ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་སྤྱི་འདོམས་བྱས་ཏེ་ཏང་གི་ཕྱོགས་སོ་སོའི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།
2023.03.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 61

—ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས།

ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་དེ་ནམ་ཡང་ལམ་དུ་ཡོད་པ་དང་། ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ལམ་དུ་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་ཐད་ལ་བླང་བྱ་གསལ་པོ་བཏོན་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་ཏང་འཛུགས་སྐྲུན་ཐད་ལ་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་པ་ལག་ལེན་མཐར་ཕྱིན་ནན་མོ་བྱ་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱ་རྒྱུའི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་རྒྱུན་འཁྱོངས་བྱ་དགོས་ལ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ། ཏང་གི་ཆབ་སྲིད་འཛུགས་སྐྲུན་བྱ་རྒྱུ་གཙོ་གནད་དུ་འཛིན་པ། ཏང་གི་ཕྱོགས་སོ་སོའི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་བྱེད་པའི་རླབས་ཆེན་བཟོ་སྐྲུན་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས།

ཆབ་སྲིད་འཛུགས་སྐྲུན་ནི་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྲུན་ཡིན་པས། ཏང་འཛུགས་སྐྲུན་བྱེད་པའི་ཁ་ཕྱོགས་དང་ཕན་འབྲས་ཐག་གཅོད་ཐུབ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་སྤྱི་འདོམས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནི་ཆབ་སྲིད་ཀྱི་རྩ་དོན་ཆེས་མཐོ་བ་ཡིན་པ་རྒྱུན་འཁྱོངས་བྱས་ནས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་འགན་ལེན་ཏན་ཏིག་བྱེད་པ་དང་། ཏང་གིས་ཕྱོགས་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་བྱེད་པ་དང་ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱེད་པར་འགན་ལེན་ཏན་ཏིག་བྱས་ཏེ། ཏང་ཡོན་བྱེ་བ་དགུ་དང་ས་ཡ་དྲུག་ལྷག་ཡོད་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་འདི་སྔར་ལས་མཐུན་སྒྲིལ་གཅིག་གྱུར་ཡོང་བར་འགན་ལེན་བྱ་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་བླང་བྱ་གསལ་པོ་དོན་ཐོག་ཏུ་འཁྱོལ་བ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ཏེ། ཕྱོགས་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་གང་ཅི་མཐུན་སྦྱོར་བྱེད་པའི་ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཆེ་རུ་བཏང་ནས། ཏང་གིས་ཁ་ཕྱོགས་འཛིན་པ་དང་ཕྱོགས་ཡོངས་ལ་འཐབ་ཇུས་འདོན་པ། སྲིད་ཇུས་གཏན་འཁེལ་བྱེད་པ། བཅོས་སྒྱུར་གྱི་ནུས་པ་ཆེ་རུ་བཏང་སྟེ་ཏང་ཡོངས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ནས། ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་འགན་ལེན་བྱེད་དགོས།

བསམ་བློའི་འཛུགས་སྐྲུན་ནི་ཏང་གི་རྨང་གཞིའི་རང་བཞིན་འཛུགས་སྐྲུན་ཡིན་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་རྒྱུ་ནི་ཏང་གི་བསམ་བློ་འཛུགས་སྐྲུན་བྱེད་པའི་རྩ་བའི་ལས་འགན་ཡིན། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་བསྐྱེད་བྱེད་པ་དང་། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་འདིའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་།“ཟུང་འབྲེལ་གཉིས”དང་།“ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་དྲུག”བཅས་ལ་གོ་བ་ཟབ་མོ་བླངས་ཚེ། གཞི་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་ཐུབ་པ་དང་། འགལ་ཟླ་དང་གནད་དོན་སྣ་ཚོགས་དང་ཉེན་ཁ་དང་འགྲན་སློང་གལ་ཆེན་ལ་འཕྲད་སྐབས་ཁ་ཕྱོགས་གསལ་པོ་དང་རིག་པ་དྭངས་གསལ། ཁ་གཏད་འཇལ་ཐུབ་པ། བྱ་སྤྱོད་ནུས་ལྡན་བཅས་བྱེད་ཐུབ། ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་བའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། ཚན་རིག་དང་མཐུན་པར་ཇུས་འགོད་བྱེད་པ། སྒྲིག་འཛུགས་ཞིབ་ཚགས་བྱེད་པ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱེད་པ། སློབ་སྦྱོང་དང་བསམ་བློ། བེད་སྤྱོད། ཤེས་རྟོགས། ཉམས་ལེན་གཅིག་གྱུར་བཅས་རྒྱུན་འཁྱོངས་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་ཕུགས་བསམ་བརྟན་པོ་དང་ཏང་གཤིས་སྦྱོང་བརྡར། ལག་ལེན་ལ་ཁྲིད་སྟོན། བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས།

