱེད་ཀྱི་གྲུབ་ཆ་གཙོ་བོ་དང་ཐོན་སྐྱེད་བྱ་ཡུལ། ཐོན་སྐྱེད་ཡོ་བྱད། ཐོན་སྐྱེད་བྱེད་སྟངས་བཅས་ཀྱི་ཐད་དངོས་ཕུང་དཔལ་འབྱོར་ལ་འགྱུར་ལྡོག་ཟབ་མོ་ཡོང་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། གཞི་གྲངས་ཅན་གྱི་ཕྱོགས་སྒྱུར་དེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་ཞིག་ཏུ་གྱུར་ཡོད། འཛམ་གླིང་གི་རྒྱལ་ཁབ་གཙོ་བོ་ཚང་མས་གཞི་གྲངས་ཅན་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་སུ་བརྩིས་ནས་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། གྲངས་ཀའི་ལག་རྩལ་དང་ཚད་གཞི། སྒྲིག་ལམ། གཞི་གྲངས་བཅས་ལ་དམིགས་པའི་རྒྱལ་སྤྱིའི་འགྲན་རྩོད་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་པས། རྒྱལ་ཁབ་ཀྱི་མ་འོངས་པའི་འཕེལ་རྒྱས་ཀྱི་སྦས་ཤུགས་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་ཤུགས་ཐག་གཅོད་བྱེད་པའི་ཁྱབ་ཁོངས་གལ་ཆེན་ཞིག་ཏུ་གྱུར་ཡོད།
རང་རྒྱལ་གྱི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་བསལ་གྱི་ལེགས་ཆ་ལྡན་པ་དང་ཐོབ་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་དང་འཕྲད་ཡོད། རང་རྒྱལ་ལ་མི་གྲངས་དུང་ཕྱུར་14ལྷག་ཡོད་པ་དང་། དྲ་དམངས་ཀྱི་གཞི་ཁྱོན་དུང་ཕྱུར་བཅུ་དང་བྱེ་བ་གསུམ་ས་ཡ་གཉིས་ཟིན་ནས་འཛམ་གླིང་སྟེང་གི་འཐུས་སྒོ་ཚང་ཤོས་ཀྱི་ཐོན་ལས་མ་ལག་ཡོད་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་དང་དངོས་ཟོག་ཕྱིར་གཏོང་གི་གཞི་ཁྱོན་སོགས་དཔལ་འབྱོར་དམིགས་ཚད་གལ་ཆེན་ཚང་མ་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད། མི་ཤུགས་ཐོན་ཁུངས་ཕུན་སུམ་ཚོགས་ལ་བྱང་ཚད་ཀྱང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ལ། གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་ར་ལས་བྱུང་བའི་གཞི་ཁྱོན་ཆེ་བའི་འཛད་སྤྱོད་བྱེད་མཁན་དང་ཕུན་སུམ་ཚོགས་པའི་བཀོལ་སྤྱོད་རྣམ་པ་ལས་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ཆ་རྐྱེན་འདོན་སྤྲོད་བྱས་ཡོད། རང་རྒྱལ་གྱི་ཆ་འཕྲིན་འཕྲིན་གཏོང་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་བྱུང་བ་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཅུང་དྲག་པོ་ཡོད་པས། གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་དང་ནུས་པ་སྔོན་ཐོན་གྱི་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་མ་ལག་བསྐྲུན་ནས་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་དངོས་པོའི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་འགྲོ་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་པ་དང་།ཐོན་ལས་རིམ་སྤོར་དང་འཛད་སྤྱོད་རིམ་སྤོར་གྱིས་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ལ་དགོས་མཁོ་ཧ་ཅང་ཆེན་པོ་ཐོན་ཡོད། རང་རྒྱལ་ལ་