ང་ཚོས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད་ལ་སྐྱེ་ཁམས་ཁོར་ཡུག་གིས་ཀྱང་ང་ཚོར་སྲུང་སྐྱོབ་བྱེད་ཀྱིན་ཡོད།
2023.03.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

པར་ཆས་ཤིག་དང་འཕྲུལ་རྟ་ཞིག ཀོ་ལྷམ་ཆ་གཅིག་དང་ཟས་སྐམ་ཉུང་ཙམ་དང་བཅས་ཏེ་ནམ་ཡང་རི་ཀླུང་དང་འགྲོགས་ནས་ཡོད་ལ། ཉིན་རེ་བཞིན་རི་ཆུ་ནགས་གསུམ་བརྒྱུད་ནས་རྫ་ཆུའི་འགྲམ་རྒྱུད་ཀྱི་རྩྭ་དང་རྩི་ཤིང་རེ་རེ་བཞིན་སེམས་དང་བསམ་པས་སྲུང་སྐྱོབ་བྱེད་ཀྱི་ཡོད།

འདི་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོ་གནས་མདོ་སྡེ་བའི་སྐྱེ་ཁམས་བདག་སྐྱོང་པ་ཀླུ་དགའི་ཉིན་རྒྱུན་གྱི་བྱ་བའི་དངོས་བྲིས་རེད། ལོ་ན58ལ་སོན་པའི་ཀླུ་དགའ་ནི་ལོ6གི་ལས་ཀའི་ཉམས་མྱོང་ལྡན་པའི་བདག་སྐྱོང་པ་རྒན་གྲས་ཤིག་ཡིན་པ་དང་། ལོ6གི་རིང་དུ་ཀླུ་དགའ་ཡིས་སྡེ་བའི་རུ་ཆུ་ནགས་གསུམ་བརྒྱུད་ནས་རི་སྐྱེས་སྲོག་ཆགས་མང་པོ་ཞིག་བསྐྱབས་མྱོང་ཞིང་། ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་འགྲོ་བའི་རྣམ་པ་མཐོང་སྐབས་ཁོའི་ཡིད་ཆེས་སྔར་ལས་ཇེ་ཆེར་སོང་ནས་བྱ་སྤྱོད་དངོས་ཀྱི་སྟེང་ནས་སྐྱེ་ཁམས་བདག་སྐྱོང་པའི་འགན་འཁྲི་སྒྲུབ་བཞིན་ཡོད།

ཉེ་ལམ། གསར་འགོད་པས་རླངས་འཁོར་བསྐོར་ནས་རྫ་སྟོད་རྫོང་གི་རྣམ་སྲས་ཡུལ་ཚོར་ཐོན་པ་དང་།  ས་དེའི་གནམ་གཤིས་དྲོད་ཚད་སྔར་བཞིན་གོར་ཐིག་མན་དུ་གནས་ཤིང་གྲང་རླུང་འུར་འུར་ལྡང་ནས་སྡོང་ལོ་ཤིག་ཤིག་ཏུ་བསྐྱོད། ས་དེའི་ཆ་སྙོམས་ཀྱི་མཚོ་འཕང་རྨིད4000ལས་བརྒལ་བ་དང་།   རྨ་འབྲི་རྫ་གསུམ་འབྱུང་ཁུངས་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་མགོ་ཁུངས་གླིང་ཁུལ་དུ་གཏོགས་ཤིང་།  མདོ་དབུས་མཐོ་སྒང་གི་རི་དྭགས་གསའ་མང་དུ་འདུ་བའི་གནས་དང་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད། གནས་དེ་རུ་དཔངས་མཐོ་བའི་གངས་རི་དང་བརྗིད་ཉམས་ལྡན་པའི་ས་གཤིས་ཀྱི་མཛེས་ལྗོངས་མཐོང་ཐུབ་ལ། རི་ཆུ་ཀླུང་གསུམ་དང་ནམ་མཁའ་དང་སྤྲིན་དཀར་གཞི་གཅིག་ཏུ་འདྲེས་པའི་སྐྱེ་ཁམས་ཀྱི་མཛེས་སྡུག་མཐོང་ཐུབ།