ཏང་སྲོལ་གྱི་གནད་དོན་དེ་སྲིད་འཛིན་ཏང་གི་ཤི་གསོན་ཆགས་འཇིག་དང་འབྲེལ་བ་ཡོད། སྤྱོད་ཚུལ་ལེགས་སྐྱོང་དང་སྒྲིག་ཁྲིམས་གཟབ་ནན་དུ་གཏོང་རྒྱུ་རྒྱུན་འཁྱོངས་དང་། ཏང་གཤིས་དང་ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཀྱི་ནང་གནས་འབྲེལ་བ་དམ་འཛིན་བྱེད་པ།“སྤྱོད་ཚུལ་བཞི”དང་རུལ་སུངས་ཀྱི་སྤྱོད་ཚུལ་འབྱུང་ཁུངས་གཅིག་ཡིན་པ་དང་། སྤྱོད་ཚུལ་རུལ་སུངས་བཅས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པ་བྱེད་པ། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་དེ་ཐོག་མཐའ་བར་གསུམ་དུ་ཡུན་རིང་ནུས་ལྡན་གྱི་སྒྲིག་ལམ་ནན་མོར་བརྩི་བ།“སྤྱོད་ཚུལ་བཞི”མུ་མཐུད་དུ་ལེགས་བཅོས་ནན་མོ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཙོ་གནད་ཀྱིས་ལེགས་བཅོས་བྱེད་པ། དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་བྱ་སྤྱོད་མཐའ་གཅིག་ཏུ་མེད་པར་བཟོ་བ་བཅས་བྱེད་དགོས། རུལ་སུངས་ནི་ཏང་གི་སྐྱེ་སྟོབས་དང་འཐབ་འཛིང་ནུས་ཤུགས་ལ་གནོད་འཚེ་གཏོང་བའི་དུག་སྐྲན་ཆེ་ཤོས་ཡིན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པ་ནི་རང་ཉིད་ཀྱི་གསར་བརྗེ་ཆེས་ལེགས་པོ་ཞིག་ཡིན། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ། བཟོད་སྒོམ་གཏན་ནས་མི་བྱེད་པ་བཅས་ཀྱི་རྣམ་འགྱུར་ཐོག་ནས་རུལ་སུངས་ལ་ངོ་རྒོལ་དང་ངན་པར་ཆད་གཅོད་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

སྐྱོད་ལམ་གསར་པ་ནི་གཟི་བརྗིད་དང་ཕུགས་འདུན་གྱིས་ཁེངས་པའི་རྒྱང་སྐྱོད་ཅིག་རེད། མྱུར་འགྲུབ་ཀྱི་ཐབས་ལམ་མེད་ལ་ནན་ཏན་སྒོས་དོན་དངོས་སྒྲུབ་དགོས། སྐབས་བརྗེ་བྱས་རྗེས་རིམ་པ་སོ་སོའི་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། འགོ་ཁྲིད་ཚན་ཁག་གི་བསམ་བློའི་ཆབ་སྲིད་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་ཀྱི་རང་བཞིན་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བསྐྲུན་པ་བཅས་བྱས་ཏེ་མཐུན་སྒྲིལ་མཉམ་ལས་དང་འགན་འཁྲི་འཁུར་ཕོད་པ། ལས་དོན་ཡག་པོ་སྒྲུབ་པ་བཅས་ཀྱི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་པར་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་བྱེད་སྲོལ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། བདེན་འཚོལ་དངོས་གཉེར་དང་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ། ཏང་ཡོན་ལས་བྱེད་པ་སྤྱི་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་དངོས་དོན་སྒྲུབ་པ་དང་ཐབས་ཇུས་དངོས་འདོན་པ། ཕན་འབྲས་དངོས་གཉེར་བ། ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་འབད་བརྩོན། དོན་དངོས་ལ་བརྩི་འཇོག ཚན་རིག་དང་མཐུན་པར་ཐབས་ཇུས་འགོད་པ་བཅས་བྱས་ཏེ། ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་བྱས་རྗེས་ངོ་མ་འཇོག་པར་སྐུལ་འདེད་གཏོང་དགོས།

ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་ལང་ལོང་དུ་རྒྱུགས། དུས་རབས་ཀྱི་རྒྱུགས་ཤོག་རྒྱུན་དུ་གསར་པ་ཐོན། སྐྱོད་ལམ་གསར་པའི་སྟེང་གི་འགྲན་སློང་གསར་པ་དང་ཚོད་བགམ་གསར་པའི་མདུན་དུ། ང་ཚོས་ངེས་པར་དུ་ཚད་མཐོའི་རང་རྟོགས་སེལ་ཐུབ་པ་དང་། ནམ་ཡང་རྒྱུགས་སྤྲོད་ཀྱི་ལམ་དུ་ཡོད་པའི་རིག་པ་དྭངས་གསལ་དང་གཟབ་ནན་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུར་རྒྱུན་ཆད་མེད་པར་སྐུལ་ལྕག་བཏང་ནས། ལོ་བརྒྱའི་ཏང་ཆེན་པོ་དེ་རང་ཉིད་ཀྱི་གསར་བརྗེའི་ཁྲོད་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་ཀྱི་བློས་འཁེལ་ཆོག་པ་དང་འགྱུར་མེད་སྟོབས་ལྡན་གྱི་སྲོག་ཤིང་ཞིག་ཏུ་འགྱུར་བ་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ནས། “གཏན་ཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ཏེ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ནས། རང་ཉིད་ཀྱི་གསར་བརྗེའི་སྙིང་སྟོབས་ནམ་ཡང་མི་ཉམས་པར་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་ནམ་ཡང་ལམ་དུ་ཡོད་པའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་། ཏང་གི་རང་ངོས་གསར་བརྗེ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་གསར་བརྗེ་ལ་ཁྲིད་སྟོན་བྱེད་པ། ནུས་ཤུགས་ཡོད་རྒུས་མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་བརྩོན་ལེན་བྱེད་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།