དྲི་བ་སོ་བརྒྱད་པ། ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་དགོས་དོན་ཅི་ཡིན་ནམ།
2023.02.28 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 21


སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱས་ནས་གྲོང་གསེབ་ཀྱི་ཐོན་ལས་དང་ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས”ཞེས་བསྟན་ཡོད། དེ་ནི་རང་རེའི་ཏང་གིས་གཟབ་ནན་ངང་ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་ཚུལ་ཐོག་མར་བཏོན་པ་ཞིག་ཡིན་པས། ཏང་ཡོངས་ཀྱིས་དུས་རབས་གསར་པའི་ཞིང་ལས་འཕེལ་རྒྱས་ཀྱི་ངེས་གནས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཞིང་ལས་སྲིད་ཇུས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ། ཞིང་ལས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ལ་ཤུགས་རྐྱེན་གལ་ཆེན་ཐེབས་ངེས་རེད། ཀྲུང་གོ་སྟོབས་ལྡན་དུ་གཏང་དགོས་ན་ངེས་པར་དུ་ཞིང་ལས་སྟོབས་ལྡན་དུ་གཏང་དགོས། ཞིང་ལས་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་རྨང་གཞིའི་ཐོན་ལས་ཤིག་ཡིན་པ་དང་། གནམ་འོག་བདེ་ལ་འཁོད་ཅིང་དམངས་སེམས་བདེ་ལ་འབབ་པའི་འཐབ་ཇུས་ཀྱི་ཐོན་ལས་ཤིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་ནུས་ལྡན་ངང་མཁོ་སྤྲོད་བྱེད་རྒྱུ་དེ་ཞིང་ལས་དེང་རབས་ཅན་གྱི་ལས་འགན་ཨང་དང་པོར་བརྩིས་ནས་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་རྒྱུན་ཆད་མེད་པར་ཇེ་བརྟན་དང་མཐོ་རུ་བཏང་། 2021ལོར་སླེབས་སྐབས་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་ཚད་གཞི་མཐོ་བའི་ཞིང་ས་མུའུ་དུང་ཕྱུར9བསྐྲུན་པ་དང་། ཞིང་ལས་སྐྱེ་དངོས་འདེབས་བསྡུའི་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད72%ལས་བརྒལ་བ་དང་། ཞིང་ལས་ཚན་རྩལ་ཡར་ཐོན་ལ་ལེགས་སྐྱེས་ཕུལ་ཚད61%ཟིན་པ། འབྲུ་རིགས་ཐོན་འབབ་ལོ་བདུན་གྱི་རིང་ལ་བསྟུད་མར་རྒྱ་མ་ཁྲག་ཁྲིག་ཆེན་པོ1དང་ཁྲག་ཁྲིག3ཡན་བརྟན་པོ་བྱུང་ནས་འབྲུ་རིགས་གཞི་རྩའི་ཆ་ནས་རང་མཁོ་ཐུབ་པ་དང་ཟ་འབྲུ་རྦད་དེ་བདེ་འཇགས་ཡོང་ཐུབ་པ་བྱུང་།  འོན་ཀྱང་རང་རྒྱལ་གྱི་ཞིང་ལས་ཆེ་ཡང་སྟོབས་ལྡན་མིན་པའི་གནད་དོན་ད་དུང་ཅུང་འབུར་ཐོན་ཡིན་པ་དང་། ཞིང་ལས་ཀྱི་རྨང་གཞི་ད་དུང་བརྟན་པོ་མེད་པ། རང་བྱུང་ཉེན་ཁ་དང་ཚོང་རའི་ཉེན་ཁ་འགོག་ནུས་ཅུང་ཞན་པ་བཅས་ཀྱི་ཐོག་ནས་མཚོན་པའང་མཐོང་ཐུབ་པ་བྱེད་དགོས། ཞིང་ལས་ཀྱི་གཉེར་སྐྱོང་གཞི་ཁྱོན་ཆུང་བ་དང་ཞིང་ལས་ཀྱི་ངལ་རྩོལ་ཐོན་སྐྱེད་ལས་ཆོད་ཆུང་བ། སྤུས་ཚད་དང་ཕན་འབྲས། འགྲན་རྩོད་བྱེད་ནུས་བཅས་ད་དུང་ཆེ་རུ་གཏོང་དགོས་པ། ཞིང་ལས་ཐོན་ཁུངས་ཁོར་ཡུག་གི་ཚོད་འཛིན་ཇེ་དམ་དུ་སོང་བ་དང་། འབྲུ་རིགས་མཁོ་སྤྲོད་དོ་མཉམ་གྱི་གནས་བབ་ད་དུང་རྩ་བ་ནས་བསྒྱུར་ཐུབ་མེད། འགལ་བ་དེ་དག་སེལ་བར་རང་རྒྱལ་འདི་ཉིད་ཞིང་ལས་ཀྱི་རྒྱལ་ཁབ་ཆེན་པོ་ནས་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་མཆོང་སྐྱོད་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། ཅི་ཞིག་ལ་ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་ཟེར། ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་ནི་ཐོག་མར་ཞིང་ལས་ཐོན་རྫས་མཁོ་སྤྲོད་འགན་སྲུང་གི་ནུས་པ་ཆེ་བ་ལས་མཚོན་ཞིང་། འདི་ནི་ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་ཀྱི་གཞི་རྩའི་ཁྱད་ཆོས་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་བའི་ལྟོ་ཕོར་ནམ་ཡང་རང་ཉིད་ཀྱི་ལག་ཏུ་བརྟན་པོར་འཛིན་དགོས་པ་མ་ཟད། ལྟོ་ཕོར་དུ་གཙོ་བོ་ཀྲུང་གོའི་འབྲུ་རིགས་ལྡུག་དགོས་ཞེས་ནན་བཤད་ཡང་ཡང་གནང་ཡོད། རང་ཉིད་གཙོ་བོར་འཛིན་པ་དང་རྒྱལ་ནང་ལ་རྐང་ཚུགས་པ། ཐོན་ནུས་འགན་ལེན་བྱེད་པ། ནང་འདྲེན་འོས་འཚམ་བྱེད་པ། ཚན་རྩལ་འདེགས་སྐྱོར་བྱེད་པ་བཅས་ཀྱི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འཐབ་ཇུས་ངེས་པར་དུ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་དགོས། ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་ལ་ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེན་པོ་ལྡན་དགོས་པ་ནི་ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་ཀྱི་དགོས་ངེས་ཀྱི་ཆ་རྐྱེན་ཡིན། ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཞིང་ལས་འཕེལ་རྒྱས་གཏོང་སྟངས་མྱུར་དུ་བསྒྱུར་དགོས་པ་དང་། ཚན་རྩལ་ཡར་ཐོན་ཡོང་བར་སྔར་ལས་མཐོང་ཆེན་དང་དེ་ལ་བརྟེན་དགོས་པ། ནང་སྙིང་ཅན་གྱི་འཕེལ་རྒྱས་གཏོང་ལམ་དུ་བསྐྱོད་དེ་ཞིང་ལས་ཀྱི་རྒྱུ་རྐྱེན་གཙོ་བོའི་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་གཏོང་དགོས། ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་ཀྱིས་ད་དུང་ཞིང་ལས་ཀྱི་འགྲན་རྩོད་ནུས་ཤུགས་ཆེན་པོ་ལྡན་པ་མཚོན་དགོས། འདི་ནི་ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་ཀྱི་ལྟེ་བའི་དོན་སྙིང་ཡིན། ངེས་པར་དུ་ས་ཞིང་གི་ཐོན་ཚད་དང་ཐོན་ཁུངས་སྤྱོད་ཚད། ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཆོད་བཅས་ཤུགས་ཆེན་པོས་མཐོར་འདེགས་བྱས་ཏེ། ཞིང་ལས་ངལ་རྩོལ་གྱི་ཐོན་སྐྱེད་ལས་ཆོད་དེ་སྤྱི་ཚོགས་ཀྱི་ཆ་སྙོམས་ཆུ་ཚད་ལ་སླེབས་པའམ་སླེབས་གྲབས་ཡོད་པ་བྱེད་དགོས་པ་མ་ཟད། རྒྱལ་ཕྱིའི་ཞིང་ལས་དང་འགྲན་རྩོད་དང་དོ་མཉམ་གྱི་ནུས་པ་གཞི་རྩའི་ཆ་ནས་ལྡན་པར་བྱེད་དགོས། རང་རྒྱལ་ནི་ཞིང་ལས་ཀྱི་རྒྱལ་ཁབ་ཆེན་པོ་ནས་ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་ཏུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ནི་དུས་ཡུན་རིང་ཞིང་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན། མ་འོངས་པའི་ལོ5ཡི་རིང་གཤམ་གྱི་ཕྱོགས4ཡི་ཐད་ནས་ཏན་ཏིག་ངང་ཡར་རྒྱས་ཡོང་བར་བྱེད་དགོས།

