ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་སྐོར་གླེང་བ།
མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས།
“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་སྔར་བྱུང་མ་མྱོང་བའི་གསར་གཏོད་རང་བཞིན་གྱི་བྱ་གཞག་ཅིག་ཡིན་པས། སྔོན་དཔག་ཐུབ་པ་དང་སྔོན་དཔག་དཀའ་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་དང་། དཀའ་ངལ་དང་འགོག་རྐྱེན་སྣ་ཚོགས་བཅས་ལ་འཕྲད་སྲིད་པ་མ་ཟད། ཐ་ན་རྦ་རླབས་འཇིགས་སུ་རུང་བར་ཡང་འཕྲད་སྲིད”། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དུ་གསར་དུ་ཞུགས་པའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོ་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་ཚོགས་འགོ་རྩོམ་པའི་མཛད་སྒོའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སྤྱི་དང་རྒྱལ་ནང་གི་འཕེལ་ཕྱོགས་ཆེན་པོར་དབྱེ་ཞིབ་གཏིང་ཟབ་གནང་བ་དང་། ང་ཚོའི་མདུན་དུ་ལྷགས་པའི་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་སློང་ལ་ཚན་རིག་དང་མཐུན་པར་སྟངས་འཛིན་བྱས་ཏེ། “ངེས་པར་དུ་ཉེན་འབྱུང་གི་འདུ་ཤེས་ཆེ་རུ་གཏོང་བ་དང་། མཐའ་ཚད་ཀྱི་བསམ་བློ་རྒྱུན་འཁྱོངས། བདེ་སྡོད་ཉེན་དྲན་དང་མ་ཡོང་སྔོན་འགོག འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བཅས་བྱས་ཏེ། ཞུམ་མེད་འཐབ་རྩོད་བརྒྱུད་ནས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གསར་གཏོད་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པ་ནི་ང་ཚོའི་ཏང་གི་མངོན་གསལ་དོད་པའི་གཤིས་རྒྱུད་ཡིན་པ་དང་། ཏང་དང་མི་དམངས་ཀྱི་འགྲན་ཟླ་བྲལ་བའི་བསམ་བློའི་སྟོབས་ཤུགས་ཆེན་པོ་ཞིག་ཀྱང་ཡིན། འཐབ་རྩོད་ལ་བརྟེན་ནས་བདེ་འཇགས་ཡོང་ཐབས་བྱས་ན་བདེ་འཇགས་ཡོང་ཐུབ་པ་དང་། འོས་མེད་འགྲིག་ཐབས་ལ་བརྟེན་ནས་བདེ་འཇགས་ཡོང་ཐབས་བྱས་ན་བདེ་འཇགས་ཡོང་མི་ཐུབ་ཅིང་། འཐབ་རྩོད་ལ་བརྟེན་ནས་འཕེལ་རྒྱས་ཡོང་ཐབས་བྱས་ན་འཕེལ་རྒྱས་ཡོང་ཐུབ་པ་དང་། འོས་མེད་འགྲིག་ཐབས་ལ་བརྟེན་ནས་འཕེལ་རྒྱས་ཡོང་ཐབས་བྱས་ན་འཕེལ་རྒྱས་འབྱུང་མི་ཐུབ་པ་བཅས་ལོ་རྒྱུས་ལས་ཡང་ཡང་ར་སྤྲོད་བྱུང་ཡོད། ང་ཚོའི་ཏང་ནི་འཐབ་རྩོད་ལ་བརྟེན་ནས་ད་ལྟའི་བར་དུ་གནས་པ་ཡིན་པས། ངེས་པར་དུ་འཐབ་རྩོད་ལ་བརྟེན་ནས་མ་འོངས་བ་བརྩོན་ལེན་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར། རླབས་ཆེན་གྱི་འཐབ་རྩོད་གསར་བའི་ལོ་རྒྱུས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པ། འཐབ་རྩོད་ཀྱི་བློ་སྟོབས་ཇེ་བརྟན་དུ་གཏོང་བ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་བྱེད་པ། འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་འཇལ་བ། ཉེན་ཁ་ཚབས་ཆེན་འགོག་པ། འགོག་རྐྱེན་ཆེན་པོ་ཁྱད་བསད་དང་འགལ་ཟླ་གལ་ཆེན་ཐག་གཅོད་བཅས་བྱས་ཏེ། མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་ནས་དུས་རབས་གསར་པའི་རླབས་ཆེན་འཐབ་རྩོད་ཀྱི་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་བརྩོན་ལེན་བྱེད་དགོས།
