ཐོག་མའི་བསམ་འདུན་མི་བརྗེད་པར། བགྲོད་ལམ་གསར་པར་འབད་པས་སྙེག
2023.02.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

—2022ལོའི་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཕྱོགས་བསྡུས་གནས་ཚུལ།

2022ལོར་ཕྱིར་བལྟ་བྱས་ན། དེ་ནི་སྤྱིར་བཏང་གི་ལོ་ཞིག་གཏན་ནས་མིན།

ལོ་དེར། ཀྲུང་གུང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་འཆར་གཞི་རི་མོ་བཀོད་ལ། ལོ་དེ་ནི། ཀྲུང་གོ་གུང་ཁྲན་ཏང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་ཁ་གསལ་དུ་བཏོན་ནས་ལོ་འཁོར100ལོན་པའི་ལོ་ཡིན་པ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་ཀྱིས་གཅིག་གྱུར་འཐབ་ཕྱོགས་བྱ་བར་སྔར་ལས་མཐོ་བའི་བླང་བྱ་གསར་པ་བཏོན།

ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱིས་ཀྲུང་གུང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་གཏིང་ཟབ་ཀྱིས་ལག་ལེན་མཐར་ཕྱིན་བྱས་ཤིང་། ཕྱོགས་ཡོངས་ནས《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག》དོན་འཁྱོལ་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་གྱི་དགེ་མཚན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། ཁྱབ་ཁོངས་སོ་སོའི་འཐབ་ཕྱོགས་གཅིག་གྱུར་བྱ་བར་འཕེལ་རྒྱས་གསར་པ་དང་རྣམ་པ་གསར་པ་ཐོན་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་འཐབ་ཕྱོགས་གཅིག་གྱུར་གྱི་སྟོབས་ཤུགས་བཏོན་ཅིང་འཐབ་ཕྱོགས་གཅིག་གྱུར་གྱི་བྱས་རྗེས་བཞག

བླ་སྲོག་གསོ་སྐྱོང་གིས་ཐུན་མོང་གི་བསམ་བློའི་རྩ་བ་སྔར་ལས་སྲ་བརྟན་དུ་བཏང་།

ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱིས་བསམ་བློའི་ཆབ་སྲིད་ཀྱི་དཔེ་སྟོན་ནུས་པ་ཇེ་དྲག་ཏུ་གཏོང་བ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ཤིང་། ཀྲུང་གུང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས། ཀྲུང་གུང་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་སོགས་ཀྱི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། རྒྱུན་ཆད་མེད་པར་ཏང་གི་གསར་གཏོད་གཞུང་ལུགས་སྤྱད་ནས་སེམས་སྒྲིལ་ཡར་སྐྱེད་བྱས་པ་དང་། མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློའི་རྩ་བ་སྔར་ལས་སྲ་བརྟན་དུ་བཏང་ལ། སྐྱོད་ལམ་གསར་པར་ཧུར་ཐག་གིས་བསྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་བསམ་འདུན་སྔར་ལས་ཆེ་བ་ཐོན་པར་བྱས།

ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་དུས་ཐོག་ཏུ་ཀྲུང་གུང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཏང་ཕྱིའི་མི་སྣར་སྒྲོག་པའི་བརྡ་ཁྱབ་ཚོགས་འདུ་དང་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། “བློ་སེམས་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲངས་པ་དང་ལག་རྡང་མཉམ་སྦྲེལ་གྱིས་བགྲོད་ལམ་གསར་པར་བསྐྱོད་པ།” “སྒྲོན་འོད་བྱ་སྤྱོད”སོགས་ཀྱི་བརྗོད་དོན་སློབ་གསོ་དང་སྤྱི་ཚོགས་ཞབས་ཞུའི་བྱ་འགུལ་སྤེལ་ཏེ། ཀྲུང་གུང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཏང་ཁག་དང་ཚོང་ཚོགས། དགོན་པ། ཕྱི་སྡོད་པ།སྤྱི་ཚོགས་ཀྱི་ལས་རིགས་ཁག རིགས་སོ་སོའི་མང་ཚོགས་དང་ཆོས་ལུགས་སློབ་གླིང་བཅས་སུ་བསྐྱོད་པར་སྐུལ་འདེད་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་སུ་ཀྲུང་གུང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱེད་པའི་ཚ་རླབས་ཤིག་བསླངས། སློབ་སྦྱོང་བརྗེ་རེས་ཚོགས་འདུ་རེ་རེ་དང་བརྗོད་དོན་བྱ་འགུལ་རེ་རེ་བརྒྱུད། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་གྱི་ཚོགས་མི་རྣམས་ལ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་དུ་བཅུག་པ་དང་། “རང་རྟོན་བཞི”ཇེ་དྲག་དང“སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བྱས་ཏེ། ཧུར་ཐག་གིས་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་ཞུགས་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་ལས་ཇེ་དྲག་ཏུ་བཏང་།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཤིང་། 《དུས་རབས་གསར་པའི་མཚོ་སྔོན་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར》པར་འགྲེམ་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་བྱ་བར་བཀོད་སྒྲིག་བྱས། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་བྱ་བའི་རྣམ་པ་བསྐྲུན་པར་ཤུགས་བསྣན་པ་དང་། འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་ཕྱོགས་ཡོངས་ལ་སྤྱི་འདོམས་དང་ཕྱོགས་སོ་སོ་མཐུན་སྦྱོར་བྱེད་པའི་བྱེད་ནུས་འདོན་སྤེལ་བྱས་ཏེ། སྔ་ཕྱིར་གྲོས་ཚོགས་ཐེངས་བཅུ་གཅིག་བསྡུས་ནས་ལྟ་སྐུལ་སློབ་སྟོན་དང་བཀོད་གཏོང་བྱས་པར་མ་ཟད་བརྟག་དཔྱད་ཞིབ་འཇུག་ནན་མོ་བྱས་ལ། འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་དང་རྐྱེན་ངན་སེལ་ཐབས་ལ་ཞིབ་འཇུག་བྱས་ནས་བྱེད་ཐབས་འགའ་གཏན་འབེབས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འཐབ་ཕྱོགས་གཅིག་གྱུར་གྱི་མཉམ་ཤུགས་མངོན་པར་བྱས།

འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པས་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་མཐོར་འདེགས་བྱས་ཡོད། ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་ཆབ་སྲིད་ལ་བློ་དཀར་བ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་པ་དང་། ཕྱོགས་ཡོངས་ནས“གཏིང་ཟབ་སྒོས་རྒྱུན་སྲིང་བ་དྲུག”དང“ཤུགས་བརྒྱབ་ནས་བཟོ་སྐྲུན་བྱེད་པ་དྲུག”གི་སྤྱོད་ཚུལ་འཛུགས་སྐྲུན་བྱ་འགུལ་སྤེལ་ནས། ལས་ཁུངས་དང་ལས་བྱེད་པའི་སྤྱོད་ཚུལ་མུ་མཐུད་དུ་བསྒྱུར་བ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་རུ་ཁག་གི་བརྩོན་སེམས་ལ་སྔར་ལས་ལྷག་པར་སྐུལ་སློང་བྱས། དེ་དང་ཆབས་ཅིག་འཐབ་ཕྱོགས་གཅིག་གྱུར་གྱི་སྣང་བརྙན་སྟོན་པའི་ཕྱོགས་ནས། ལོ་ཧྲིལ་པོར་ཕྱི་ཕྱོགས་ལ་ཆ་འཕྲིན་སྟོང་གཉིས་དང་ཉིས་བརྒྱ་ལྷག་བསྒྲགས་ཤིང་། “འཕྲིན་སྟེགས་གཉིས་དང་མགྲོན་སྣེ་གཅིག གོང་བཀོད་གསར་འགྱུར་གཅིག”བཅས་ཀྱི་རྡེབ་གྲངས་ཐེངས་ས་ཡ་དྲུག་དང་འབུམ་གསུམ་བརྒལ་བ་དང་། གསར་འགྱུར་བརྒྱ་དང་ཉི་ཤུ་ལྷག་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་ཆོས་ལུགས་ཅུའུ། ཀྲུང་གོ་གསར་འགྱུར་ཚགས་པར། འོད་ཟེར་ཉིན་རེའི་ཚགས་པར། ཀྲུང་གོ་མི་རིགས་ཚགས་པར། ཀྲུང་གོ་ཆོས་ལུགས་དུས་དེབ་སོགས་གཞུང་ཕྱོགས་འཕྲིན་སྟེགས་དང་སྨྱད་བྱད་བཅུ་ལྷག་གིས་ཆེད་བཀོད་བྱས་ཏེ། མཚོ་སྔོན་གྱི་འཐབ་ཕྱོགས་གཅིག་གྱུར་གྱི་ཤན་ཤུགས་དང་ཁྱབ་སྒྲོག་གི་ནུས་པ་མཐོར་འདེགས་བྱས།

