དྲི་བ་སོ་དགུ།  ཟས་རིགས་ཆེན་པོའི་ལྟ་བ་ཆགས་པར་གོ་བ་ཇི་ལྟར་ལེན་དགོས།
2023.02.22 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 15

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“ཟས་རིགས་ཆེན་པོའི་ལྟ་བ་ཆགས་པ་དང་། སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་སུ་གཏོང་བ། སྣ་མང་ཅན་གྱི་ཟས་རིགས་མཁོ་སྤྲོད་མ་ལག་འཛུགས་པ་བཅས་བྱེད་དགོས”ཞེས་བསྟན་ཡོད།  ཟས་རིགས་ཆེན་པོའི་ལྟ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དེ།  ང་ཚོས་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་ཆོས་ཉིད་སྟངས་འཛིན་གཏིང་ཟབ་དང་། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ།  མི་གྲངས་མང་ལ་ས་ཞིང་ཉུང་བའི་རྒྱལ་ཁབ་ཀྱི་གནས་ཚུལ་འོག་འབྲུ་རིགས་བདེ་འཇགས་ཀྱི་གནད་དོན་ཚན་རིག་དང་མཐུན་པར་ཐག་གཅོད་ནུས་ལྡན་བཅས་བྱེད་པར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད།

ཟས་རིགས་ཆེན་པོའི་ལྟ་བ་ཆགས་རྒྱུ་ནི་མི་དམངས་ཀྱི་དགའ་སྐྱིད་འཚོ་བའི་དགོས་མཁོ་སྔར་ལས་ལེགས་པར་སྐོང་རྒྱུར་དམིགས་ནས།  མི་དམངས་མང་ཚོགས་ཀྱི་ཟས་རིགས་འཛད་སྤྱོད་གྲུབ་ཚུལ་གྱི་འགྱུར་ལྡོག་དང་བསྟུན་པ་དང་། འབྲུ་རིགས་མཁོ་སྤྲོད་ལ་འགན་ལེན་ཏན་ཏིག་བྱེད་པ་དང་ཆབས་ཅིག   ཤ་རིགས་དང་སྔོ་ཚལ། སིལ་ཏོག  ཆུ་ཐོན་དངོས་རྫས་སོགས་ཟས་རིགས་སྣ་ཚོགས་མཁོ་སྤྲོད་ནུས་ལྡན་བྱེད་པར་འགན་སྲུང་བྱེད་རྒྱུ་དེ་ཡིན་པས། ཆད་ལྷག་གཅིག་ཀྱང་ཤོར་མི་རུང་། ཟས་རིགས་ཆེན་པོའི་ལྟ་བ་ཆགས་རྒྱུ་ནི་ཞིང་ལས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་དང་ཕྱི་རོལ་ཡུལ་གྱི་བླང་བྱ་ཡིན། དུས་རབས་གསར་པར་ཟས་རིགས་ཆེན་པོའི་ལྟ་བ་ཆགས་པ་དང་ལག་བསྟར་བྱེད་པའི་གནད་འགག་ནི་རང་རྒྱལ་གྱི་ཞིང་ལས་འཕེལ་རྒྱས་གཏོང་སྟངས་ཐད“རྒྱ་སྐྱེད་པ་གསུམ”མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

དང་པོ། རྨོ་ཞིང་གི་ཐོན་ཁུངས་ནས་རྒྱལ་ཁོངས་མངའ་ཁོངས་ཡོངས་ཀྱི་ཐོན་ཁུངས་ཕྱོགས་སུ་རྒྱ་སྐྱེད་པ་མངོན་འགྱུར་བྱེད་དགོས། ཟ་མའི་གནད་དོན་ཐག་གཅོད་བྱེད་པར་ཚད་ཡོད་ཀྱི་རྨོ་ཞིང་ཁོ་ནར་བལྟ་མི་རུང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག   ས་གནས་སོ་སོའི་ཐོན་ཁུངས་ཀྱི་ལེགས་ཆ་གཞིར་བཟུང་སྟེ། འབྲུ་རིགས་འདེབས་པར་འཚམ་ན་འབྲུ་རིགས་འདེབས་པ་དང་།  སིལ་སྡོང་འཛུགས་པར་འཚམ་ན་སིལ་སྡོང་འཛུགས་པ།  