འཐབ་ཇུས་ཀྱི་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱས་ཏེ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་གདེང་ཚོད་ཡོད་པར་བྱ་དགོས། དུས་རབས་གསར་པ་དང་སྐྱོད་ལམ་གསར་བར་རང་རྒྱལ་གྱི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་གོ་སྐབས་གསར་པ་དང་། འཐབ་ཇུས་ཀྱི་ལས་འགན་གསར་པ། འཐབ་ཇུས་ཀྱི་དུས་རིམ་གསར་པ། འཐབ་ཇུས་ཀྱི་བླང་བྱ་གསར་པ། འཐབ་ཇུས་ཀྱི་ཁོར་ཡུག་གསར་པ་བཅས་འཕྲད་ཡོད། མིག་སྔར། འཛམ་གླིང་ལ་ལོ་ངོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། དུས་རབས་ཀྱི་རིམས་ནད་ཀྱི་ཤུགས་རྐྱེན་གཏིང་ཟབ་པ། འཛམ་གླིང་ཅན་ལས་ལྡོག་པའི་བསམ་ཕྱོགས་ཡར་འཕེལ་བ་དང་། ཕྱོགས་གཅིག་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་མངོན་གསལ་གྱིས་འཕར་བ། འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་ཤུགས་ཞན་པ། ཆ་ཤས་སུ་གདོང་གཏུག་དང་ཟིང་ཆ་ཡང་ཡང་ཐོན་པ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཛ་དྲག་ཏུ་གྱུར་བ། འཛམ་གླིང་ཟང་ཟིང་གི་འཕོ་འགྱུར་གསར་པའི་དུས་སུ་སླེབས་པ། ཕྱི་ཕྱོགས་ཀྱི་ཉེན་ཁའི་འགྲན་སློང་ཐོག་མཐའ་བར་གསུམ་དུ་གནས་པ་མ་ཟད་ཉིན་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད། རང་རྒྱལ་གྱི་བཅོས་སྒྱུར་དང་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་ཐད་གཏིང་རིམ་ཟབ་པའི་འགལ་བ་མི་ཉུང་བ་ཞིག་གནས་ཡོད་པ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་ཞིང་། ཏང་འཛུགས་སྐྲུན་དང་ལྷག་པར་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ངན་རེངས་རང་བཞིན་དང་རྒྱུན་འབྱུང་རང་བཞིན་གྱི་གནད་དོན་མི་ཉུང་བ་ཞིག་གནས་ཡོད། རང་རྒྱལ་གྱི་འཕེལ་རྒྱས་ནི་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་སློང་བཅས་དང་མཉམ་དུ་གནས་པ་དང་། ངེས་གཏན་མེད་ཅིང་ཚོད་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བའི་དུས་སྐབས་སུ་སླེབས་ཡོད་པས། “ངང་བ་ནག་པོ”དང“བསེ་རུ་སྐྱ་བོའི”དོན་རྐྱེན་སྣ་ཚོགས་ནམ་ཡིན་ཡང་འབྱུང་སྲིད་ལ། ཁ་གཏད་འཇལ་དགོས་པའི་ཉེན་ཁ་དང་འགྲན་སློང་དང་། སྔོན་འགོག་འདུམ་སེལ་བྱེད་དགོས་པའི་འགལ་བ་དང་གནད་དོན་ནི་སྔར་ལས་ཛ་དྲག་དང་རྙོག་འཛིང་ཆེ་བ་རེད། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་འགན་འཁྲིའི་འདུ་ཤེས་དང་དམག་འཐབ་གྲ་སྒྲིག་གི་རྣམ་འགྱུར་རྒྱུན་འཁྱོངས་བྱས་ཏེ། འགལ་བ་སྣ་ཚོགས་དང་ཉེན་ཁ་ཆེན་པོའི་འགྲན་སློང་ལ་ཁ་གཏད་འཇལ་སྐབས་ཐོག་མཐའ་བར་གསུམ་དུ་ཁ་ཕྱོགས་གསལ་པོ་དང་། རིག་པ་དྭངས་གསལ། ཁ་གཏད་འཇལ་མཁས་པ། བྱ་སྤྱོད་ནུས་ལྡན་བཅས་ཡོང་བར་བྱེད་དགོས།
འཐབ་ཇུས་ཀྱི་རང་རྟོན་རྒྱུན་འཁྱོངས་བྱས་ནས་འཐབ་རྩོད་ཀྱི་གཏིང་ཤུགས་ཆེ་རུ་གཏོང་དགོས། དུས་རབས་གསར་པར་སླེབས་སྐབས། ཏང་དང་རྒྱལ་ཁབ་ཀྱི་མདུན་དུ་ལྷགས་པའི་གནས་བབ་རྙོག་འཛིང་ཆེ་བ་དང་། འཐབ་རྩོད་ཛ་དྲག་ཆེ་བ། བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་ལས་འགན་དཀའ་ཚེགས་ཆེ་བ་བཅས་ནི་འཛམ་གླིང་ཐོག་མཐོང་དཀོན་པ་དང་ལོ་རྒྱུས་ཐོག་མཐོང་དཀོན་པ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་དང་ལྡན་པའི་འགོ་ཁྲིད་འོག