བརྗོད་དོན་དམ་འཛིན་དང་དགེ་མཚན་གྱི་ནུས་པ་སྔར་ལས་འདོན་སྤེལ་བྱས།

གོང་འོག་སེམས་གཅིག་ཡོང་ན་རྒྱལ་ཁ་ཐོབ་ལ། སྐྱིད་སྡུག་མཉམ་མྱོང་བྱས་ན་དར་སྤེལ་འབྱུང་། ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱིས་མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོའི་བརྗོད་དོན་ཁོང་དུ་ཆུད་པར་བྱས་ཤིང་། ཧུར་ཐག་གིས་དགེ་མཚན་གྱི་ནུས་པ་འདོན་སྤེལ་བྱས་ཏེ། སྲིད་ཏང་གི་འབྲེལ་བ་དང་མི་རིགས་ཀྱི་འབྲེལ་བ། ཆོས་ལུགས་ཀྱི་འབྲེལ་བ། རིམ་གྲས་ཀྱི་འབྲེལ་བ། ཕྱི་ནང་གི་སྤུན་ཟླའི་འབྲེལ་བ་བཅས་འཆམ་མཐུན་ཡོང་བར་སྐུལ་འདེད་དང་། ཁྱབ་ཁོངས་སོ་སོའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་འཕར་བར་མུ་མཐུད་དུ་སྐུལ་འདེད་བཏང་།

ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལྟར། རྒྱལ་ཡོངས་དམངས་ཆེན་དང་སྲིད་གྲོས་ཀྱི་ཏང་ཕྱིའི་འཐུས་མི་ཨུ་ཡོན་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཕྱིའི་ཨུ་ཡོན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཕྱིའི་རྒྱུན་ལས་ཨུ་ཡོན་དང་ཨུ་ཡོན་གྱི་འོས་མི་འོས་སྦྱོར་དང་མིང་འདོན་པ་ཡོངས་སུ་གྲུབ་ཅིང་། དམངས་གཙོའི་ཏང་ཁག་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་གྱི་སྐབས་བརྗེ་བྱ་བར་ཁྲིད་སྟོན་བྱས་ཏེ་ཡོངས་སུ་གྲུབ། ཏང་ཕྱིའི་ལས་བྱེད་པ་གསོ་སྐྱོང་དང་བེད་སྤྱོད་པར་མཐོང་ཆེན་དང་ཤུགས་བསྣན་པ་དང་། དུས་ཐོག་ཏུ་དམངས་གཙོའི་ཏང་ཁག་སོ་སོ་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་གྱི་སྐབས་གསར་པའི་འགོ་ཁྲིད་པ་རྣམས་ལ་གཅིག་བསྡུས་ཀྱིས་ཟབ་སྦྱོང་བྱས་ཏེ། ཆབ་སྲིད་ཁོང་དུ་ཆུད་ཚད་དང་ཆབ་སྲིད་ལ་ཞུགས་ནས་ཆབ་སྲིད་ལ་གྲོས་མོལ་བྱེད་པ། རྩ་འཛུགས་འགོ་ཁྲིད་དང་། མཉམ་འབྲེལ་མཉམ་ལས་བཅས་ཀྱི་ནུས་པ་སྔར་ལས་ཇེ་དྲག་ཏུ་བཏང་། ཞིང་ཆེན་རིམ་པའི་ཏང་ཕྱིའི་འཐུས་ཚབ་མི་སྣའི་ཆ་འཕྲིན་མཛོད་འཐུས་ཚང་དུ་བཏང་ནས། ཆབ་སྲིད་ཐོག་གི་ཡིད་རྟོན་འཕེལ་ཞིང་ཆེད་ལས་བྱང་ཚད་མཐོ་བ། འཐུས་ཚབ་རང་བཞིན་དང་ཤན་ཤུགས་ཅུང་ལྡན་པའི་ཏང་ཁག་གང་ལའང་མི་གཏོགས་པའི་འཐུས་ཚབ་མི་སྣ་གཙོ་གནད་འཇོན་མིའི་མཛོད་དུ་ཁ་གསབ་བྱས།