རླངས་འཁོར་གནས་མདོ་སྡེ་བའི་ཡུལ་ཁོངས་སུ་བསྐྱོད་པ་དང་བསྟུན་ནས། རི་འདབས་སུ་ཀླུ་དགའ་ཡི་གཟུགས་བརྙན་མཐོང་ཐུབ་ཅིང་ཁོས་ནམ་རྒྱུན་དང་འདྲ་བར།  རྨ་འབྲི་རྫ་གསུམ་འབྱུང་ཁུངས་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་སྐོར་ཞིབ་པ་ཞེས་པའི་ཡི་གེ་བྲིས་ཡོད་པའི་དཔུང་རྟགས་དམར་པོ་ཞིག་བཏགས་ནས་གསེར་མདོག་གི་རྩྭ་ཐང་བརྒྱུད་ནས་འགྲོ་བཞིན་འདུག   སྐོམ་ཆུའི་དམ་བེ་དང་ཤོག་བུ་སོགས་གད་སྙིགས་ཆེ་ཆུང་ཚང་མ་འཕྲུལ་རྟའི་སྟེང་གི་ཁོར་ཡུག་སྲུང་སྐྱོབ་ཁུག་མའི་ནང་དུ་བསྡུས་ཡོད་ལ། ཁོ་འགྲོ་མྱོང་བའི་ས་ཆ་རེ་རེ་ཡང་གཙང་མ་ནས་གཙང་མར་འགྱུར་བཞིན་ཡོད།

ཐེངས་རེ་རེར་སྐེད་པ་སྒུར་ནས་གད་སྙིགས་འཐུ་བ་དེས་ཀླུ་དགའ་བལྟས་ཚོད་ཀྱིས་ཐང་ཆད་ཡོད་པ་འདྲ་ཡང་། འོན་ཀྱང་ཁོའི་སྔར་བཞིན་མཚམས་མི་འཇོག་པར་མདུན་དུ་བསྐྱོད། རྒྱུ་མཚན་ནི་ཁོའི་སེམས་སུ་ཕ་ཡུལ་གྱི་རྩྭ་ཐང་དུ་ནམ་ཡང་གད་སྙིགས་ཡོད་མི་ཆོག་པའི་འདུ་ཤེས་ལྡན་པས་ཡིན།

ཀླུ་དགའ་འགྲོ་ཞོར་དུ་བཤད་རྒྱུར། སྐྱེ་ཁམས་བདག་སྐྱོང་པའི་འགན་ཁུར་རྗེས་ཡོང་འབབ་མང་དུ་སོང་བ་དང་ད་ལྟ་ཁོར་ཡུག་ཀྱང་ཇེ་ལེགས་སུ་ཕྱིན་ཡོད། ད་ལྟ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དེ་མི་རེ་རེའི་སེམས་ལ་ཟུག་ཡོད་ཟེར།

ཀླུ་དགའ་ཡིས་བཤད་པ་ལྟར་ན་ད་ལྟ་རྫ་ཆུའི་མགོ་ཁུངས་གླིང་ཁུལ་དུ་སྐྱེ་ཁམས་བདག་སྐྱོང་གི་སྤྱི་ཕན་ལས་གནས་ཁྱོན་སྡོམ7752དོན་འཁྱོལ་བྱས་ནས། གླིང་ཁུལ་དུ་ཁྱིམ་ཐོ་ཡོད་པའི་འབྲོག་ཁྱིམ་རེར་ལས་གནས་རེ་མངོན་འགྱུར་བྱས་ཡོད་པ་དང་། འབྲོག་པ་སྔར་ལས་མང་པོ་ཞིག་རང་འགུལ་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རུ་ཁག་ནང་ཞུགས་ཡོད་པ་རེད།