དང་པོ།  རྨོ་ཞིང་སྲུང་སྐྱོབ་དང་སྤུས་ཀ་ཇེ་ལེགས་སུ་གཏོང་བར་ཤུགས་སྣོན་རྒྱག་དགོས། རྨོ་ཞིང་ནི་འབྲུ་རིགས་ཐོན་སྐྱེད་ཀྱི་སྲོག་རྩ་ལྟ་བུ་ཡིན། རྨོ་ཞིང་སྲུང་སྐྱོབ་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ་རྨོ་ཞིང་མུའུ་དུང་ཕྱུར1དང་བྱེ་བ8ཀྱི་དམར་ཐིག་བརྟན་སྲུང་བྱེད་དགོས། “ཞིང་ས་ནི་ཞིང་ས་ཡིན་པར་མ་ཟད། ངེས་པར་དུ་ཞིང་ས་ལེགས་པོ་ཡིན་དགོས”པའི་བླང་བྱ་ལྟར། སྤྱོད་སྒོའི་རྩིས་སྤྲོད་དོ་དམ་ལ་ཤུགས་སྣོན་དང་བཟུང་གསབ་དོ་མཉམ་ཚད་ལྡན་དུ་བཏང་སྟེ། རྨོ་ཞིང“ཞིང་ལས་མ་ཡིན་པ་ཅན”དང་གཞི་རྩའི་ས་ཞིང“འབྲུ་རིགས་མིན་པ་ཅན”དུ་འགྱུར་བའི་རིགས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། རྨོ་ཞིང་གི་གྲངས་འབོར་དང་སྤུས་ཚད། སྐྱེ་ཁམས་བཅས“ཕྱོགས་གསུམ་གཞི་གཅིག”སྲུང་སྐྱོབ་བྱེད་པའི་ཤུགས་ཚད་ཆེ་རུ་གཏོང་བ་དང་། ས་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། རྒྱལ་ཁབ་ཀྱི་ས་ཞིང་ནག་པོ་སྲུང་སྐྱོབ་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱེད་པ།

ཞིང་ལས་ཀྱི་ངོས་ཁུངས་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཡུན་རིང་གི་གཞི་རྩའི་ཞིང་ས་ཚང་མ་རིམ་བཞིན་ཚད་གཞི་མཐོ་བའི་ས་ཞིང་དུ་འགྱུར་བར་བྱེད་དགོས།

