དྲི་བ་ཞེ་གསུམ་པ།གོ་ལ་ཧྲིལ་པོར་ཁ་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་བ་རྒྱ་བསྐྱེད་དགོས་དོན་ཅི་ཡིན་ནམ།
2023.03.07 ཁུངས། ཏང་གི་ཚོགས་ཆེན་ཐངས་ཉི་ཤུ་བའི་སྙན་ཞུའི་སློབ་སྦྱོང་དང་དྲི་བ་བརྒྱ་རྩ། ཀློག་གྲངས། 26

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“གོ་ལ་ཧྲིལ་པོར་ཁ་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་བ་རྒྱ་བསྐྱེད་དགོས”ཞེས་བསྟན་ཡོད། དེས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་རང་རྒྱལ་གྱི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བར་ཁ་ཕྱོགས་དང་དམིགས་འབེན། བླང་བྱ་བཅས་གསལ་བོར་བཏོན་ཡོད།

དུས་ཡུན་རིང་པོའི་འཕེལ་རྒྱས་དང་ལྷག་པར་དུ་དུས་རབས་གསར་པའི་ལོ་བཅུའི་རིང་འབད་བརྩོན་བྱས་པ་བརྒྱུད། རང་རྒྱལ་གྱི་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། རོགས་ཟླ་རྒྱུན་ཆད་མེད་པར་ཇེ་མང་དུ་ཕྱིན་པ། ནང་དོན་ཉིན་རེ་བཞིན་འཐུས་ཚང་དུ་ཕྱིན་ནས་མཐའ་འཁོར་དུ་གཞི་ཚུགས་པ་དང་། “རྒྱུད་གཅིག་ལམ་གཅིག”ལ་ཁྱབ་འགྱེད་ཐུབ་པ། གོ་ལ་ཧྲིལ་པོར་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་བ་ཞིག་རགས་ཙམ་ཆགས་ཡོད། ཚོང་དོན་པུའུ་ཡིས་བསྡོམས་རྩིས་བྱས་པ་ལྟར་ན། རང་རྒྱལ་གྱིས་རྒྱལ་ཁབ་དང་ས་ཁུལ26དང་རང་མོས་ཉོ་ཚོང་གི་གྲོས་ཆོད19ལ་མིང་རྟགས་བཀོད་པ་དེ་ཡ་གླིང་དང་རྒྱ་མཚོ་ཆེན་པོའི་གླིང་ཆེན། ལ་ཏེན་མེ་གླིང་། ཡོ་རོབ་དང་ཨ་ཧྥེ་རི་ཁ་བཅས་ལ་ཁྱབ་ཡོད། 2022ལོའི་ཟླ1པའི་ཚེས1ཉིན། འཛམ་གླིང་སྟེང་གི་མི་གྲངས་ཆེས་མང་བ་དང་། དཔལ་འབྱོར་ཉོ་ཚོང་གི་གཞི་ཁྱོན་ཆེས་ཆེ་བ། འཕེལ་རྒྱས་ཀྱི་སྦས་ཤུགས་ཆེས་ཆེ་བ་བཅས་ཀྱི་རང་མོས་ཉོ་ཚོང་ཁུལ་གྱི་གྲོས་ཆོད《ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》(RCEP)ལ་ནུས་པ་ཐོན། རང་རྒྱལ་གྱིས་མིང་རྟགས་བཀོད་ཟིན་པའི་རང་མོས་ཉོ་ཚོང་གི་གྲོས་ཆོད་ཀྱི་ནང་དོན་ནས་བལྟས་ན། དངོས་ཟོག་ཉོ་ཚོང་གི་ཁྱབ་ཁོངས་ནང་རང་རྒྱལ་དང་རང་མོས་ཉོ་ཚོང་ཁུལ་གྱི་རོགས་ཟླའི་དངོས་ཟོག་གི་སྒོ་ཁྲལ་ཚད་གཞི་ཇེ་དམའ་རུ་ཕྱིན་ཡོད། ཞབས་ཞུའི་ཉོ་ཚོང་གི་ཁྱབ་ཁོངས་ནང་རང་རྒྱལ་གྱིས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ནང་ཞུགས་རྒྱུའི་ཁས་ལེན་ལག་བསྟར་བྱས་པའི་རྨང་གཞིའི་སྟེང་། ཆོད་དོན་ནང་གི་ཞབས་ཞུའི་ལས་རིགས་ཀྱི་སྒོ་འབྱེད་སྡེ་ཁག་སྔར་ལས་མང་བ་ཡོད་པ་དང་། དེ་སྔོན་ཁས་ལེན་བྱས་པའི་སྡེ་ཁག་གི་སྒོ་འབྱེད་ཆུ་ཚད་སྔར་ལས་མཐོ་རུ་ཕྱིན་ཡོད། རང་རྒྱལ་གྱིས་རང་མོས་ཉོ་ཚོང་ཁུལ་གྱི་སྒྲིག་སྲོལ་གྲོས་འགོའི་ཐད་ལའང་ཕན་ལྡན་ཚོད་ལྟ་བྱས་ཏེ། གྲོས་མོལ་ཁྱབ་ཁོངས་དེ་འགྲན་རྩོད་སྲིད་ཇུས་དང་གློག་རྡུལ་ཚོང་དོན། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཕྱོགས་སུ་རྒྱ་སྐྱེད་བཏང་བ་དང་། ཕྱོགས་ཡོངས་དང་སྣ་མང་པོའི་ཐོག་ནས་སྒྲིག་སྲོལ་གྲོས་མོལ་དང་སྒྲིག་སྲོལ་མཉམ་ལས་ལ་སྐུལ་འདེད་བཏང་། རང་རྒྱལ་གྱིས་རང་མོས་ཉོ་ཚོང་ཁུལ་གྱི་འཛུགས་སྐྲུན་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་བཏང་བ་དང་། བབ་བསྟུན་རང་བཞིན་དང་དངོས་སྒྲུབ་རང་བཞིན་ལ་ལྟ་རྟོག་བྱས་པ། མཉམ་ལས་བྱེད་སྟངས་གསར་གཏོད་བྱས་པ། མཉམ་ལས་རོགས་ཟླའི་རྒྱབ་སྐྱོར་ཐོབ་པ་བཅས་དང་།  རང་རྒྱལ་གྱིས་སྒོ་འབྱེད་ཁོང་ཡངས་དང་དོ་སྙོམས་གཉིས་ཕན་སོགས་ཀྱི་མཉམ་ལས་འདུ་ཤེས་བཏོན་པར་མཉམ་ལས་རོགས་ཟླའི་ཁས་ལེན་ཐོབ་ཡོད།

