ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན།
2023.02.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 23

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་སྐོར་གླེང་བ།

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་ཞེས་ནན་གྱིས་བསྟན་ཡོད། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དུ་གསར་དུ་ཞུགས་པའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོ་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་།   ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་ཚོགས་འགོ་རྩོམ་པའི་མཛད་སྒོའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཀྱི་ཏང་གི་འགོ་ཁྲིད་གོ་གནས་རྒྱས་བཤད་གཏིང་ཟབ་གནང་ནས། “ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བའི་ཁ་ཕྱོགས་དང་། མདུན་ལམ་དང་ལས་དབང་།    མཐར་གཏུག་གི་རྒྱལ་ཕམ་བཅས་དང་ཐད་ཀར་འབྲེལ་བ་ཡོད”ཅེས་གསུངས་པ་རེད།

ལོ་ངོ་བརྒྱའི་ལོ་རྒྱུས་ལ་ཕྱིར་བལྟ་བྱས་ཚེ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་བྱེད་པའི་ལས་འགན་ལྗིད་མོ་ཕྲག་ཏུ་འཁུར་ཡོད་པ་དང་། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་འཐབ་ལྷོད་མེད་བྱས་ནས་ཉེ་རབས་ནས་བཟུང་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་དང་འཕེལ་རིམ་ལ་འགྱུར་ལྡོག་གཏིང་ཟབ་བཏང་བ་དང་།  ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་འགྱུར་ལྡོག་གཏིང་ཟབ་བཏང་བ། འཛམ་གླིང་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་གནས་སྟངས་ལ་འགྱུར་ལྡོག་གཏིང་ཟབ་བཏང་བ་བཅས་བྱས་ཡོད། ཀྲུང་ཧྭའི་ཤེས་རིག་གི་ལོ་ངོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ལ་རྒྱང་ལྟ་བྱས་ཚེ། ཀྲུང་གོ་གུང་ཁྲན་ཏང་ལྟ་བུའི་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་བརྒྱུད་རིམ་ལ་གཏིང་ཟབ་ཅིང་ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བའི་ཆབ་སྲིད་སྟོབས་ཤུགས་གཅིག་ཀྱང་མེད།   ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ང་ཚོའི་རྒྱལ་ཁབ་ཀྱིས་གཞི་ནས་དབུལ་ཕོངས་ཉམས་ཞན་གྱི་རྣམ་པ་རྩ་བ་ནས་བསྒྱུར་ཏེ། དེང་རབས་ཅན་གྱི་དམིགས་འབེན་ཕྱོགས་སུ་བསྐྱོད་པ་དང་།  ང་ཚོའི་མི་རིགས་འདི་གཞི་ནས་ཉམས་རྒུད་དུ་འགྲོ་བའི་ཁྲོད་ནས་དཔའ་ངར་ཆེར་བསྐྱེད་ཀྱིས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འབར་བའི་མདུན་ལྗོངས་བསུས་པ། ང་ཚོའི་མི་དམངས་གཞི་ནས་བཤུ་གཞོག་དང་གཉའ་གནོན་མྱོང་བའི་གནས་ལས་ཐར་ཏེ།  རང་ཉིད་ཀྱི་ལས་དབང་དངོས་གནས་སྟངས་འཛིན་བྱེད་ཐུབ་པ་བཅས་བྱུང་ཡོད།  ལོ་རྒྱུས་དང་ལག་ལེན་གྱི་ཐོག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་གྲུབ་འབྲས་གལ་ཆེན་ནི་ང་ཚོའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་དེ་ཡུན་རིང་འཚོལ་ཞིབ་དང་ལག་ལེན་བྱས་ནས་ཐོབ་པ་ཞིག་ཡིན་པ་དང་། དཀའ་སྡུག་ཚད་མེད་མྱངས་བ་དང་རིན་དོད་ཧ་ཅང་ཆེན་པོ་བཏང་བ་ཞིག་ཡིན་པ་གང་ལེགས་སྒོས་མཚོན་ཡོད། ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བདམས་པ་དང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྱང་ལོ་རྒྱུས་དང་མི་དམངས་ཀྱི་གདམ་ག་ཆུད་ཟོས་སུ་བཏང་མེད།