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་པ་སྔར་ལས་གཟབ་ནན་དུ་བཏང་། 《ལག་བསྟར་བསམ་འཆར་གྱི་འགན་འཁྲི་ལས་བགོས》དང《རིགས་སོ་སོ་འགྲོ་འོང་བརྗེ་རེས་མཉམ་འདྲེས་ཀྱི་འགུལ་སྐྱོད་བཅུ་ལག་བསྟར་བྱེད་པའི་སྐོར་གྱི་བསམ་འཆར》སོགས་ཚད་ལྡན་གྱི་ཡིག་ཆ་ཞིབ་འཇུག་བྱས་ནས་བཏོན། ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་སྣང་བརྙན་བསྐྲུན་པའི་བཟོ་འགོད་བརྟན་བརླིང་གིས་སྐུལ་འདེད་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྣང་བརྙན་མཚོན་རྟགས་རྒྱ་ཆེར་སྤེལ་ལ། “མཚོ་སྔོན་གྱི་སེ་འབྲུའི”དྲ་རྒྱའི་དྲིལ་སྒྲོག་སྟེགས་བུ་ཕྱེས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗོད་དོན་སྤྱི་གླིང་བཙུགས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་ཟླ་བའི་བྱ་འགུལ་སྤེལ། 《ཀྲུང་ཧྭ་མི་རིགས་ཀྱི་འགྲོ་འོང་བརྗེ་རེས་མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་རྒྱུ་ཆ་ཕྱོགས་བསྒྲིགས་ལས་མཚོ་སྔོན་གྱི་ལེའུ》རྩོམ་སྒྲིག་བྱེད་པའི་བྱ་བ་ཞིང་ཆེན་རིམ་པའི་སྤྱི་ཚོགས་ཚན་རིག་གི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ལས་གཞི་གལ་ཆེན་དུ་བསྡུ་འཆར་བྱས། “སེ་འབྲུའི་ཁྱིམ་གཞིས”ཀྱི་སྡེ་ཁུལ་བརྒྱ་དང་སོ་གསུམ་རྒྱལ་ཁའི་ངང་བསྐྲུན། “རྒྱལ་ཁབ་ཀྱི་སྤྱི་སྐད་དང་རྩལ་ནུས”ཞེས་པའི་ཟབ་སྦྱོང་ལས་གཞི་སྤེལ་བ་དང་། རྒྱ་བོད་ཤན་སྦྱར་གྱི《དེང་རབས་རྒྱ་ཡིག་ཚིག་མཛོད》པར་སྐྲུན་འགྲེམ་སྤེལ་བྱས།

ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་འཕྲོད་པར་སྣེ་ཁྲིད་ཤུགས་སྔར་ལས་གཟབ་ནན་དུ་བཏང་། ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་བྱ་བའི་གྲོས་ཚོགས་བསྡུས་ཤིང་། 《མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པའི་བྱ་བའི་འཆར་འགོད》ཅེས་པ་སྒྲིག་བཟོ་བྱས་ཏེ། རང་ཞིང་གི་ཆོས་ལུགས་ཀྲུང་གོ་ཅན་དང་ཆོས་ལུགས་བྱ་བ་ཁྲིམས་སྐྱོང་ཅན་དུ་བསྒྱུར་བའི་ཆུ་ཚད་མཐོར་འདེགས་སུ་བཏང་། ཆོས་ལུགས་སྡེ་ཁག་གིས་ཕྱོགས་ཡོངས་ནས་ཆོས་ལུགས་ནན་གྱིས་སྐྱོང་བར་རྒྱབ་སྐྱོར་དང་། ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་སྡེ་ཁག་རྩ་འཛུགས་བྱས་ཏེ་རྒྱས་སྤྲོས་མི་བྱེད་པ་དང་གྲོན་ཆུང་འཛིན་པའི་སློབ་གསོའི་བྱ་འགུལ་སྤེལ་བ་དང་། ཆོས་ལུགས་སྡེ་ཁག་ནང་ཁུལ་གྱི་དམངས་གཙོའི་དོ་དམ་ཚད་ལྡན་དུ་བཏང་། ཧུར་ཐག་གིས་སྐབས་དང་པོའི་རྒྱལ་ཡོངས་ཆོས་ལུགས་སྡེ་ཁག་གི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་འོས་སྦྱོར་འདེམས་བསྐོ་བྱེད་པའི་བྱ་བ་ལེགས་པོར་བསྒྲུབས་ཏེ། རང་ཞིང་གི་སྔོན་ཐོན་ཐུན་མོང་ལྔ་དང་སྔོན་ཐོན་མི་སྒེར་ལྔ་དཔེ་མཚོན་དུ་བདམས། སྐོར་གསར་པའི་ཆོས་ལུགས་སློབ་ཁྲིད་མི་སྣའི་ལོ་ལྔ་རེས་སྐོར་གྱི་ཟབ་སྦྱོང་བཟོ་འགོད་ལག་བསྟར་བྱེད་མགོ་བརྩམས།

དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི“མྱུར་ལམ”བསྐྲུན། ཏང་གིས་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བར་སྣེ་ཁྲིད་པར་ཤུགས་བསྣན་ནས། དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་མཐུན་སྦྱོར་ཚན་ཆུང་དང2022ལོའི་མཉམ་འབྲེལ་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ། གནབ་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ལ། ཁེ་ལས་ལ་རོགས་སྐྱོར་དང་དཀའ་ངལ་སེལ་རོགས་ཀྱི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་། མུ་མཐུད་དུ་དམངས་གཉེར་དཔལ་འབྱོར་མི་སྣའི་ཕུགས་བསམ་དད་སེམས་ཀྱི་སློབ་གསོ་ནན་ཏན་སྒོས་སྤེལ།

ཏང་ཕྱིའི་ཤེས་ལྡན་མི་སྣ་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི“ནང་གནས་སྒུལ་ཤུགས”ལ་སྐུལ་སློང་བྱས། ཏང་ཕྱིའི་ཤེས་ལྡན་མི་སྣའི་བསམ་བློའི་གནས་ཚུལ་དང་རྣམ་པ་སྟོན་པའི་རྐྱེན་སྲོལ་བཙུགས་པ་དང་། ཐེག་བྱད་གསར་སྐྲུན་དང་སྟེགས་བུ་ལེགས་འཛུགས་ཀྱིས་མཛའ་འབྲེལ་གྲོགས་སྒྲིག་ལ་ཤུགས་བསྣན་པ་དང་། ཁོ་ཚོས་སོ་སོའི་ལས་རྐང་ནས་བྱས་རྗེས་འཇོག་པར་རྒྱབ་སྐྱོར་དང་སྐུལ་མ་བཏང་། ཏང་ཕྱིའི་ཤེས་ལྡན་མི་སྣ་དང་སྤྱི་ཚོགས་ཀྱི་རིམ་གྲས་མི་སྣར་འབྲེལ་འདྲིས་བརྗེ་རེས་བྱེད་པའི་ཁྱབ་ཁོངས་རྒྱ་བསྐྱེད་དེ། མི་སྣའི་ཆ་འཕྲིན་མཛོད་འཛུགས་པ་དང་འཐུས་ཚང་དུ་བཏང་ལ། ཧུར་ཐག་གིས་ཞིང་ཆེན་ཤེས་ལྡན་མཉམ་འབྲེལ་ཚོགས་པ་དང་ཡོ་རོབ་དང་ཨ་མེ་རི་ཁའི་སློབ་གྲོགས་ཚོགས་པའི་སྐབས་བརྗེའི་གྲ་སྒྲིག་བྱ་བ་དང་མཉམ་འབྲེལ་ཚོགས་པ་གསར་འཛུགས་ཀྱི་བྱ་བ་ལེགས་པོར་བསྒྲུབས།