རླབས་རྒྱུན་དྲག་ཏུ་གཡོ་བའི་རྫ་ཆུ་ལུང་ཁུག་ནས་མདུན་ཕྱོགས་སུ་བཞུར་བ་དང་། རྔམ་བརྗིད་ལྡན་པའི་རི་ཚོགས་གཙང་པོའི་ངོགས་གཉིས་སུ་ཀྲོང་ངེར་འགྱིང་ཡོད། ཀླུ་དགའ་ཡི་གོམ་སྟབས་དང་བསྟུན་ནས་སོང་ན་ལམ་འགྲམ་དུ་གནའ་བ་དང་། འཕྱི་བ། ཝ་མོ་སོགས་རི་སྐྱེས་སྲོག་ཆགས་མང་པོས་ཁ་ཟས་འཚོལ་གྱིན་པ་མཐོང་ཐུབ། འདི་ལྟ་བུའི་སྐྱེ་ཁམས་ཉམས་ལེན་གྱིས་མ་གཞི་ནས་སུན་སྣང་གིས་ཁེངས་བའི་སྐོར་སྲུང་བྱ་བར་སྤྲོ་སྣང་གསར་བ་ཞིག་སྦྱིན་པར་བྱེད།

ཀླུ་དགའ་ཡིས་བཤད་རྒྱུར་ས་འདིའི་རྩྭ་དང་རྩི་ཤིང་དང་ཕར་རྒྱུག་ཚུར་རྒྱུག་བྱེད་པའི་རི་སྐྱེས་སྲོག་ཆགས་དག་ནི་ང་ཚོ་འབྲོག་པ་རྣམས་ཀྱི་གྲོགས་པོ་བཟང་བོ་ཡིན་པ་དང་། སྐོར་སྲུང་བྱེད་ཐེངས་རེ་ནི་ང་དང་གྲོགས་པོ་དེ་དག་བར་ཀྱི་བརྩེ་འདང་ཇེ་ཟབ་ཏུ་གཏོང་བའི་བརྒྱུད་རིམ་བཟང་པོ་ཞིག་ཡིན་ཟེར།

རི་མགོ་ཞིག་ཏུ་ཐོན་པ་ན་ཀླུ་དགའ་ཡིས་རྒྱང་ཤེལ་བླངས་ནས་ནན་ཏན་ངང་ལྟ་ཞིབ་བྱེད་མགོ་ཚུགས་པ་དང་། དེར་མཐུད་བདག་སྐྱོང་པའི་ཉིན་ཐོའི་ནང་དུ་དེ་རིང་སྐོར་སྲུང་སྤྱི་ལེ10བྱས་པར་ཚང་མ་རྒྱུན་ལྡན་རེད་ཅེས་བྲིས།

སྐོར་སྲུང་བྱ་བ་མཇུག་སྒྲིལ་རྗེས་གློག་འཕྲིན་གྱི་རྨང་གཞིའི་ས་ཚིགས་ཤིག་གི་འགྲམ་དུ་ཀླུ་དགའ་ཡིས་གོམ་པ་སྤོ་མཚམས་བཞག་པ་དང་། ཁོས་དེ་རིང་སྐོར་སྲུང་བྱེད་སྐབས་བརྒྱབ་པའི་པར་ཁ་ཤས་སྐད་འཕྲིན་གྱི་བྱ་བའི་ཚོགས་པའི་ནང་བསྐུར་བ་དང་། ཚོགས་པའི་གླེང་མོལ་གྱི་ཟིན་ཐོ་ཁ་ཕྱེས་ནས་བལྟས་ཚེ་བདག་སྐྱོང་པ་རེ་རེའི་ཉིན་རེའི་སྐོར་སྲུང་འདྲ་པར་ཞིབ་ཕྲ་བཀོད་ཡོད་པ་མཐོང་ཐུབ། ཁོ་ཚོའི་སྐད་འཕྲིན་གྱི་གོམ་གྲངས་རྟག་ཏུ་གོམ་པ་ཁྲི་གསུམ་ལྷག་ཙམ་ལས་བརྒལ་གྱི་ཡོད་ལ། ཀླུ་དགའ་ཡིས་དེ་ནི་བདག་སྐྱོང་པ་རེ་རེའི་ཉིན་རེའི་ལས་བྱ་ཡིན་ཟེར།

