སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་སྐྲུན་དགོས”ཞེས་བསྟན་ཡོད། འགྲིམ་འགྲུལ་དང་ནུས་ཁུངས། གློག་འཕྲིན། ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པས། དེང་རབས་ཅན་གྱི་རྒྱལ་ཁབ་ལ་ངེས་པར་དུ་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་ཡོད་དགོས། རང་རྒྱལ་གྱིས་གནའ་སྔ་མོ་ནས་བཟུང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། སྔོན་རབས་པས་ཏུའུ་ཅང་ཡན་དང་ཏ་ཡུན་ཆུ་བོ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཤུལ་བཞག་གལ་ཆེན་བཞག་ཡོད་ཅིང་། ད་ལྟའི་བར་དུ་ད་དུང་སྤྱི་ཚོགས་ལ་བདེ་སྐྱིད་སྐྲུན་བཞིན་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་། ཏང་ཀྲུང་དབྱང་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཚད་མཐོན་པོས་མཐོང་ཆེན་བྱས་པར་མ་ཟད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་བཏང་བ་དང་། མི་རབས་ཁ་ཤས་ཀྱིས་མུ་མཐུད་འབད་འཐབ་བྱས་པ་བརྒྱུད་འབྲི་ཆུའི་འགག་གསུམ་བཟོ་སྐྲུན་དང་། མཚོ་བོད་ལྕགས་ལམ། ལྷོ་ཆུ་བྱང་འདྲེན། ནུབ་རླངས་ཤར་འདྲེན། ནུབ་གློག་ཤར་སྐྱེལ་སོགས་མཚོན་བྱེད་དུ་གྱུར་བའི་རྒྱལ་ཡོངས་རང་བཞིན་གྱི་ཆུ་བེད་དང་། འགྲིམ་འགྲུལ། ནུས་ཁུངས་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་དྲ་བ་སྐྲུན་པ་དང་། ལོ་རྒྱུས་ཀྱི་དེབ་ཐེར་དུ་བཀོད་པའི་རླབས་ཆེན་གྲུབ་འབྲས་བླངས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། རང་རྒྱལ་གྱིས་ཚན་རྩལ་སྒྲིག་བཀོད་གལ་ཆེན་དང་། ཆུ་བེད་བཟོ་སྐྲུན། འགྲིམ་འགྲུལ་འགག་སྒོ ཆ་འཕྲིན་རྨང་གཞིའི་སྒྲིག་བཀོད། རྒྱལ་ཁབ་ཀྱི་འཐབ་ཇུས་གསོག་འཇོག་སོགས་ཐད་འཛམ་གླིང་གི་སྔོན་ཐོན་གྲུབ་འབྲས་ཁག་ཅིག་བླངས་ཡོད་པ་དང་། ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་དང་། གློག་གཏོང་སྒྲིག་སྦྱོར་འཕྲུལ་འཁོར། གློག་དྲ། 5Gདྲ་བ་སོགས་ཀྱི་གཞི་ཁྱོན་ཚང་མ་འཛམ་གླིང་གི་ཨང་དང་པོར་སླེབས་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་སྤྱིའི་ཆུ་ཚད་ལ་མཆོང་སྐྱོད་ལྟ་བུའི་མཐོར་འདེགས་མངོན་འགྱུར་བྱུང་ཡོད།
དེ་དང་ཆབས་ཅིག རང་རྒྱལ་གྱི་རྨང་གཞིའི་སྒྲིག་བཀོད་དེ་རྒྱལ་ཁབ་འཕེལ་རྒྱས་དང་བདེ་འཇགས་འགན་སྲུང་གི་དགོས་མཁོ་དང་བསྡུར་ན་ད་དུང་འཚམ་པོ་མེད་པ་དང་། མི་འདང་ས་དང་ཞན་ཆ་མི་ཉུང་བ་ཞིག་གནས་ཡོད་པ་སྟེ། ཁྱབ་ཁོངས་གལ་ཆེན་ཁ་ཤས་སུ་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་བར་ཁྱད་ཅུང་ཆེན་པོ་ཡོད་པ་དང་། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་མཐུན་སྦྱོར་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་ཐུབ་མེད་པ། ཞིང་ལས་དང་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་རང་བྱུང་གནོད་འཚེ་ཚབས་ཆེན་འགོག་པའི་ནུས་པ་ཆེན་པོ་མེད་པ། རྨང་གཞིའི་སྒྲིག་བཀོད་སྣ་ཚོགས་ལ་མཐུན་སྦྱོར་བྱས་པ་མི་འདང་བ་སོགས་རེད། གནད་དོན་དེ་དག་མ་ལག་ལྡན་པའི་སྒོ་ནས་ཇུས་འགོད་དང་ཐག་གཅོད་བྱེད་དགོས།
དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན། གཅིག་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་གནས་ཀྱི་དགོས་མཁོ་གྲུབ་པར་བྱེད་དགོས། རྨང་གཞིའི་སྒྲིག་བཀོད་ཀྱིས་དཔལ་འབྱོར་འཁོར་སྐྱོད་ལ་རྨང་གཞིའི་རང་བཞིན་གྱི་འགན་སྲུང་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། སྤུས་ཚད་མཐོ་བའི་རྨང་གཞིའི་སྒྲིག་བཀོད་ཡོད་ན། ད་གཟོད་གཞི་ནས་རྒྱལ་ནང་གི་འཁོར་སྐྱོད་ཆེན་མོ་ཕན་འབྲས་ལྡན་པའི་སྒོ་ནས་ཤར་བགྲོད་ཐུབ་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་རའི་འབྲེལ་མཐུད་མཉམ་འགུལ་ལ་སྐུལ་འདེད་གཏོང་ཐུབ་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་སྐྲུན་རྒྱུར་སྐུལ་འདེད་གཏོང་ཐུབ། གཉིས་ནི་ནང་མཁོ་རྒྱ་སྐྱེད་པའི་འཐབ་ཇུས་ཀྱི་ནུས་ལྡན་ཐབས་ལམ་ལག་བསྟར་བྱེད་རྒྱུ་དེ་ཡིན། མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་པྲོག་གསར་རིམས་ནད་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པས། ནང་མཁོ་རྒྱ་སྐྱེད་པའི་འཐབ་ཇུས་ངེས་པར་དུ་ལག་བསྟར་བཟང་པོ་བྱེད་དགོས་པ་དང་། འོས་འཚམ་གྱིས་སྔོན་ལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་བྱེད་སྒོ་སྤེལ་བ། ནུས་ལྡན་གྱིས་མ་དངུལ་ཇེ་མང་དུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་བརྟན་པོ་ཡོང་བར་ཁག་ཐེག་བྱེད་དགོས། གསུམ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཡུན་རིང་དགོས་མཁོ་ལ་སྐུལ་འདེད་གཏོང་དགོས། ཐོན་ལས་ཆུ་ཚད་འབྲིང་བ་དང་མཐོན་པོའི་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་མངའ་ཁོངས་ཀྱི་བར་སྟོང་བཀོད་སྒྲིག་བྱེད་ཚུལ་ལེགས་སྒྱུར་དང་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་ཡར་སྐུལ་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་སྤུས་ཚད་ཇེ་མཐོར་གཏོང་བ། གཞི་རྩའི་སྤྱི་བའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་བ། གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་ལ་འགོག་སྲུང་དང་ཁ་གཏད་ནུས་ལྡན་འཇལ་བ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཡོང་བར་འགན་སྲུང་བྱེད་པ་ཚང་མར་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱིས་རྨང་གཞིའི་འདེགས་སྐྱོར་གྱི་ནུས་པ་འདོན་སྤེལ་བྱེད་དགོས། བཞི་ནི་རྒྱལ་ཁབ་བདེ་འཇགས་ཀྱི་འཐབ་ཇུས་དགོས་མཁོ་ལ་འགན་སྲུང་བྱེད་དགོས། རྨང་གཞིའི་སྒྲིག་བཀོད་ཀྱི་བྱ་བ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པས། ངེས་པར་དུ་ཐལ་སྐྱོད་གནས་ཚུལ་ལ་ཁ་གཏད་གཅོག་པའི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། ཁྱད་སྟོབས་ཇེ་བརྟན་དུ་གཏོང་བ། ཞན་ཆ་གསབ་པ། མདུན་ཕྱོགས་ལ་དམ་པོར་དམིགས་པ་བཅས་བྱས་ནས་རྒྱལ་ཁབ་ཀྱི་འགྲན་རྩོད་ནུས་པ་དང་སྤྱི་ཡོངས་ཀྱི་བདེ་འཇགས་ཆུ་ཚད་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས།
དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་པར་ངེས་པར་དུ་མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བཅས་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ན། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་དང་། མ་ལག་ལྡན་པའི་ཇུས་འགོད། སྤྱི་ཡོངས་ནས་མཐུན་སྦྱོར་བྱེད་པ་དང་། ཞན་ཆ་ཁ་གསབ་དང་། དྲག་ཞན་གནད་ལ་འཁེལ་བ། རྨང་གཞིའི་སྒྲིག་བཀོད་ཀྱི་ཁྱབ་ཚུལ་དང་། གྲུབ་ཚུལ། ནུས་པ། འཕེལ་རྒྱས་ཀྱི་རྣམ་པ་ཇེ་ལེགས་སུ་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་ཞུགས་པ་དང་། དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས། བདེ་འཇགས་ཀྱི་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་ཞིག་འདིང་དགོས།
དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་སྐྲུན་པར་ངེས་པར་དུ་ཡུན་རིང་ལ་རྐང་ཚུགས་པ་དང་། འོས་འཚམ་གྱིས་སྔོན་བརྒལ་བྱེད་པ། ཚན་རིག་ལྟར་འཆར་འགོད་བྱེད་པ། ཇུས་མང་མཉམ་སྤྱོད། ཕན་འབྲས་ལ་མཐོང་ཆེན་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། ཡུན་རིང་ལ་རྐང་ཚུགས་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་ཁ་ཕྱོགས་ཏེ་ཇུས་འགོད་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་གཏོང་བར་རྒྱལ་ཁབ་མངའ་ཁོངས་བར་སྟོང་གི་གསར་སྤེལ་སྲུང་སྐྱོབ་དང་། ཐོན་སྐྱེད་ནུས་ཤུགས་ཀྱི་བཀོད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། འོས་འཚམ་གྱིས་སྔོན་བརྒལ་བྱེད་པ་ཞེས་པ་ནི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་སྔོན་ལ་བཀོད་སྒྲིག་བྱས་ནས་མ་རྩ་ཅུང་དམའ་བས་བདེ་འཇགས་ཀྱི་སྟོབས་ཤུགས་གྲ་སྒྲིག་གང་ལེགས་བྱེད་པའི་དུས་མཚུངས་སུ། སྔོན་བརྒལ་འཛུགས་སྐྲུན་གྱི་ཚད་ཁོང་དུ་ལེགས་པར་ཆུད་དགོས། ཚན་རིག་ལྟར་འཆར་འགོད་བྱེད་པ་ནི་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། ཚེ་སྲོག་གི་འཁོར་ཡུན་ཧྲིལ་པོར་རྐང་བཙུགས་ཏེ། ལེགས་བསྡུས་ཞིབ་གཉེར་དང་ཕན་འབྲས་མཐོ་བ། བདེ་ཐང་རིག་ནུས། བདེ་འཇགས་ལ་བློ་འགེལ་ཆོག་པ་བྱེད་དགོས་པ་དང་། རྨང་གཞིའི་སྒྲིག་བཀོད་རིགས་མང་པོའི་བཀོད་པར་གཅིག་གྱུར་འཆར་འགོད་བཅས་བྱས་ནས་ཕན་ཚུན་སྦྲེལ་མཐུད་དང་། མཉམ་སྐྲུན་མཉམ་སྤྱོད། མཐུན་སྦྱོར་མཉམ་འགུལ་བཅས་མངོན་འགྱུར་བྱས། ཇུས་མང་མཉམ་སྤྱོད་ཅེས་པ་ནི་སྲིད་གཞུང་དང་ཁྲོམ་ར་དང་། ཀྲུང་དབྱང་དང་ས་གནས། རྒྱལ་དབང་མ་རྩ་དང་སྤྱི་ཚོགས་མ་རྩའི་ཕྱོགས་མང་པོའི་ནུས་པ་འདོན་སྤེལ་བྱས་ཏེ། རིམ་པ་དང་རིགས་དགར་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན། ཕན་འབྲས་ལ་མཐོང་ཆེན་བྱེད་པ་ཞེས་པ་ནི་རྨང་གཞིའི་སྒྲིག་བཀོད་ཀྱི་སྤྱི་པའི་ཐོན་རྫས་ཀྱི་ངོ་བོར་གཞིགས་ནས་དཔལ་འབྱོར་གྱི་རྩིས་རྒྱག་དགོས་ལ། ཕྱོགས་བསྡུས་ཀྱི་རྩིས་ཀྱང་རྒྱག་དགོས་པ་དང་། ལག་ལེན་བྱེད་ཆོག་པའི་རང་བཞིན་གྱི་ཞིབ་འཇུག་དང་ཕྱོགས་བསྡུས་མ་རྩའི་ཕན་འབྲས་ཀྱི་ཞིབ་རྩིས་ཡག་པོ་རྒྱག་དགོས་པ་དང་། མུ་མཐུད་དུ་གཉེར་སྐྱོང་བཟང་བོ་བྱས་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་ཚེ་སྲོག་གི་འཁོར་ཡུན་ཧྲིལ་བོའི་ཕྱོགས་བསྡུས་ཕན་འབྲས་མཐོར་འདེགས་གཏོང་དགོས།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།