གོ་ལ་ཧྲིལ་པོར་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་བ་རྒྱ་བསྐྱེད་རྒྱུ་ནི་རང་རྒྱལ་གྱིས་ཆུ་ཚད་སྔར་ལས་མཐོ་བའི་སྒོ་ནས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་འཐབ་ཇུས་བྱ་ཐབས་ཤིག་ཡིན། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པ་ནི་ཀྲུང་གོའི་འཕེལ་རྒྱས་ཀྱི་འགག་རྩའི་བྱེད་ཐབས་ཤིག་ཡིན། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་གཏོད་པ་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྒྱལ་སྤྱིའི་འཁོར་སྐྱོད་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་སྟེ། རྒྱལ་ནང་གི་འཁོར་རྒྱུག་ཆེན་མོའི་ནང་གནས་སྒུལ་ཤུགས་དང་བློས་འགེལ་ཆོག་པའི་རང་བཞིན་ཆེ་རུ་གཏོང་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་སྒྲིག་ལམ་དང་སྒྲིག་སྲོལ། དོ་དམ། ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་མོ་བརྟན་པོའི་ངང་འབྱེད་དགོས་ཞེས་བཏོན་ཡོད། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་གི་གྲོས་ཆོད་ནང་དངོས་ཟོག་ཉོ་ཚོང་། ཞབས་ཞུའི་ཉོ་ཚོང་དང་མ་དངུལ་གཏོང་བ། སྲིད་གཞུང་གི་ཉོ་སྒྲུབ་སོགས་ཁྲོམ་རར་འཇུག་འཁྲོལ་ཁྱབ་ཁོངས་ཀྱི་སྒོ་འབྱེད་ཆུ་ཚད་སྔར་ལས་མཐོ་རུ་འགྲོ་བ་དང་། སྒྲིག་སྲོལ་ཁྱབ་ཁོངས་ཁོར་ཡུག་ཚུད་པའི་ཕྱོགས་མང་གི“མཐའ་མཚམས་ནས་མཐའ་མཚམས་ནང་ཁུལ་དུ་འདྲེན་པའི”བྱེད་ཐབས་སུ་སྔར་ལས་སྣུར་བསྲིང་བྱེད་ཀྱིན་ཡོད། གོ་ལ་ཧྲིལ་པོར་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་བ་རྒྱ་བསྐྱེད་གཏོང་རྒྱུ་དང་། རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་ནས“ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་། སྤུས་ཚད་མཐོ་རུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ”བཅས་ལ་སྐུལ་འདེད་གཏོང་རྒྱུ་དེ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་རའི་ཐོན་ཁུངས་གཉིས་ཀྱི་མཉམ་འགུལ་ཕན་འབྲས་ཆེ་རུ་གཏོང་རྒྱུ་དང་། ཉོ་ཚོང་ཐད་མ་དངུལ་གཏོང་བ་དང་མཉམ་ལས་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཕན་ཐོགས་ཡོད།

