གྲོལ་མ་ཐག་པའི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་མཚོ་སྔོན་ཞིང་ཆེན་དུ་ཚུར་སྣང་དྲག་པོ་བྱུང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཐོག་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་བ་དང་། དུས་རབས་ཀྱི་དགོས་མཁོ་དང་བསྟུན་པ། མི་དམངས་ཀྱི་བསམ་འདུན་མཚོན་པ་བཅས་བྱས་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་ནན་མོ་བྱས་ཏེ། རང་རྟོགས་སྒོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱེད་པ་དང་། བཅོས་སྒྱུར་ཀྱི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་བ། ལམ་ལུགས་ཀྱི་དགེ་མཚན་དེ་བཅོས་སྐྱོང་གི་ཕན་འབྲས་སུ་བསྒྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་འགན་ལེན་ནུས་ལྡན་བྱེད་དགོས་ཟེར།
སྤྱི་བསྒྲགས་ལས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ཐད་བཀོད་སྒྲིག་གལ་ཆེན་བྱས་ཡོད་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན།
མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཞིབ་འཇུག་ཁང་འཕེལ་རྒྱས་འཐབ་ཇུས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཝང་ཁེ་ཧྲོང་གིས་བཤད་རྒྱུར། “ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་སྒྱུར་བྱེད་པའི་ཇུས་གཞིར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། དེའི་དམིགས་ཡུལ་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་བཏང་སྟེ། མི་དམངས་ཀྱི་ཉིན་བཞིན་འཕེལ་རྒྱས་འགྲོ་བའི་དགའ་སྐྱིད་འཚོ་བའི་དགོས་མཁོ་སྔར་ལས་སྐོང་ཆེད་དང་། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན། མི་དམངས་མཉམ་དུ་ཕྱུག་པོར་འགྱུར་བ་བཅས་ལ་སྔར་ལས་སྐུལ་འདེད་གཏོང་ཆེད་རེད།” ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། སྒྲིག་གཞི་བཅོས་སྒྱུར་བྱ་རྒྱུ་དེ་གོ་སྐབས་སུ་འཛིན་པ་དང་། མང་ཚོགས་ཀྱིས་ཆེས་དོ་ཁུར་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ། མང་ཚོགས་ཀྱི་ཁེ་ཕན་དངོས་ཡིན་པ་བཅས་ཀྱི་གནད་དོན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་ནན་མོ་བྱས་ཏེ། མི་དམངས་ཀྱི་བློ་ལ་བབ་པའི་ཞབས་ཞུ་ཅན་གྱི་སྲིད་གཞུང་འཛུགས་སྐྲུན་བྱེད་པར་དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་གཞི་སྔར་ལས་མང་བ་འདོན་པར་འབད་བརྩོན་བྱས་ནས། ཇུས་འདོན་ལས་རོགས་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་ཡིན་ཟེར།
མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་ཆབ་སྲིད་པུའུ་ཞིབ་དཔྱོད་དཔོན་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཚུང་ལེང་གིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཐད་བཀོད་སྒྲིག་གལ་ཆེན་བྱས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་སྒྱུར་བྱེད་པའི་ཇུས་གཞི》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ཞིབ་དཔྱོད་ལས་ཁུངས་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་ཁུངས་ཞིག་ཡིན་པའི་ཆ་ནས། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་སྒྱུར་བྱེད་པའི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཞིབ་དཔྱོད་ཀྱི་བྱ་བ་ཡོད་ཚད་དེ“ཆབ་སྲིད་ཐོག་ནས་མཚོན་པའི”འདུ་ཤེས་བརྟན་པོར་བཙུགས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་རང