ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་ཆུའི་ཐོན་ཁུངས་འགན་སྲུང་ལ་ཤུགས་སྣོན་རྒྱུའི་གྲོས་གཞི་བཏོན་པ།
2023.03.07 ཁུངས། མཚོ་སྔོན་ཁྲིམས་ལུགས་ཚགས་པར། ཀློག་གྲངས། 18

 དུས་ཡུན་རིང་བོའི་འབད་འཐབ་བརྒྱུད་དེ། རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་བཟང་པོ་བླངས་པ་དང་། རྨ་ཆུའི་དཀྱིལ་སྨད་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལ་ཆུ་འདོན་སྤྲོད་བྱེད་པའི་སྟེང་བྱས་རྗེས་གལ་ཆེན་བཞག་ན་ཡང་། རང་སྟེང་གི་ཆུ་དཀོན་པའི་གནད་དོན་དེ་ས་ཁུལ་གྱི་འཕེལ་རྒྱས་བཀག་འགོག་བྱེད་པའི་གནད་དོན་གལ་ཆེན་དུ་གྱུར་ཡོད། དེར་བརྟེན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་ཡིག་ཐོག་གཏམ་བཤད་དང་གྲོས་གཞི་སྤྲད་དེ། རྨ་ཆུའི་བཞུར་རྒྱུད་མཚོ་སྔོན་བར་མཚམས་ཀྱི་སྲུང་སྐྱོང་བཅོས་སྐྱོང་ལ་ཤུགས་བསྣན་ནས། བཞུར་རྒྱུད་ས་ཁོངས་ཀྱི་ཆུའི་ཐོན་ཁུངས་འགན་སྲུང་ཇེ་དྲག་ཏུ་གཏོང་རྒྱུའི་གྲོས་གཞི་བཏོན།

རྡོ་རྗེ་རབ་བརྟན་གྱིས། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་གོང་འོག་ཡོངས་ཀྱི་རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་བཟུང་བ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་འགན་འཁྲི་ཁག་ཁུར་ཕྲག་ཏུ་བླངས་ནས། ནན་ཏན་ཕན་ལྡན་གྱི་བྱ་བར་བརྟེན་ནས་རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་སྐྱེ་ཁམས་མ་ལག་ལེགས་སྒྱུར་བྱེད་པར་སྐུལ་འདེད་བཏང་བས། རྨ་ཆུའི་མངོན་གསལ་སྒོས་ཇེ་ཆེ་སོང་ལ། ཀྲུང་ཧྭའི་ཆུ་མཛོད་ཀྱི་ཆུ་གསོག་རྩོལ་ནུས་རྒྱུན་མ་ཆད་པར་ཇེ་ཆེར་སོང་ན་ཡང་། ཞིང་ཆེན་ནང་ཁུལ་དུ་ད་དུང་ཆུའི་ཐོན་ཁུངས་མཁོ་སྤྲོད་ཀྱི་འགལ་རྩོད་འབུར་ཐོན་ཡིན་པ་དང་ཆུ་བེད་བཟོ་སྐྲུན་འཛུགས་སྐྲུན་ཐད་ཀྱི་དངུལ་གཏོང་ཚད་མི་འདང་བ་སོགས་ཀྱི་གནད་དོན་ཡོད་པས། བཞུར་རྒྱུད་ནང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་འགན་འཁྲི་ཧ་ཅང་ལྕི་ཟེར།

རྡོ་རྗེ་རབ་བརྟན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱིས་རྨ་ཆུའི་བཞུར་རྒྱུད་ཐད་བཞག་པའི་བྱས་རྗེས་དང་མཚོ་སྔོན་འཕེལ་རྒྱས་ཀྱི་དགོས་མཁོ་ལ་བསམ་གཞིགས་བཏང་ནས། བརྒྱད་བདུན་ཆུ་བགོ་ཇུས་གཞི་ལེགས་སྒྲིག་བྱེད་སྐབས་འོས་འཚམ་དང་ལུགས་མཐུན་སྒོས་རྒྱབ་སྐྱོར་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་ལ་གཞན་དང་མི་འདྲ་བའི་ནོར་སྲིད་དང་དངུལ་གཏོང་སྲིད་ཇུས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ། མཚོ་སྔོན་གྱིས་སྔར་ལས་བཟང་བའི་སྒོ་ནས་རྨ་ཆུའི་མགོ་ཁུངས་ཀྱི་སྲུང་སྐྱོབ་བཅོས་སྐྱོང་བྱ་བ་སྣ་ཚོགས་བཟང་པོར་བསྒྲུབ་པར་རྒྱབ་སྐྱོར་བྱེད་པ། ཚྭ་འདམ་གཞོང་གི་འཐབ་ཇུས་གོ་གནས་དང་ཚྭ་གཏེར་ཐོན་ཁུངས་གསར་སྤེལ་གྱི་འཐབ་ཇུས་དོན་སྙིང་ལ་བསམ་གཞིགས་བཏང་ནས། འབྲི་ཆུ་ཚྭ་འདམ་གཞོང་དུ་འདྲེན་པའི་ཆུ་འདྲེན་བཟོ་སྐྲུན་གྱི་དུས་སྐབས་སྔོན་མའི་བྱ་བ་མྱུར་དུ་བསྒྲུབ་པ་དང་། ལས་གཞི་དེ་རྒྱལ་ཁབ་ཆུ་དྲའི་རྐང་འཛིན་བཟོ་སྐྲུན་ཁྲོད་འཇོག་པ། རྨ་ཆུའི་བཞུར་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཉེ་དུས་དང་ཡུན་རིང་གི་ཆུ་བཀོལ་དགོས་མཁོ་ལ་བསམ་གཞིགས་གཏོང་བ་དང་། ལྷོ་ཆུ་བྱང་འདྲེན་གྱི་ནུབ་ལམ་བཟོ་སྐྲུན་འཆར་གཞིའི་ཁྲོད་མཚོ་སྔོན་གྱི་ཞུ་གཏུག་ལ་བསམ་གཞིགས་བཏང་སྟེ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་རྨང་གཞི་བརྟན་པོ་འདིང་རྒྱུ་བཅས་ཀྱི་གྲོས་གཞི་བཏོན།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།