ཀྲུང་གོ་གུང་ཁྲན་ཏང་ནི་ཆབ་སྲིད་ཀྱི་འགོ་ཁྲིད་སྟོབས་ཤུགས་ཆེ་ཤོས་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་བ་གནས་ས་དང་སྲོག་རྩ་གནས་ས་ཡིན་ལ།  རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་ལས་དབང་དང་འབྲེལ་བ་ཡོད། ཏང་གི་ངོ་བོ་དང་དམིགས་འབེན།  ཐོག་མའི་འགན་འཁྲི།  དད་མོས་དང་དད་སེམས། སྲིད་ཇུས་ཀྱི་འདོད་བློ་བཅས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་པ་ལས་དེང་རབས་ཅན་གཞན་གང་ཡང་མིན་པ་གཏན་འཁེལ་བྱས་ཡོད།  ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱས་པ། ཀྲུང་གོའི་ཁྱད་ཆོས་དང་དུས་རབས་ཀྱི་ནང་དོན་མངོན་གསལ་ཡང་རྒྱུན་ཆད་མེད་པར་བསྣན་ཡོད།  བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ་དང་།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཡང་དག་པའི་འགྲོ་ལམ་ཐོག་བདེ་བླག་ངང་སྐུལ་སྤེལ་བྱེད་པར་འགན་ལེན་ཏན་ཏིག་བྱས་ཡོད། ང་ཚོའི་ཏང་གིས་མར་ཁེ་སིའི་རིང་ལུགས་རྩ་བའི་མཛུབ་སྟོན་བསམ་བློར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་བྱེད་ཚད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ་དང་། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཡུལ་ཁམས་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱས་ཡོད། ང་ཚོའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་ལམ་ལུགས་དང་། གཞི་རྩའི་ལམ་ལུགས། གལ་ཆེའི་ལམ་ལུགས་བཅས་འདུས་པའི་ལམ་ལུགས་མ་ལག་ཆ་ཚང་ཞིག་ཆགས་པར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་བརླིང་ངང་མདུན་སྐྱོད་བྱེད་པར་སྲ་ཞིང་བརྟན་པའི་ལམ་ལུགས་ཀྱི་འགན་ལེན་འདོན་སྤྲོད་བྱས་ཡོད། ང་ཚོའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། མི་རིགས་ཡོངས་ཀྱི་རིག་གནས་གསར་སྐྲུན་དང་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བསམ་པའི་སྟོབས་ཤུགས་ཆེན་པོ་འདོན་སྤྲོད་བྱས་ཡོད། དེ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་གནང་བ་ལྟར།  “ཏང་གི་འགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བའི་ངོ་བོ་ཐག་གཅོད་བྱེད་ཀྱིན་ཡོད་ཅིང་། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གཞི་ནས་མདུན་ལྗོངས་འོད་སྟོང་འབར་བ་དང་དར་རྒྱས་གོང་འཕེལ་ཡོང་ཐུབ། དེ་འདྲ་མིན་ཚེ་ཁ་ཕྱོགས་ནོར་བ་དང་། བླ་སྲོག་ཤོར་སྲིད་ལ། ཐ་ན་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་ཡང་འབྱུང་ངེས་རེད།”