གྲངས་ཀའི་ལག་རྩལ་ལྟེ་བར་བྱེད་པའི་ཚན་རྩལ་དང་ཐོན་ལས་འཕོ་འགྱུར་གྱི་ལོ་རྒྱུས་གོ་སྐབས་རབས་གསར་པ་དང་། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། གཞི་གྲངས་དཔལ་འབྱོར་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་གཏོང་བ། ཆ་འཕྲིན་ཅན་ལ་བརྟེན་ནས་འགུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ། འགུལ་ནུས་གསར་པར་བརྟེན་ནས་འཕེལ་རྒྱས་གསར་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆ་རྐྱེན་དང་ནུས་པ་ཡོད་པས། མ་འོངས་པར་སྣེ་ཁྲིད་བྱེད་པའི་འཕེལ་རྒྱས་ཀྱི་ཁྱད་སྟོབས་གསར་བ་ཞིག་ཆགས་ཡོད།
གཞི་གྲངས་ཅན་གྱིས་ནུས་ལྡན་ངང་ཐོན་སྐྱེད་དང་ཞབས་ཞུའི་མ་ལག་རིག་ནུས་ཅན་གྱི་རིམ་སྤོར་ལ་སྣེ་ཁྲིད་ཐུབ་པ་དང་། ཐོན་ལས་སྦྲེལ་ཐག་གི་རིན་ཐང་སྦྲེལ་ཐག་སྣུར་སྲིང་དང་རྒྱ་བསྐྱེད་ལ་སྐུལ་འདེད་གཏོང་བ། མཉམ་འདྲེས་འཕེལ་རྒྱས་ཡོང་བ་བཅས་བྱ་རྒྱུ་ནི་དངོས་ཕུང་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་བྱེད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་རེད། རང་རྒྱལ་གྱི་དངོས་ཕུང་དཔལ་འབྱོར་གྱི་གཞི་ཁྱོན་ཆེ་བ་དང་སྣ་ཁ་འཛོམས་མོད། འོན་ཀྱང་མཁོ་སྤྲོད་ཀྱི་གྲུབ་ཆ་དང་ལས་ཕྱོད་དེ་དགོས་མཁོ་དང་མི་འཚམ་པར་རིམ་སྤོར་གྱི་གནད་དོན་ད་དུང་འབུར་ཐོན་ཡིན་པས། གཞི་གྲངས་ཅན་ལ་བརྟེན་ནས་ཐོན་སྐྱེད་བཟོ་སྐྲུན་ལ་སྐུལ་ཁྲིད་དང་བྲིན་ཚོང་ཁག་བགོས་བྱས་རྗེས་སོགས་ཀྱི་རིམ་པ་ཕྱོགས་ཡོངས་ནས་ཇེ་ལེགས་དང་རིམ་སྤོར་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རའི་དགོས་མཁོ་སྐོང་ནུས་ཆེ་རུ་གཏོང་རྒྱུར་དགོས་གལ་ཆེན་པོ་ཡོད། གཞི་གྲངས་ཁྱབ་ཁོངས་ཀྱི་ལག་རྩལ་གསར་པ་དང་ལས་རྣམ་གསར་པ། རྣམ་པ་གསར་པ་བཅས་ངེས་པར་དུ་ཁྱབ་གདལ་མགྱོགས་པོ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་གཞི་གྲངས་ཅན་གྱི་ལེགས་སྒྲིག་རིམ་སྤོར་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། གཞི་གྲངས་དཔལ་འབྱོར་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་ཟབ་མོ་ཡོང་བར་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་གཏོད་པ་བཅས་བྱས་ནས། གཞི་གྲངས་ཅན་གྱི་ཕྱོགས་སྒྱུར་ལ་བརྟེན་ནས་དངོས་ཕུང་དཔལ་འབྱོར་གྱི་སྤུས་ཚད་འཕོ་འགྱུར་དང་ལས་ཕྱོད་འཕོ་འགྱུར། སྒུལ་ཤུགས་འཕོ་འགྱུར། ཐོན་སྐྱེད་བྱེད་སྟངས་འཕོ་འགྱུར་བཅས་ལ་སྐུལ་འདེད་གཏོང་དགོས། གཞི་གྲངས་ལག་རྩལ་གྱི་རྨང་གཞིའི་ཞིབ་འཇུག་གསར་སྤེལ་ནུས་པ་ཆེ་རུ་གཏོང་བ་དང་། གཞི་གྲངས་ཁྱབ་ཁོངས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་གཞན་དབང་དུ་ཚུད་པའི་གནད་དོན་ཐག་གཅོད་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ། དུས་རབས་གསར་པའི་གཞི་གྲངས་ལག་རྩལ་ཐོན་ལས་ཀྱི་ཁྱབ་ཚུལ་ལ་ཤུགས་སྣོན་བྱེད་པ། མ་འོངས་འགྲན་རྩོད་ཀྱི་མཐོ་གནོན་བཙན་ས་བརྩོན་ལེན་བཅས་བྱེད་དགོས། གསར་དར་གཞི་གྲངས་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། འཕྲིན་གཏོང་སྒྲིག་ཆས་དང་ལྟེ་བའི་གློག་རྡུལ་ལྷུ་ལག