་འགུལ་ངང་གཅིག་གྱུར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གི་དབང་ཟིལ་རང་བཞིན་དང་གཟབ་ནན་རང་བཞིན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། བཅོས་སྒྱུར་གྱི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་བ། སྒྲིག་གཞི་བཅོས་སྒྱུར་གྱི་ལས་འགན་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། སྤུས་ཚད་མཐོ་བའི་ཞིབ་དཔྱོད་ཀྱི་འགན་འཁྲི་བསྒྲུབས་པ་བཅས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་གསར་པ་འབུལ་དགོས་ཟེར།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་མི་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཀྲང་ཙན་དབྱང་གིས་བཤད་རྒྱུར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག 《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་སྒྱུར་གྱི་ཇུས་གཞིར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་གསར་པ་སྤོས་བ་རེད། “ང་ཚོས་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ། ཐོག་མཐའ་བར་གསུམ་དུ‘ངེས་པར་གསུམ’གྱི་བླང་བྱ་ལྟར། ཧུར་ཐག་གིས་དུས་རབས་འཕེལ་རྒྱས་གྱི་འཕོ་འགྱུར་ཆེན་པོ་དང་འཚམ་པར་བྱེད་པ་དང་མཉམ་འདྲེས་བྱས་ནས། སྒྲིག་གཞི་བཅོས་སྒྱུར་གྱི་ཕྱོགས་ཡོངས་ལ་བརྩི་འཇོག་དང་ཞབས་འདེགས་ཞུ་བ་དང་། རང་ངོས་གསར་བརྗེ་མུ་མཐུད་དུ་ལག་བསྟར་ནན་མོ་བྱེད་པ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་གཏོད་ཆེད་འཐབ་ཕྱོགས་གཅིག་གྱུར་ལས་བྱེད་པའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཟེར།
མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ལས་ཞུགས་ཡར་སྐུལ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ལིས་ཡུང་ཞིན་གྱིས་བཤད་རྒྱུར། སྤྱི་བསྒྲགས་ནང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་ནན་མོ་བཅས་བྱ་རྒྱུ་ནི་མིག་སྔར་དང་རྗེས་ཕྱོགས་དུས་སྐབས་ཤིག་གི་ཏང་ཡོངས་ཀྱི་ཆབ་སྲིད་ལས་འགན་ཨང་དང་པོ་ཡིན་པས། སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་བཅས་གཏིང་ཟབ་པའི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་མགོ་རྩོམ་པའི་ལོ་ཡིན། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་ལས་ཞུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་ནས། མཐོ་རིམ་སློབ་གྲྭའི་སློབ་མཐར་ཕྱིན་པའི་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་པ་དང་། རོང་འབྲོག་ཁུལ་གྱི་ངལ་ནུས་གཞན་སྒྱུར་ལས་ཞུགས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ལས་རིགས་རྩལ་ནུས་མཐོར་འདེགས་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་བ། ལས་ཞུགས་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བ། ཁེ་ལས་ཀྱི་དཀའ་ངལ་དང་ལས་གནས་བརྟན་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་སོགས་ཕྱོགས་ལྔའི་ཐད་ཤུགས་སྣོན་བརྒྱབ་ནས། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་གནས་བབ་བརྟན་བརླིང་ཡོང་བར་འགན་ལེན་བྱེད་རྒྱུ་ཡིན་ཟེར།