གོ་ལ་ཧྲིལ་པོར་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་བ་རྒྱ་བསྐྱེད་རྒྱུ་ནི་རང་རྒྱལ་གྱིས་སྔར་ལས་གཏིང་ཟབ་པའི་སྒྲིག་གཞི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་རེད། བཅོས་སྒྱུར་སྒོ་འབྱེད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་རྒྱུན་མི་ཆད་པར་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་བ་དང་། ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་ཤུགས་ལ་སྐུལ་སྤེལ་བཏང་བས། ཀྲུང་གོས་གོམ་སྟབས་ཆེན་པོ་སྙེག་ཏེ་དུས་རབས་ཀྱི་རྗེས་ཆོད་ཡོད། བཅོས་སྒྱུར་སྒོ་འབྱེད་བྱེད་པའི་དུས་ལ་ནམ་ཡང་རྫོགས་མཐའ་མེད། རང་རྒྱལ་ལ་ད་དུང་སྒྲིག་སྲོལ་རང་བཞིན་གྱི་བཀག་རྒྱ་ཁག་ཅིག་གནས་ཡོད་པ་དང་། ཁྱབ་ཁོངས་གཙོ་བོའི་ བཅོས་སྒྱུར་ལ་ད་དུང་དཀའ་གནད་མི་ཉུང་བ་ཞིག་གནས་ཡོད་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ད་དུང་བཀག་རྒྱ་མང་པོ་ཞིག་གནས་ཡོད། གོ་ལ་ཧྲིལ་པོར་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་བ་རྒྱ་བསྐྱེད་པ་དང་། ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་སྲོལ་དང་སྦྲེལ་མཐུད་ནན་མོ་བྱེད་པ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་ཚེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས། གསར་སྐྲུན་བཅས་ལ་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ཐོན་ནས། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུར་སྒུལ་ཤུགས་ཆེན་པོ་མཁོ་འདོན་ཐུབ་པར་ཕན་པ་ཡོད།

གོ་ལ་ཧྲིལ་པོར་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་བ་རྒྱ་བསྐྱེད་རྒྱུ་ནི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་དངོས་ཡོད་བླང་བྱ་ཞིག་རེད། ཉེ་བའི་ལོ་འགའི་རིང་ལ། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དུ་འགྱུར་ཚད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སོང་བ་དང་། ས་ཁོངས་རང་མོས་ཉོ་ཚོང་གི་བཀོད་སྒྲིག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་སྟེ་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོས་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་སྲོལ་བསྐྱར་སྒྲིག་ལ་སྐུལ་འདེད་ཇེ་མགྱོགས་སུ་བཏང་བ་དང་། ཆུ་ཚད་མཐོ་བའི་རང་མོས་ཉོ་ཚོང་ཁུལ་དེ་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ཀྱི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད། གོ་ལ་ཧྲིལ་པོར་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་བ་རྒྱ་བསྐྱེད་རྒྱུ་དང་། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་ལམ་སྲོལ་བཟོ་རྒྱུའི་ནང་ཧུར་ཐག་ཞུགས་རྒྱུ་དེ་ནི་རང་རྒྱལ་གྱིས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་འཕེལ་རྒྱས་དང་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་བསྐྱར་དུ་འཛུགས་པའི་འཕེལ་ཕྱོགས་གསར་པ་དང་བསྟུན་པར་སྣེ་ཁྲིད་བྱས་ནས། སྔར་ལས་དྲང་གཞག་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད།

རང་རྒྱལ་གྱིས“ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་། སྤུས་ཚད་མཐོ་རུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ”བཅས་ཕྱོགས་གསུམ་གྱི་ཐད་ནས་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོར་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་བ་རྒྱ་བསྐྱེད་ནས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་ཆེད་ལམ་སྲོལ་རང་བཞིན་གྱི་འགན་སྲུང་བྱས་ཏེ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཀྱིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་སྔར་ལས་ལེགས་པའི་སྒོ་ནས་འཛུགས་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།