བདག་སྐྱོང་བྱ་བའི་སྐོར་གླེང་སྐབས་ཀླུ་དགའ་ཡིས་བཤད་རྒྱུར།  བདག་སྐྱོང་པའི་ལས་ཀ་བལྟས་ཚོད་ཀྱིས་སྟབས་བདེ་པོ་ཡོད་ཀྱང་དོན་དུ་འགན་འཁྲི་ལྕི་པོ་ཡོད་པས་ནན་ཏན་གྱིས་བསྒྲུབ་དགོས། ང་ཚོ་བདག་སྐྱོང་པས་ཉིན་ལྟར་བདག་སྐྱོང་གི་ཉིན་ཐོ་འབྲི་བ་དང་ཟླ་རེ་རེར་སྐོར་ཞིབ་ཐེངས་གྲངས5ལས་མི་ཉུང་བ་བྱེད་དགོས།  བདག་སྐྱོང་ས་ཁུལ་དུ་སྒྲིག་འགལ་ཁྲིམས་འགལ་ངང་ཁོར་ཡུག་ཐོན་ཁུངས་ལ་གཏོར་བཤིག་གཏོང་བ་དང་ལྐོག་ནས་རི་དྭགས་རྔོན་པའི་བྱ་སྤྱོད་དུས་ཐོག་ཏུ་བཀག་འགོག་དང་ཡར་ཞུ་བྱེད་དགོས། ཕྱུགས་རྩྭའི་སྐྱེ་ཚུལ་ལ་ལྟ་ཞིབ་དང་ཟིན་ཐོ་འགོད་པ། འབྲོག་པར་ཁྲིད་སྟོན་དང་སློབ་གསོ་གཏོང་བ། གད་སྙིགས་གཙང་སེལ་ལྟ་ཞིབ་དང་རང་ཉིད་ཀྱིས་སྣེ་ཁྲིད་དེ་གད་སྙིགས་འཐུ་བ། བདག་སྐྱོང་ས་ཁུལ་གྱི་གཙོ་གནད་སྲུང་སྐྱོབ་བྱ་ཡུལ་ལ་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། ཁྲིམས་མཐུན་གྱི་འགྲོ་ལུགས་མེད་པའི་ཕྱི་ནས་ཡོང་བའི་མི་སྣ་དུས་ཐོག་ཏུ་བཀག་འགོག་དང་ཡར་ཞུ་བྱེད་པ་སོགས་ཀྱི་བྱ་བ་བསྒྲུབ་དགོས་ཟེར།

དེ་ལྟ་བུའི་བདག་སྐྱོང་གི་ལས་ཀ་དཀའ་ཚེགས་ཆེ་མིན་འདྲི་སྐབས། ཀླུ་དགའ་ཡིས་འཛུམ་དམུལ་དམུལ་ངང་བཤད་རྒྱུར། དཀའ་ལས་མི་འདུག  རྒྱུ་མཚན་ནི་ང་ཚོས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་པ་དང་མཉམ་དུ་སྐྱེ་ཁམས་ཁོར་ཡུག་གིས་ཀྱང་ང་ཚོར་སྲུང་སྐྱོབ་བྱེད་ཀྱི་ཡོད་ལ། ལྷག་པར་དུ་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་ཕ་ཚ་བུ་རྒྱུད་ལ་བདེ་སྐྱིད་བསྐྲུན་པའི་དོན་ཆེན་ཞིག་ཡིན་ཞེས་གསར་འགོད་པར་བཤད།

                                                                         ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་དབང་མོ་རྒྱལ།