མཚོ་ཤར་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཆང་ཅན་ཧའེ་ཡིས་བཤད་རྒྱུར། ཧུའུ་ཀྲུའུ་རྫོང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་གཟིགས་ཞིབ་དང་ཐུགས་ཁུར། གཟིགས་སྐྱོང་བཅས་གནང་བའི་ས་ཆ་ཞིག་ཡིན་པས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་ངེས་པར་དུ་མདུན་གྲལ་དུ་བསྐྱོད་དེ་མིག་དཔེ་སྟོན་དགོས། ཧུའུ་ཀྲུའུ་རྫོང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ། ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱེད་པར་ཤུགས་སྣོན་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་གྲོང་གསེབ་དར་སྤེལ་གཏོང་བའི་རྒྱུན་སྲིང་དམག་འཐབ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་དམག་འཐབ། གནོད་ཤུལ་བསྐྱར་སྐྲུན་གྱི་མཁྲེགས་གཏོར་དམག་འཐབ་བཅས་དམག་འཐབ་གསུམ་ལེགས་པོར་སྤེལ་བ་དང་། འདེབས་འཛུགས་ལས་རིགས་དར་སྤེལ་དང་གྲོང་ཁྱེར་གསར་སྒྱུར། ཁེ་ལས་ལ་དྲོད་འཁོལ་སྦྱིན་པ་དང་དམངས་ལ་ཕན་འདོགས་པ། ཚོང་འགུགས་གནད་འཁེལ་བཅས་བྱ་སྤྱོད་བཞི་ལག་བསྟར་ནན་མོ་བྱེད་པ། འཇའ་ཚོན་གྱི་ཕ་ཡུལ་དང་སྣ་མང་ཞིང་ལས། ཧོར་རིགས་ཀྱི་འཚེམ་དྲུབ། ནས་ཆང་ཞིམ་པོ། རོགས་རེས་ཁྱིམ་ལས་བཅས་མིང་བྱང་ལྔ་རྒྱུན་མཐུད་ངང་ལེགས་པོར་སྒྲུབ་ནས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་གསར་པའི་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་གྲུབ་འབྲས་གསར་པ་མངོན་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་རྩོམ་པར་ཕན་ཚུན་རོགས་རེས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།
ཟི་ལིང་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཅུའུ་ཏང་ཨུའི་ཨུ་ཡོན་ནམ་ཆབ་སྲིད་ལས་དོན་ལྟ་སྐུལ་ཁང་གི་ཀྲུའུ་རིན་ཧྲའོ་ཧྭ་ཡིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་ནན་མོ་བཅས་བྱ་རྒྱུ་ནི་མིག་སྔར་དང་ཕྱིན་ཆད་དུས་སྐབས་ཤིག་གི་ཏང་ཡོངས་ཀྱི་ཆབ་སྲིད་ལས་འགན་ཨང་དང་པོ་ཡིན་པས། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་གཙོ་གནད་དུ་འཛིན་པ་དང་། འགྲིམ་འགྲུལ་དོ་དམ་གྱི་བཅོས་སྒྱུར་དམིགས་འབེན་དང་ལས་འགན་ལ་དམ་པོར་དམིགས་ནས། དེང་རབས་ཅན་གྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཞབས་ཞུའི་མ་ལག་ནུས་ཤུགས་ཡོད་རྒུས་བསྐྲུན་ཏེ། ཟི་ལིང་གི་དོན་དངོས་དང་འཚམ་ལ་ཟི་ལིང་གི་ཁྱད་ཆོས་ལྡན་པའི་འགྲིམ་འགྲུལ་དོ་དམ་ཞབས་ཞུ་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བསྐྲུན་དགོས་ཟེར།
མཚོ་ཤར་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའམ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིས་ཡུང་གན་གྱིས་བཤད་རྒྱུར། སྤྱི་བསྒྲགས་ནང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་ཏང་འཛུགས་སྐྲུན་ཐད་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ལག་ལེན་དོན་འཁྱོལ་ནན་མོ་བྱས་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་ཀྱི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་འདོམས་བྱེད་པ། ཏང་གི་ཕྱོགས་སོ་སོའི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་འགོད་གསར་པ་གཏིང་ཟབ་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཟེར།