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་གསལ་པོར་བཏོན་ཡོད་ཅིང་།  དེའི་ནང་གི་གཙོ་བོ་ནི“ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ”དེ་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་ངེས་པར་དུ་སྟངས་འཛིན་ནན་མོ་བྱ་དགོས་པའི་རྩ་དོན་གལ་ཆེན་གསལ་པོར་བཏོན་པ་དང་།  དོན་ཚན་དང་པོ་ནི“ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱེད་རྒྱུ”དེ་རེད།   ལོ་ངོ་བརྒྱ་ལྷག་གི་རིང་ལ་ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་འཐབ་བྱས་པ་མཐའ་དག་ནི་རང་རྒྱལ་འདི་ཉིད་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཆེད་དུ་ཡིན་པ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱ་དགོས།  གནས་བབ་དང་ལས་འགན་ལ་འགྱུར་ལྡོག་ཇི་ལྟར་བྱུང་བའམ། ཡང་ན་རྦ་རླབས་འཇིགས་སུ་རུང་བ་གང་འདྲ་ཞིག་ལ་ཐུག་ཀྱང་རུང་། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་དང་འབད་འཐབ་དམིགས་འབེན་གཏན་འཁེལ་བྱས་ཏེ། ཡང་དག་པའི་ཁ་ཕྱོགས་དེད་ནས་བློ་བརྟན་འགྱུར་མེད་སྒོས་མདུན་དུ་བསྐྱོད་པ་དང་།   མི་རབས་ནས་མི་རབས་བར་གཅིག་རྗེས་གཉིས་མཐུད་ཀྱིས་སྐུལ་འདེད་བཏང་བས། འཛམ་གླིང་ཡོངས་ཀྱིས་བརྩི་མཐོང་བྱེད་པ་དང་ལོ་རྒྱུས་དེབ་ཐེར་དུ་འགོད་པའི་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་ཡོད།    ཏང་གི་འགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུའི་ཐོག་འབད་འཐབ་དམིགས་འབེན་གཏན་འཁེལ་དང་བརྟན་བརླིང་ངང་རྒྱང་རིང་གི་ཕྱོགས་སུ་བསྐྱོད་རྒྱུའི་འགན་ལེན་བྱས་ཡོད།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་སྔར་བྱུང་མ་མྱོང་བའི་གསར་གཏོད་རང་བཞིན་གྱི་བྱ་གཞག་ཅིག་ཡིན་པས་ང་ཚོས་འཚོལ་ཞིབ་དང་གསར་གཏོད་བྱེད་དགོས་པའི་ངོས་འཛིན་གཏིང་ཟབ་བྱེད་དགོས། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་བཅོས་སྒྱུར་དང་གསར་སྐྲུན་བྱེད་ཕོད་པ་དང་། ཕྱོགས་གང་ཅིའི་ཐད་ཀྱི་སྒྲིག་སྲོལ་དང་རྐྱེན་སྲོལ་གྱི་སྐྱོན་ཆ་རྒྱུན་ཆད་མེད་པར་སེལ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་ཐད་འཛད་མཐའ་མེད་པའི་སྒུལ་ཤུགས་བསྣན་ཡོད་པ་ལག་ལེན་ལས་ར་སྤྲོད་གང་ལེགས་བྱས་ཡོད།  ཏང་གི་འགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་ཆེན་པོ་འཕེལ་བར་བྱས་ཡོད། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པ་དང་། མཐུན་སྒྲིལ་བྱས་ན་གཞི་ནས་རྒྱལ་ཁ་ལེན་ཐུབ་པའི་ངོས་འཛིན་གཏིང་ཟབ་བྱེད་དགོས།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་མི་དམངས་དུང་ཕྱུར་མང་པོའི་གསར་གཏོད་ཀྱི་སྟོབས་ཤུགས་ཆེན་པོ་འདོན་སྤེལ་གང་ལེགས་བྱེད་དགོས། ང་ཚོའི་ཏང་གིས་སྔ་ཕྱི་བར་གསུམ་དུ་ཏང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། མི་དམངས་ཡོངས་ཀྱི་བདག་པོའི་སྙིང་སྟོབས་འཕེལ་བ་བཅས་བྱེད་བཞིན་ཡོད་པ་ལག་ལེན་ལས་ར་སྤྲོད་གང་ལེགས་བྱས་ཡོད། ཏང་གི་འགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གོང་བུར་འགྲིལ་ཡོད། མདུན་སྐྱོད་ཀྱི་ལམ་བུའི་སྟེང་། བློ་བརྟན་འགྱུར་མེད་སྒོས་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ། ཏང་ཀྲུང་དབྱང་གི་དབང་ཐང་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་གི་འགོ་ཁྲིད་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོ། བརྒྱུད་རིམ་སོ་སོ་བཅས་སུ་དོན་འཁྱོལ་བྱས་ནས། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཆར་རླུང་གི་འཇབ་རྒོལ་ཐེབས་སྐབས་མི་དམངས་ཡོངས་ཀྱི་བློས་འགེལ་ཆོག་པའི་སྲོག་ཤིང་དུ་འགྱུར་བར་བྱས་ན།  རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁ་ཕྱོགས་ཡང་དག་པ་འགན་ལེན་ཏན་ཏིག་དང་། མཐུན་སྒྲིལ་འབད་འཐབ་བྱེད་པའི་ཆབ་སྲིད་ཀྱི་གོང་བུར་འགྲིལ་ཤུགས་དང་འཕེལ་རྒྱས་གཏོང་བའི་རང་རྟོན་འགན་ལེན་ཏན་ཏིག་བྱས་ཏེ། མི་ཁྲི་སེམས་གཅིག་དང་དུས་ངལ་མཉམ་སེལ་གྱི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གཅིག་ཏུ་འགྲིལ་ཐུབ་ངེས་ཡིན་པ་ལག་ལེན་ལས་ར་སྤྲོད་གང་ལེགས་བྱས་ཡོད།

འདས་སོང་གི་འབད་འཐབ་ལམ་བུར་ཕྱིར་བལྟ་བྱས་ཚེ།  ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བཅས་ལ་རླབས་ཆེན་རྒྱལ་ཁ་བླངས་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་བཏོད་པ་རེད།  མདུན་ཕྱོགས་ཀྱི་འབད་འབུངས་ཡར་བརྩོན་གྱི་ལམ་བུར་རྒྱང་ལྟ་བྱས་ཚེ།  སྐྱོད་ལམ་གསར་པ་ནི་གཟི་བརྗིད་དང་ཕུགས་འདུན་གྱིས་ཁེངས་པའི་རྒྱང་སྐྱོད་ཅིག་ཡིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་པ་མ་ཟད། འབད་འབུངས་ཡར་བརྩོན་གྱི་སྐྱོད་ལམ་གསར་པའི་དུས་རབས་ཀྱི་དུང་བརྡ་ཡང་བཏང་ཡོད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་འགག་རྩ་ནི་ཏང་ལ་ཐུག་ཡོད། དམིགས་འབེན་གསར་པའི་ཕྱོགས་སུ་སྙིང་རུས་ཆེར་བསྐྱེད་ཀྱིས་སླར་ཡང་མདུན་སྐྱོད་བྱས་ཏེ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ནས།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་།   “གཏན་ཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ།  “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ།  ལོ་རྒྱུས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་གཏོང་བ།  བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་འདོན་པ་བཅས་བྱས་ནས།  བརྩོན་པའི་རྒྱུན་མ་ལྷོད་པར་གཏན་འཁེལ་དམིགས་འབེན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཡང་དག་པའི་འགྲོ་ལམ་སྟེང་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་དགོས།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།