གཉིས་པ། དེང་རབས་ཀྱི་ཞིང་ལས་ཚན་རྩལ་དང་སྒྲིག་ཆས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་བོན་ལས་རིགས་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས། སོན་ཁུངས་བདེ་འཇགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་སོན་ལས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་སྟེགས་བུ་གལ་ཆེན་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། སོན་རྒྱུའི་ཐོན་ཁུངས་འཚོལ་བསྡུ་དང་སྲུང་སྐྱོབ། གསར་སྤེལ་བེད་སྤྱོད་བཅས་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་ལ་ཤུགས་སྣོན་རྒྱག་པ། སྐྱེ་དངོས་སོན་གསོའི་ཐོན་ལས་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས་སོན་ལས་ཚན་རྩལ་རང་ཚུགས་རང་འཕེལ་དང་། སོན་ཁུངས་རང་བརྟེན་ཚོད་འཛིན་ཐུབ་པ་བྱེད་དགོས། ཡུལ་བབ་དང་བསྟུན་ཏེ་ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། བློ་རིག་ཞིང་ལས་དང་སྒྲིག་བཀོད་ཞིང་ལས་ཧུར་ཐག་སྒོས་འཕེལ་རྒྱས་སུ་གཏོང་དགོས།

གསུམ་པ།   རྣམ་པ་མང་ཞིང་གཞི་ཁྱོན་འཚམ་པོའི་གཉེར་སྐྱོང་འཕེལ་རྒྱས་སུ་གཏོང་དགོས། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ་དང་། འགན་གཙང་ལེན་བྱས་པའི་ས་ཞིང“དབང་གསུམ་ལོགས་འབྱེད”ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ། ཐུན་མོང་གི་བདག་དབང་དང་ཞིང་ཁྱིམ་འགན་གཙང་ལེན་གྱི་དབང་ཆ། ས་ཞིང་གཉེར་སྐྱོང་དབང་ཆ་བཅས་ཕན་ནུས་ལྡན་པའི་ངང་མངོན་འགྱུར་བྱེད་སྟངས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ས་ཞིང་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་བྱེད་པར་ཁྲིད་སྟོན་བྱེད་དགོས། དེང་རབས་ཀྱི་ཞིང་ལས་གཉེར་སྐྱོང་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་པའི་མཉམ་ལས་ཁང་དང་ཁྱིམ་ཚང་གི་ཞིང་ར་རིགས་གཉིས་ཀྱི་ཞིང་ལས་གཉེར་སྐྱོང་གཙོ་ཤུགས་འཕེལ་རྒྱས་གཏོང་རྒྱུ་དམིགས་སུ་བཀར་ནས་དམ་འཛིན་ཡག་པོ་བྱེད་པ། ས་ཞིང་ཚབ་གཉེར་དང་གཅིག་གྱུར་གྱིས་སྔོན་འགོག་དང་དབང་སྒྱུར་སོགས་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། ཞིང་ཁྱིམ་ཆུང་གྲས་དེང་རབས་ཀྱི་ཞིང་ལས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པར་སྣེ་ཁྲིད་བྱེད་དགོས།

བཞི་པ།  ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཞིང་ལས་ཐོན་སྐྱེད་ཀྱི་བཀོད་པ་དང་ས་ཁོངས་ཀྱི་བཀོད་པ་ཇེ་ལེགས་སུ་གཏོང་བ་དང་། འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དང་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་སྲུང་སྐྱོབ་ཁུལ། ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་བཟང་ཆ་ཁུལ་བཅས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་ནུས་ལྡན་ངང་མཁོ་སྤྲོད་བྱེད་པར་འགན་སྲུང་བྱེད་དགོས། ས་བོན་ཇེ་ལེགས་སུ་གཏོང་བ་དང་སྤུས་ཀ་ཇེ་ལེགས་སུ་གཏོང་བ། སྤུས་རྟགས་གཏོད་པ། ཚད་ལྡན་ཅན་དུ་ཐོན་སྐྱེད་བྱེད་པ་བཅས་ལ་སྐུལ་འདེད་གཏོང་བ་དང་། ཞིང་ལས་ལྗང་མདོག་འཕེལ་རྒྱས་ལ་མྱུར་དུ་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་གཉིས་པ།  གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཞིང་ལས་ཀྱི་སྤུས་ཚད་དང་ཕན་འབྲས། འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

                                                                                          ཡིག་སྒྱུར་བ། གཡང་འབུམ་རྒྱལ།