“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྤྱི་བསྒྲགས་ནང་། གཟབ་ནན་གྱི་རྩ་བའི་དགོངས་གཞིར་བརྟེན་ནས་སྤྱོད་བཟང་སྒྲིག་ནན་ཇེ་དྲག་ཏུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། སྤྱོད་ཚུལ་བཞི་ཡོ་བསྲང་བྱེད་པ་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་དགོས་ཞེས་བསྟན་ཡོད།” ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཏང་བཅོས་སྐྱོང་ནན་མོ་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཡོངས་ཁྱབ་ཏུ་ཐོན་པ་དང་ཡང་ཡང་ཐོན་པའི་གནད་དོན་དམ་འཛིན་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྲུན་གྱི་ཆེད་དོན་བྱ་སྤྱོད་སྤེལ་བ། མང་ཚོགས་ཀྱིས་སེམས་ཁྲལ་དང་དོ་ཁུར་བྱེད་པའི་གནད་དོན་འཚོལ་ཞིབ་ལེགས་པོ་བྱས་ཏེ། རྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱེད་པར་སྔར་ལས་དོ་སྣང་བྱེད་པ་དང་། རུལ་སུངས་བྱེད་མི་འདོད་པ་དང་རུལ་སུངས་བྱེད་མི་ཕོད་པ། རུལ་སུངས་བྱེད་མི་རུང་བ་བཅས་ལ་སྐུལ་འདེད་གཏོང་བའི་ཐད་བཅོས་སྐྱོང་གི་ཕན་འབྲས་སྔར་ལས་ཆེ་བ་ཐོབ་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཧི་པེན་གྱིས་བཤད་རྒྱུར། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པར། བདེན་སྲུང་གསར་སྐྲུན་བྱ་རྒྱུ་དེ་གོ་གནས་གཙོ་བོར་འཇོག་པ་རྒྱུན་འཁྱོངས་གྱིས་གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་ཁྲིད་ཕྱོགས་བརྟན་པོར་འཛུགས་དགོས། མདོ་ལ་རྫོང་གིས་རྫོང་རིམ་པའི་ཏང་ཡོན་ལས་བྱེད་པས་ཡུལ་ཚོ་དང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོའི་འགན་འཁུར་བའི་རྐྱེན་སྲོལ་འཛུགས་པར་བརྟེན་ནས། རྫོང་དང་ཡུལ་ཚོ་གཞི་གཅིག་ཅན་གྱི་འགན་འཁྲིའི་མ་ལག་གསར་སྐྲུན་བྱེད་པ་དང་། མཐའ་འབྲེལ་གྲོང་ཁྱེར་དང་རྫོང་གི་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་ནས། ཏང་འཛུགས་སྐྲུན་གྱི་ཐོན་ཁུངས་དང་སྤྱི་ཚོགས་ཀྱི་ཐོན་ཁུངས་ལེགས་བསྡུས་བེད་སྤྱོད་བྱེད་པ་དང་ཆབས་ཅིག སྡེ་ཁུལ་གྱི་ཏང་ཨུ་ཆེན་པོ་དང་གསར་བརྗེའི་སྡེ་ལས་ཀྱི་དཔེ་སྟོན་ནུས་པ་འདོན་སྤེལ་བྱས་ཏེ། གྲོང་ཁྱེར་གྱི་ཏང་འཛུགས་སྐྲུན་གྱིས་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ་དང་། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྲུན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས་ཟེར།
ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་རྩ་འཛུགས་ཚན་ཁག་གི་ལས་བྱེད་པ་ལིག་མེན་ཆོན་གྱིས་བཤད་རྒྱུར། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བའི་གཙོ་གནད་ལ་དམིགས་ནས། རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་རྐྱེན་སྲོལ་དམ་འཛིན་བྱེད་པ། དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་ཀྱི་ཐད་ཤུགས་སྣོན་བྱེད་པ་དང་། ཏང་འཛུགས་སྐྲུན་དམ་འཛིན་དང་གྲོང་གསེབ་དར་སྤེལ་གཏོང་བའི་ལས་དོན་ལ་སྐུལ་འདེད་ནན་མོ་གཏོང་བ། ཏང་འཛུགས་སྐྲུན་གྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ལོ་གསུམ་བྱ་སྤྱོད་ལ་སྐུལ་འདེད་ནན་མོ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི“སྣེ་ཁྲིད་པ”ལེགས་འདེམས་བཀོད་སྒྲིག་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཏང་འཛུགས་སྐྲུན་དམ་འཛིན་དང་བཅོས་སྐྱོང་དམ་འཛིན། ཞབས་ཞུ་དམ་འཛིན་བཅས་ཀྱི་ནུས་པ་མུ་མཐུད་དུ་ཆེ་རུ་གཏོང་བ་བཅས་བྱས་ནས། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ནུས་ཤུགས་གཅིག་སྒྲིལ་གྱིས་དེང་རབས་ཀྱི་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་ཟི་ལིང་འཛུགས་སྐྲུན་བྱེད་པར་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་འདོན་སྤྲོད་བྱེད་དགོས་ཟེར།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།