ང་ཚོའི་ཏང་གིས་མི་དམངས་དང་དམ་དུ་འབྲེལ་ནས། ཛ་དྲག་ཆེ་ཞིང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་འཇལ་བ་དང་། འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་ཆད་མེད་པར་གོང་ནས་གོང་དུ་སྤེལ་བ། དཀའ་ངལ་དང་ཉེན་ཁ་རེ་རེ་བཞིན་ཁྱད་བསད་བྱས་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཞིང་། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་ཐད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པ་དང་། ཏང་དང་། ཀྲུང་གོ་མི་དམངས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན། ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་བཅས་དུས་རབས21པའི་ཀྲུང་གོའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། ང་ཚོས་བློ་བརྟན་འགྱུར་མེད་སྒོས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་གྱི་ཕྱོགས་སུ་ལངས་ནས་མི་ཡུལ་གྱི་ཡང་དག་པའི་འགྲོ་ལམ་ཐོག་བསྐྱོད་པ་དང་དྲང་བདེན་གྱི་བྱ་གཞག་བསྒྲུབས་ཏེ། བློ་བརྟན་འགྱུར་མེད་སྒོས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པའི་ཁྲོད་རང་ངོས་ཀྱི་འཕེལ་རྒྱས་དོན་གཉེར་བྱེད་ཀྱིན་ཡོད་ལ། རང་ངོས་ཀྱི་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྔར་ལས་ལྷག་པར་སྲུང་སྐྱོང་བྱེད་ཀྱིན་ཡོད། མ་འོངས་པར་ཁ་ཕྱོགས་ཚེ། གོ་སྐབས་དང་གནས་བབ་ང་ཚོའི་ཕྱོགས་སུ་གནས་ཡོད། འདི་ནི་ང་ཚོའི་ངེས་ཤུགས་དང་གཏིང་ཤུགས་ཡིན་ལ། ང་ཚོའི་ཆོད་སེམས་དང་ཡིད་ཆེས་ཀྱང་ཡིན། ང་ཚོས་འཐབ་ཇུས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་། རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་རྒྱུན་འཁྱོངས་བྱེད་པ། དུས་རབས་གསར་པའི་ཏང་གི་གསར་སྐྲུན་གཞུང་ལུགས་དང་འཐབ་ཇུས་ཀྱི་བཀོད་སྒྲིག འཐབ་ཇུས་ཀྱི་བྱེད་ཐབས་བཅས་ལ་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། འགྲོ་ལམ་མི་འགྱུར་བ་དང་ཕུགས་བསམ་མི་འགྱུར་བ་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་འགྲོ་ལམ་ཐོག་ཡག་པོར་སྐྱོད་པ། བློ་གཅིག་སེམས་གཅིག་གིས་རང་ཉིད་ཀྱི་བྱ་བ་བཟང་བོར་སྒྲུབ་པ་བཅས་བྱས་ནས། བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གསར་གཏོད་བྱེད་དགོས། མདུན་སྐྱོད་ཀྱི་ལམ་བུའི་ཐོག་ཐོན་སྲིད་པའི་གོ་སྐབས་དང་འགྲན་སློང་གསལ་བོར་རྟོགས་པར་བྱས་ཏེ། འཐབ་རྩོད་ཀྱི་བློ་སྟོབས་དང་ལ་རྒྱ། གདེང་ཚོད་བཅས་ཆེ་རུ་གཏོང་བ་དང་། ལོག་བཤད་ལ་ཡིད་ཆེས་མི་བྱེད་པ་དང་། ངན་རེངས་ལ་དཔའ་མི་ཞུམ་པ། གནོན་ཤུགས་ལ་མི་སྐྲག་པ། དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད་བཅས་བྱས་ནས། རང་རྒྱལ་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས།
འཐབ་ཇུས་ཀྱི་རང་འགུལ་རྒྱུན་འཁྱོངས་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས། མིག་སྔར། འཛམ་གླིང་གི་འཕོ་འགྱུར་དང་། དུས་རབས་ཀྱི་འཕོ་འགྱུར། ལོ་རྒྱུས་ཀྱི་འཕོ་འགྱུར་བཅས་ལ་སྔར་བྱུང་མ་མྱོང་བའི་འགྱུར་ལྡོག་འབྱུང་བཞིན་ཡོད། འདི་ནི་བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་དུ་འཕྲད་མ་མྱོང་བ་ཞིག་ཡིན་པས། རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཞིབ་འཇུག་བྱ་གཞི་གསར་པ་དང་འགྲན་སློང་གསར་པ་རབ་དང་རིམ་པ་བཏོན་ཡོད་ཅིང་། ང་ཚོའི་འཐབ་རྩོད་ཀྱི་བློ་སྟོབས་དང་། འཐབ་ཇུས་ཀྱི་ནུས་པ། ཁ་གཏད་འཇལ་བའི་ཆུ་ཚད་བཅས་ལ་ཐད་ཀར་ཚོད་བགམ་བྱས་ཡོད། འགོ་ཁྲིད་ལས་བྱེད་པས་ཉེན་འབྱུང་གི་འདུ་ཤེས་འཛིན་ཤུགས་རྒྱུན་འཁྱོངས་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་པར་ཤུགས་སྣོན། སྔོན་དཔག་གི་ཇུས་གཞི་འདིང་བ་དང་རང་འགུལ་གྱི་དམག་འཐབ་ལེགས་པོར་རྒྱག་པ། ཉེན་ཁ་འགོག་ཟོན་དང་སེལ་བའི་འདུ་ཤེས་དང་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱེད་དགོས། ནུས་ཤུགས་ཇེ་དྲག་ཏུ་གཏོང་བར་ཤུགས་སྣོན་བྱས་ཏེ་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་ན་གཞོན་ལས་བྱེད་པར་བསམ་བློའི་ཐོག་ནས་སྦྱོང་བརྡར་དང་། ཆབ་སྲིད་ཐོག་ནས་སྦྱོང་བརྡར། ལག་ལེན་ཐོག་ནས་སྦྱོང་བརྡར། ཆེད་ལས་ཐོག་ནས་སྦྱོང་བརྡར་བཅས་བྱེད་པ་དང་། རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་འཐབ་རྩོད་ཁྲོད་ཉམས་སད་ཐེག་ཐུབ་པ་དང་། མཐོང་རྒྱ་ཆེ་བ། བློ་སྟོབས་འཕེལ་བ། འཇོན་ཐང་རྒྱས་པ་བཅས་བྱེད་དགོས། ཛ་དྲག་དང་རྙོག་འཛིང་ཆེ་བའི་འཐབ་རྩོད་ཁྲོད་ལས་བྱེད་པར་རྟོག་ཞིབ་དང་དབྱེ་འབྱེད་བྱེད་པར་དོ་སྣང་བྱས་ཏེ། འཐབ་རྩོད་བྱེད་ཕོད་པ་དང་། འགན་འཁྲི་འཁུར་ཕོད་པ། ལས་དོན་སྒྲུབ་ཕོད་པ། དམ་འཛིན་དོན་གཉེར་བྱེད་མཁས་པ། གཞན་ལ་ཕོག་ཐུག་གཏོང་བར་མི་སྐྲག་པའི་ལས་བྱེད་པར་རྒྱབ་སྐྱོར་དང་སྐུལ་སློང་བྱས་ནས་བློ་ལ་བབས་པ་དེ་བློ་ཁོག་ཆེན་པོས་བཀོལ་སྤྱོད་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་འགོ་རྩོམ་པའི་ལོ་ཡི་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས”ཞེས་ནན་བཤད་གནང་ཡོད། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་འགོ་རྩོམ་པའི་ལོ་ཡིན་ཞིང་། འགོ་རྩོམ་རྒྱུ་དེ་ཕྱོགས་ཡོངས་ལ་འབྲེལ་བ་ཡོད་པས། ང་ཚོས་འཐབ་རྩོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་འགྲན་སློང་གི་མདུན་བསུ་བ་དང་། འབད་འབུངས་ཡར་བརྩོན་ལ་བརྟེན་ནས་མ་འོངས་གསར་གཏོད་བྱེད་པ། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ལེགས་སྒྲུབ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་འགོ་ཡག་པོ་ཞིག་རྩོམ་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་རྨང་གཞི་བཟང་པོ་འདིང་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། “གཏན་ཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “འདུ་ཤེས་བཞི་”ཇེ་དྲག་ཏུ་གཏོང་བ་དང་།“ རང་རྟོན་བཞི་”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ། “དཀའ་ཁག་དང་ཉེན་ཁ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་མདུན་ཕྱོགས་སུ་སྐྱོད་པའི་”དཔའ་བོའི་བློ་སྟོབས་རྒྱུན་འཁྱོངས་བྱེད་པ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱེད་པ། ནུས་ཤུགས་ཡོད་རྒུས་མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་ལེན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྔར་ལས་མཛེས་སྡུག་ལྡན་པའི་ལེའུ་ཧུར་ཐག་གིས་འབྲི་དགོས།
ཡིག་སྒྱུར་བ།སྒྲོལ་མ་སྐྱིད།