ཕྱུགས་ལས་གཉེར་བར་འཚམ་ན་ཕྱུགས་ལས་གཉེར་བ། ཉ་རིགས་གསོ་སྤེལ་བྱེད་པར་འཚམ་ན་ཉ་རིགས་གསོ་སྤེལ་བྱེད་པ། ནགས་ལས་གཉེར་བར་འཚམ་ན་ནགས་ལས་གཉེར་བ་བཅས་བྱས་ཏེ། ཁྲོམ་རའི་དགོས་མཁོ་དང་འཚམ་ཞིང་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དང་འཚམ་པའི་དེང་རབས་ཞིང་ལས་ཐོན་སྐྱེད་ཀྱི་གྲུབ་ཚུལ་དང་ས་ཁོངས་ཀྱི་བཀོད་པ་ཆགས་པར་བྱེད་དགོས།    གཅིག་ནི་ནགས་ཚལ་ལས་ཟས་རིགས་ལེན་དགོས་ཏེ། རང་རྒྱལ་དུ་དེའུ་འབུར་དང་རི་ཁུལ་འབོར་ཆེན་ཡོད་པས། ཤིང་རྒྱུད་འབྲུ་སྣུམ་དང་ནགས་ཚལ་ཟས་རིགས་ཀྱི་སྦས་ཤུགས་ཧ་ཅང་ཆེ།   ཇ་སྣུམ་ལ་མཚོན་ན།  མངོན་མེད་ཐོན་ཁུངས་གསར་སྤེལ་བྱས་པ་བརྒྱུད།    རྨོ་ཞིང་མུའུ་ཁྲི་སྟོང་མང་པོའི་ཚབ་བྱེད་ཐུབ་པས་རྨོ་ཞིང་གི་གནོན་ཤུགས་དང་བཟའ་སྣུམ་མཁོ་སྤྲོད་ཀྱི་འགལ་བ་ནུས་ཡོད་སྒོས་ཞི་ལྷོད་དུ་གཏོང་ཐུབ། གཉིས་ནི་རྩྭ་ཐང་ལས་ཟས་རིགས་ལེན་དགོས་ཏེ། རང་རྒྱལ་གྱི་རྩྭ་ཐང་གི་རྒྱ་ཁྱོན་མུའུ་ཐེར་འབུམ་གསུམ་དང་དུང་ཕྱུར་དགུ་བྱེ་བ་དྲུག་ས་ཡ་བརྒྱད་ལ་སླེབས་ཡོད་མོད། འོན་ཀྱང་རྩྭ་སའི་རྒྱ་ཁྱོན་གྱི་ཕྱུགས་ལས་ཐོན་རྫས་ཀྱི་ཐོན་ཚད་དེ་ཨ་མེ་རི་ཁ་དང་། ཨོ་སི་ཁྲུ་ལི་ཡ། ནེའུ་ཙི་ལན་སོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ལས་ཆེས་དམའ་བས།  རྩྭ་ཐང་གསར་སྤེལ་གྱི་སྦས་ཤུགས་ཧ་ཅང་ཆེ།  རྨོ་ཞིང་ལ་མཐོང་ཆེན་བྱེད་པ་དང་འདྲ་བར་རྩྭ་ཐང་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ཏེ། གསབ་འདེབས་དང་ཆུ་འདྲེན། ལུད་རྒྱག་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཆུ་དྲོད་ཀྱི་ཆ་རྐྱེན་ཅུང་ལེགས་པའི་ཞན་འགྱུར་རྩྭ་ཐང་དང་། བྱེ་མ་དང་བ་ཚྭ་ཅན་དུ་འགྱུར་ཚད་ཚབས་ཆེ་བའི་རྩྭ་ཐང་། ལྷོ་ཕྱོགས་ཀྱི་རྩྭ་ཐང་དང་སྤང་ལྡེབས་བཅས་ལེགས་བཅོས་བྱེད་པ་དང་།  རྩྭ་ཐང་གི་ཕྱུགས་ལས་ལེགས་བསྡུས་ཞིབ་གཉེར་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། རྩྭ་ཐང་གི་ཐོན་སྐྱེད་ནུས་ཤུགས་ནུས་ཡོད་སྒོས་ཆེ་རུ་གཏོང་དགོས། གསུམ་ནི་གཙང་པོ་དང་མཚོ་དང་མཚེའུ་ལས་ཟས་རིགས་ལེན་དགོས་ཏེ། རང་རྒྱལ་ལ་གཞི་ཁྱོན་མུའུ5000ཡན་གྱི་ཉ་རིགས་གསོ་སྤེལ་ལ་འཚམ་པའི་མཚེའུ་དང་།  ཆུ་མཛོད1500ཡོད་པ་དང་།    རྒྱ་མཚོའི་ནང་ཉ་རིགས་གསོ་སྤེལ་བྱེད་པར་འཚམ་པའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི7ལྷག་ཡོད། ཆུ་མཛོད་ཆེན་པོའི་སྐྱེ་ཁམས་ཉ་ལས་དང་རྒྱ་མཚོའི་ཉ་རིགས་གསོ་སྤེལ་འཕེལ་རྒྱས་བཏང་བ་བརྒྱུད་ནས་སྤུས་ལེགས་སྤྲི་དཀར་གྱི་ཟས་རིགས་ཐོན་ཁུངས་མང་པོ་ཐོབ་པར་བྱེད་ཆོག    