རྒྱལ་ཕྱིའི་འཐབ་ཕྱོགས་གཅིག་གྱུར་དང་ཕྱི་སྡོད་རང་མིའི་བྱ་བའི“གྲོགས་ཚོམས”རྒྱ་བསྐྱེད། རྒྱལ་ཕྱིའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་རོགས་ལས་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཞིང་ཆེན་གྱི་ཕྱི་སྡོད་རང་མིའི་འཐུས་ཚབ་མི་སྣའི་འབྲེལ་གཏུག་བྱ་བར་ཤུགས་བསྣན། ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི“ཕྱི་འབྲེལ་ཞིང་སྡེ་གསར་པའི་འཕྲོད་བསྟེན་ཁང”བཅོ་ལྔའི་ལས་གཞི་འཛུགས་སྐྲུན་ལ་ཞིབ་བཤེར་རྩིས་ལེན་བྱས་ཏེ། གཞི་རིམ་མང་ཚོགས་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་ལེགས་བཅོས་བྱེད་པར་རོགས་རམ་བྱས། མཚོ་སྔོན་རང་སའི་རྒྱུད་མངས་རོལ་མོ་དེ་ཐེག་བྱད་དུ་བྱས་ནས།《ཕྱི་སྡོད་རང་མིར་བཅངས་པའི་བརྩེ་བ་རྒྱུད་མངས་ཀྱིས་དཀྲོལ》ཞེས་པའི་བརྙན་རིས་ཕབ་སྐྲུན་སྒྲིག་བཟོ་བྱས་ཤིང་། སྨྱད་བྱད་གསར་པ་སྤྱད་ནས་རྒྱལ་ཕྱིའི་འཐབ་ཕྱོགས་གཅིག་གྱུར་དང་ཕྱི་སྡོད་རང་མིའི་བྱ་བ་དྲིལ་སྒྲོག་ལེགས་པོར་བྱས།

བློ་སྟོབས་གཅིག་བསྡུས་ཀྱིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ་བསྒྲུབས།

ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱིས་འཇོན་མི་མང་ལ་བློ་སྟོབས་འཛོམས་པ། འབྲེལ་འདྲིས་རྒྱ་ཆེ་བ་བཅས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱི་ཡོངས་ལ་ཐབས་ཇུས་དང་ནུས་པ་བཏོན།

ཏང་གི་བྱ་བ་གཙོ་བོ་གང་ལ་ཕྱོགས་ན་འཐབ་ཕྱོགས་གཅིག་གྱུར་གནས་དེ་རུ་ཆས་ཤིང་། བློ་གྲོས་དང་སྟོབས་ཤུགས་ཐམས་ཅད་ཀྱང་དེ་ལ་བསྡུས། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་འཐབ་ཕྱོགས་གཅིག་གྱུར་གྱི་ཁྱད་སྟོབས་ཧུར་ཐག་གིས་འདོན་སྤེལ་བྱས་ཏེ། དམངས་གཙོ་ཏང་ཁག་སོ་སོ་རྩ་འཛུགས་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས“གནས་བཞི”འཛུགས་སྐྲུན། མི་རིགས་མཐུན་སྒྲིལ། གྲོང་གསེབ་དར་སྤེལ་སོགས་གཙོ་གནད་བྱ་བར་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་དང་ཐབས་འདོན་ཇུས་འབུལ་བྱེད་དུ་བཅུག་ལ། ཏང་ཕྱིའི་ཤེས་ལྡན་མི་སྣ་དང་སྤྱི་ཚོགས་རིམ་གྲས་གསར་པའི་འཐུས་ཚབ་མི་སྣ་རྩ་འཛུགས་བྱས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བསྡུས་པའི་སྲིད་ཞུགས་སྲིད་གྲོས་ཀྱི་ཚོགས་འདུ་ལ་ཞུགས་སུ་བཅུག་སྟེ། ཏང་ཨུ་དང་སྲིད་གཞུང་གི་ཚན་རིག་དང་མཐུན་པའི་ཇུས་ཆོད་དང་གནད་དུ་ཁེལ་བའི་སྲིད་ཇུས་ལག་བསྟར་ལ་དཔྱད་གཞི་ལེགས་པོ་འདོན་སྤྲོད་བྱས། རྒྱལ་ཡོངས་ཀྱི་གྲོས་ཚོགས་གཉིས་དང་ཞིང་ཆེན་ཡོངས་ཀྱི་གྲོས་ཚོགས་གཉིས། “ཤར་བགྲོད་རླངས་འཁོར”གྱི་བགྲོད་ལམ་བཅས་སྤྱད་ནས། ཧུར་ཐག་གིས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་པའི་རྒྱལ་ཁབ་རིམ་པའི་རྒྱབ་སྐྱོར་བརྩོན་ལེན་བྱས།

མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱེད་པའི་ཁྲོད་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ཁྱད་སྟོབས་འདོན་སྤེལ་བྱས། ཞིང་ཆེན་ཡོངས་ཀྱི་དམངས་གཉེར་ཁེ་ལས་ཀྱི“ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་དར་སྤེལ་གཏོང་བའི”སྐུལ་འདེད་ཚོགས་འདུ་བསྡུས་ཏེ། སྐོར་དང་པོའི་སྡེ་བ་དང་ཁེ་ལས་བརྒྱ་ཡི་ཆ་སྒྲིག་མཉམ་སྐྲུན་ལས་གཞི་གཏན་འཁེལ་བྱས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཁེ་ལས་ཆུང་འབྲིང་ཕྲ་གསུམ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ། ཚོང་རའི་གཙོ་གཞིའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བཅས་བྱེད་པའི་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་ཀྱི་བྱེད་ཐབས་མཐུན་སྦྱོར་གྱིས་དོན་འཁྱོལ་བྱས་ཤིང་། ཁེ་ལས་ཆུང་འབྲིང་ཕྲ་གསུམ་གྱི་མ་དངུལ་གྲབས་གསོག་དཀའ་བའི་གནད་དོན་ཐག་གཅོད་རོགས་བྱས་ཏེ། ཁེ་ལས་ཆེས་ཆུང་བ་སྟོང་གཅིག་དང་དྲུག་བརྒྱ་སོ་གཉིས་ལ་སྐྱིན་ཚབ་སྤྲོད་པའི་དུས་ཡུན་ཕྱིར་བསྣུར་དང་མུ་མཐུད་དུ་དངུལ་བུན་གཏོང་བ་སོགས་བྱས་པ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དགུ་བྱེ་བ་ལྔ་ལ་སླེབས། ཧུར་ཐག་གིས་ཏང་ཕྱིའི་ཤེས་ལྡན་མི་སྣ་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པ་སྤྱི་ཚོགས་ཞབས་ཞུའི་ཁྲོད་ཞུགས་པར་འབོད་སྐུལ་བཏང་བ་དང་། སྲིད་གཞུང་གིས་ཉོས་པའི་ཞབས་ཞུའི་ལས་གཞི་བཞི་བཅུ་ལྷག་མཐུན་སྦྱོར་དང་འགན་ལེན་བྱས་ལ། དེར་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་བདུན་འབུམ་གསུམ་ལྷག་སོང་བ་དང་ཁེ་ཕན་རེག་པའི་མང་ཚོགས་མི་ས་ཡ་གཅིག་དང་འབུམ་བརྒྱ་ཁྲི་གསུམ་ལ་སླེབས། ཕྱི་སྡོད་རང་མིའི་མཉམ་འབྲེལ་དང་ཐའེ་ཝན་མཉམ་འབྲེལ་གྱི་བྱེད་ནུས་འདོན་སྤེལ་བྱས་ཏེ། ཧུར་ཐག་གིས་ཕྱི་སྡོད་རང་མིའི་ཚོང་པ་དང་ཐའེ་ཝན་གྱི་ཚོང་པ་རྩ་འཛུགས་བྱས་ནས“མཚོ་སྔོན་ཚོང་གཏམ་གྲོས་ཚོགས”ལ་ཞུགས་སུ་བཅུག་ཅིང་། མ་དངུལ་སྒོར་བྱེ་བ་དགུ་དང་ས་ཡ་བདུན་གྱི་ལས་གཞིར་གན་རྒྱ་བཞག

སྐྱོད་ལམ་གསར་པར་ཞུགས་ཏེ་འཕེལ་རྒྱས་གསར་པ་མངོན་འགྱུར་དང་བྱས་རྗེས་གསར་པ་འཇོག་དགོས། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ལ། མཐུན་སྒྲིལ་དང་འབད་འཐབ་བྱེད་པའི་དུས་རབས་ཀྱི་བླང་བྱ་དམ་དུ་བཟུང་ནས། འཐབ་ཕྱོགས་གཅིག་གྱུར་བྱ་བའི་གཙོ་གནད་དང་དཀའ་གནད་སེལ་ཐབས་དམིགས་སུ་འཛིན་པ་དང་། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་ཀྱི་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་བཏང་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བར་མི་སེམས་གོང་བུར་འགྲིལ་བ་དང་སྟོབས་ཤུགས་གཅིག་བསྡུས་བྱེད་རྒྱུ་རེད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།