འགག་རྩའི་མཉེན་ཆས་སོགས་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། སྤོ་སྒུལ་འཕྲིན་གཏོང་དང་གཞི་གྲངས་ལྟེ་གནས་སོགས་གཞི་གྲངས་ཀྱི་རྨང་གཞིའི་སྒྲིག་བཀོད་རབས་གསར་པ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། གཞི་གྲངས་ཐག་གཅོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཆ་འཕྲིན་ཕན་ནུས་ཆེ་བའི་འབྲེལ་མཐུད་དང་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱ་དགོས། ཐོན་ལས་གཞི་གྲངས་ཅན་དུ་འགྱུར་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། གཞི་གྲངས་ནུས་སྤྲོད་ཀྱི་ཐོན་ལས་སྦྲེལ་ཐག་ཚང་མ་མཐུན་སྦྱོར་ངང་རིགས་བསྒྱུར་ཡོང་བར་སྐུལ་འདེད་གཏོང་བ། བཟོ་ལས་དྲ་སྦྲེལ་དང་དངོས་ཟོག་དྲ་སྦྲེལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། ཞབས་ཞུའི་ལས་རིགས་གཞི་གྲངས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་དང་དོ་དམ་ཞབས་ཞུ་གཞི་གྲངས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་བ་བཅས་བྱ་དགོས། རང་རྒྱལ་གྱི་ཁྲོམ་རའི་གཞི་ཁྱོན་དང་མི་ཤུགས་ཐོན་ཁུངས། དངུལ་རྩའི་མ་ལག་བཅས་ཀྱི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། ཁྲོམ་རའི་རྐྱེན་སྲོལ་དང་ཁེ་ལས་ཀྱི་གཙོ་ཤུགས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གཞི་གྲངས་ཁེ་ལས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བཅས་བྱས་ནས། རྒྱལ་སྤྱིའི་འགྲན་རྩོད་བྱེད་ནུས་ལྡན་པའི་གཞི་གྲངས་ཐོན་ལས་ཚོགས་པ་བསྐྲུན་དགོས། གཞི་གྲངས་ཀྱི་རྨང་གཞིའི་ལམ་ལུགས་མ་ལག་མགྱོགས་མྱུར་སྒོས་འཛུགས་པ་དང་། གཞི་གྲངས་ཀྱི་ཐོན་དབང་དང་ཉོ་འཚོང་། ལྟ་སྐུལ་དོ་དམ་སོགས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ལས་སྟེགས་ཀྱི་དཔལ་འབྱོར་ཚད་ལྡན་དང་སྐྱོན་བྲལ། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། གཞི་གྲངས་དཔལ་འབྱོར་གྱི་རྒྱལ་སྤྱིའི་མཉམ་ལས་ཟབ་སྤེལ་དང་། གཞི་གྲངས་འཁོར་རྒྱུག་དང་གཞི་གྲངས་དངུལ་ལོར། གཞི་གྲངས་དཔྱ་ཁྲལ་སོགས་རྒྱལ་སྤྱིའི་སྒྲིག་སྲོལ་གཏན་འབེབས་བྱེད་པའི་ཁྲོད་ཧུར་ཐག་གིས་ཞུགས་དགོས། གཞི་གྲངས་དཔལ་འབྱོར་དང་གཞི་གྲངས་སྤྱི་ཚོགས། གཞི་གྲངས་སྲིད་གཞུང་བཅས་འཛུགས་སྐྲུན་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ། གཞི་གྲངས་ཅན་གྱི་ཐོག་ནས་དམངས་ཚིས་ཇེ་ལེགས་སུ་གཏོང་བ་དང་བཅོས་སྐྱོང་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གཞི་གྲངས་བདེ་འཇགས་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་དགོས། དམངས་ཡོངས་ཀྱི་གཞི་གྲངས་བྱང་ཚད་མཐོ་རུ་བཏང་སྟེ་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།