བཞི་ནི་སྒྲིག་བཀོད་ཞིང་ལས་ལས་ཟས་རིགས་ལེན་དགོས་ཏེ།   སྐྱེ་དངོས་ལག་རྩལ་དང་། ཆ་འཕྲིན་ལག་རྩལ།  ཞིང་ལས་སྒྲིག་བཀོད་ལག་རྩལ་བཅས་འཕེལ་རྒྱས་དང་མཉམ་འདྲེས་བྱས་པ་བརྒྱུད་མིའི་རིགས་ཀྱིས་བློ་རིག་ཞིང་ལས་དང་། རྩི་ཤིང་བཟོ་གྲྭ ཐད་ཀའི་ཞིང་ར་སོགས་ཀྱི་ཐོན་སྐྱེད་བྱེད་སྟངས་ལ་བརྟེན་ནས་གཞི་ཁྱོན་ཆེ་ཞིང་མ་རྩ་དམའ་བའི་ཐོན་སྐྱེད་ལ་མཁོ་བའི་ཟས་རིགས་ཐོན་སྐྱེད་བྱེད་ཆོག་པས།  ཚབ་བྱེད་ས་ཞིང་ཁག་གཅིག་གིས་ཞིང་ལས་ཀྱིས་རང་བྱུང་ཐོན་ཁུངས་ལ་བརྟེན་ཚད་ནུས་ལྡན་ངང་ཞི་ལྷོད་དུ་བཏང་ཡོད།  སྒྲིག་བཀོད་ཞིང་ལས་ཐད་རང་རྒྱལ་ལ་རྗེས་ཐོན་ལེགས་ཆ་ཡོད་ཅིང་། མིག་སྔར་ལག་རྩལ་ཐད་ནས་ཉིན་བཞིན་འཐུས་ཚང་དུ་འགྲོ་བ་དང་མ་འོངས་འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེ་བ་རེད།

གཉིས་པ། སྲོལ་རྒྱུན་གྱི་ཞིང་ལས་ལོ་ཏོག་དང་སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་ཁུངས་ནས་སྔར་ལས་ཕུན་སུམ་ཚོགས་པའི་སྐྱེ་དངོས་ཐོན་ཁུངས་ཕྱོགས་སུ་རྒྱ་སྐྱེད་པ་མངོན་འགྱུར་བྱེད་དགོས། སྐྱེ་དངོས་ཕྲ་རབ་ཀྱི་འཚར་སྐྱེ་མགྱོགས་པ་དང་། གསོ་སྐྱོང་བྱེད་སླ་བ། ཐོན་སྐྱེད་ཀྱི་བར་སྟོང་ཆུང་བ། སྤྲི་དཀར་འདུས་ཚད་མཐོ་བ། སྐྱེ་དངོས་ཕྲ་རབ་ཀྱི་རིག་པའི་གཞུང་ལུགས་དང་ལག་རྩལ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་བཅས་ཀྱིས་མིའི་རིགས་ཀྱིས་སྐྱེ་དངོས་ཕྲ་རབ་གསར་པའི་ཐོན་ཁུངས་སྔོག་འདོན་དང་། བསྒྱུར་བཀོད། ཐ་ན་གསར་སྐྲུན་བཅས་བྱེད་ཐུབ་པ་བྱས་ཡོད།  ཉེ་བའི་ལོ་འགའི་རིང་ལ།   སྨར་སྲིན་ཁུངས་ཀྱི་སྤྲི་དཀར་དང་འདྲེས་སྦྱོར་ཅན་གྱི་ཚབ་བྱེད་སྤྲི་དཀར་སོགས་སྐྱེ་དངོས་ཕྲ་རབ་ཀྱི་ཟས་རིགས་ཐོན་རྫས་གསར་སྤེལ་དང་བེད་སྤྱོད་བྱས་ཏེ།  འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཞིང་ལས་ཚན་རྩལ་འགྲན་རྩོད་ཀྱི་ཁྱབ་ཁོངས་གལ་ཆེན་ཞིག་ཏུ་གྱུར་ཡོད།  མིག་སྔར་མིའི་རིགས་ཀྱིས་བེད་སྤྱོད་བྱེད་པའི་སྐྱེ་དངོས་ཕྲ་རབ་རིགས་ཀྱིས་སའི་གོ་ལའི་སྐྱེ་དངོས་ཕྲ་རབ་བསྡོམས་འབོར་གྱི1%ཡང་ཟིན་གྱིན་མེད་པས།  གསར་སྤེལ་གྱི་མདུན་ལྗོངས་ཧ་ཅང་རྒྱ་ཆེ། སྔོན་དཔག་བྱས་ན་མ་འོངས་བའི་ལོ15ཡི་ནང་། སྐྱེ་དངོས་ཕྲ་རབ་འདྲེས་སྦྱོར་གྱི་ཚབ་བྱེད་སྤྲི་དཀར་ཐོན་རྫས་ཀྱིས་གོ་ལ་ཧྲིལ་པོའི་ཟས་རིགས་སྤྲི་དཀར་ཁྲོམ་རའི་ཐོབ་སྐལ་གྱི22%ཙམ་ཟིན་ངེས་རེད།  འཐབ་ཇུས་ཀྱི་མཐོ་ཚད་ནས་སྐྱེ་དངོས་ཕྲ་རབ་ཟས་རིགས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པར་ངོས་འཛིན་དང་ཇུས་འགོད་བྱས་ནས།  ཞིང་ལས་ཀྱི་སྐྱེ་དངོས་ཕྲ་རབ་ཀྱི་ཚན་རྩལ་གསར་སྐྲུན་ལས་སྟེགས་འཛུགས་སྐྲུན་དང་། སྐྱེ་དངོས་ཕྲ་རབ་ཀྱི་ཟས་རིགས་ཐོན་ཁུངས་གསར་སྤེལ་གྱི་ཚན་རྩལ་རྣམ་གྲངས་འཛུགས་པ། སྐྱེ་དངོས་ཕྲ་རབ་ཁྱབ་ཁོངས་ཀྱི་རྩེར་སོན་གསར་སྐྲུན་ཤེས་ལྡན་མི་སྣའི་དཔུང་ཁག་སྐྱེད་སྲིང་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ཞིང་ལས་ཀྱི་སྐྱེ་དངོས་ཕྲ་རབ་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་བཏང་སྟེ།    སྐྱེ་དངོས་ཕྲ་རབ་ལས་ཚ་ཚད་དང་སྤྲི་དཀར་ལེན་དགོས།

གསུམ་པ། ཟས་རིགས་བདེ་འཇགས་ཀྱི་སྲིད་ཇུས་དེ་མཁོ་སྤྲོད་ཕྱོགས་ཀྱི་དོ་དམ་ཁོ་ན་ནས་དགོས་མཁོའི་ཕྱོགས་ཀྱི་དོ་དམ་ཕྱོགས་སུ་རྒྱ་སྐྱེད་པ་མངོན་འགྱུར་བྱེད་དགོས།  ཕྱོགས་གཅིག་ནས་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་དང་ཐབས་ལམ་མང་པོ་ནས་ཟས་རིགས་ཐོན་ཁུངས་གསར་སྤེལ་བྱེད་པ་དང་།   ཕུན་སུམ་ཚོགས་པའི་ཟས་རིགས་སྣ་མང་གསར་སྤེལ་བྱེད་པ།   ཟས་རིགས་ཀྱི་མཁོ་སྤྲོད་དོ་སྙོམས་ཡོང་བ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་སྣ་མང་ཅན་དུ་འགྲོ་བའི་ཟས་རིགས་འཛད་སྤྱོད་ཀྱི་དགོས་མཁོ་སྔར་ལས་སྐོང་ཐུབ་པར་བྱེད་དགོས།  ཕྱོགས་གཞན་ཞིག་ནས་དམིགས་སའི་རང་བཞིན་གྱི་འཛད་སྤྱོད་ལ་ཁྲིད་སྟོན་དང་འཚོ་བཅུད་ཀྱི་གནད་དོན་ལེགས་བཅོས་བྱེད་པའི་སྲིད་ཇུས་གཏན་འཁེལ་བྱས་ཏེ། སྤྱི་ཚོགས་ཡོངས་སུ་ཟས་རིགས་འཛད་སྤྱོད་ཀྱི་འདུ་ཤེས་གསར་པ་ཆགས་པར་ཧུར་ཐག་གིས་ཁྲིད་སྟོན་བྱས་ནས།  སྡོད་དམངས་ཀྱི་ཟས་རིགས་གྲུབ་ཚུལ་ལེགས་སྒྱུར་དང་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད། དེར་བརྟེན་ནས་ཞིང་ལས་ཐོན་སྐྱེད་ཀྱི་གྲུབ་ཚུལ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་དགོས། ཟས་རིགས་ཀྱི་བདེ་འཇགས་དང་ཟས་རིགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་རྒྱུར་ཤུགས་སྣོན་བྱེད་པ་དང་།  ཟས་རིགས་ཀྱི་འཚོ་བཅུད་དང་བདེ་ཐང་གི་ཤེས་བྱ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ།    ཚད་ཇེ་ཉུང་དུ་གཏོང་བ་དང་། འཚོ་བཅུད་ལྡན་པ། ལྷད་མེད་པ་བཅས་ཀྱི་སྒོ་ནས་འཛད་སྤྱོད་བྱེད་པར་སྐུལ་ལྕག་བཏང་ནས།   ཟས་རིགས་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་དགོས།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།