མཚོ་སྔོན་ནི“སའི་གོ་ལའི་གླིང་སྣེ་གསུམ་པར”གཏོགས་པའི་མདོ་དབུས་མཐོ་སྒང་དུ་གནས་པ་དང་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་མགོ་ཁུངས་ཡིན་པས“ཀྲུང་ཧྭའི་ཆུ་མཛོད”ཅེས་འབོད་ཀྱི་ཡོད་པ་དང་། ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་ལྡན་པའི་ས་ཁུལ་ཞིག་ཡིན་པས། ཨེ་ཤ་ཡ་དང་སའི་གོ་ལའི་ཕྱེད་བྱང་མ་ཙམ་མ་ཟད། ཐ་ན་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་ཚོར་སྣང་སྐྱེན་པའི་ས་ཁུལ་གལ་ཆེན་ཞིག་ཀྱང་ཡིན་པས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་འཐབ་ཇུས་གནས་བབ་ལྡན་ཡོད།
སྤྱི་ཁྱབ་ཧྲུའུ་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་ཟབ་མོ་གནང་ནས་མཚོ་སྔོན་ལ་གཟིགས་ཞིབ་ཐེངས་གཉིས་ཕེབས་པར་མ་ཟད། གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ་“མཚོ་སྔོན་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འགན་འཁྲི་ལྡན་པས། ངེས་པར་དུ་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་རྨ་འབྲི་རྫ་གསུམ་འབྱུང་ཁུངས་སྲུང་སྐྱོབ། ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་བཅས་ཀྱི་འགན་འཁྲི་གལ་ཆེན་འཁུར་དགོས”ཞེས་ནན་གྱིས་གསུངས།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་སྨར་འབྲིང་ཡུལ་ཚོ་ནི་རྨ་ཆུའི་མགོ་ཁུངས་ཀྱི་ཕྱུགས་ལས་གཙོ་བོར་གཉེར་བའི་ཡུལ་ཚོ་ཞིག་ཡིན་པ་དང་། ཆ་སྙོམས་ཀྱི་ས་བབ་མཐོ་ཚད་ལ་རྨིད་4200བརྒལ་བས་སྐྱེ་ཁམས་ཧ་ཅང་ཉམས་ཞན་ཡིན།
དུས་རབས་ཉི་ཤུ་པའི་ལོ་རབས70པ་ནས་བཟུང་སྨར་འབྲིང་ཡུལ་ཚོའི་རྩྭ་སའི་རྒྱུ་སྤུས་དེ་མུ་མཐུད་དུ་ཇེ་ཞན་དུ་གྱུར་ནས་གཞི་ཁྱོན་ཆེ་བའི་རྩྭ་ས་ས་ནག་ཐང་དུ་གྱུར།
བུ་དོན་སྡེ་བ་ནི་སྨར་འབྲིང་ཡུལ་ཚོའི་ས་ནག་ཐང་གི་རྒྱ་ཁྱོན་ཅུང་ཆེ་བའི་རང་བྱུང་སྡེ་བ་ཞིག་ཡིན་པ་དང་། ཁྱོན་སྡོམ་རྩྭ་ས་སྤྱི་ཆིང་ཁྲི་གསུམ་དང་སྟོང་བརྒྱད་ཡོད་པའི་ནང་40%ནི་ས་ནག་ཐང་དུ་གྱུར་ཡོད་པ་རེད། སྔོན་ཆད་ང་ཚོའི་རྩྭ་སའི་སྟེང་རྩྭ་སྐྱེས་པ་ཧ་ཅང་བཟང་བས་དུས་ཚིགས་བཞི་བོར་ནོར་ལུག་གིས་ཟོས་ནས་ཚར་གྱི་མེད། རྗེས་སུ་རྩྭ་སའི་སྟེང་དུ་རྩྭ་སྐྱེས་ཚད་རིམ་བཞིན་ཇེ་ཞན་དུ་གྱུར་བས་ནོར་ལུག་ལ་རྩྭ་འདང་ཚིམ་པ་ཞིག་ཟ་རྒྱུ་མེད་པར་བརྟེན་ང་ཚོས་ནོར་ལུག་ཐག་རིང་དུ་དེད་ནས་འཚོ་སྐྱོང་བྱེད་དགོས་ཀྱི་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས70པ་ནས་བཟུང་། རྩྭ་ས་ས་ནག་ཅན་དུ་འགྱུར་མགོ་བརྩམས་པ་དང་། སྐབས་དེར་ང་ཚོས་རང་གི་ཕྱུགས་ཟོག་ལམ་ཐག་རིང་བོར་དེད་ནས་འཚོ་སྐྱོང་བྱས་ཀྱང་རྩྭ་འགྲང་ཚིམ་པ་ཞིག་ཟ་ཐུབ་ཀྱི་མེད་ཅེས་བུ་དོན་སྡེ་བའི་སྡེ་མི་རྣམས་ཀྱིས་བཤད།
མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ས་ནག་ཐང་བཅོས་སྐྱོང་བྱ་བར་དོ་ཁུར་བྱས་ནས། དུས་རབས་ཉི་ཤུ་པའི་ལོ་རབས70པ་ནས་བཟུང་མགོ་ལོག་ཁུལ་གྱིས་ལས་རིགས་སོ་སོའི་མང་ཚོགས་རྩ་འཛུགས་བྱས་ཏེ་ས་ནག་ཐང་དུ་རྩྭ་འདེབས་རྒྱུའི་ཚོད་ལྟ་བྱས་པ་རེད། 1998ལོར། རྒྱལ་ཁབ་ཀྱིས“རྩྭ་ཕྱུགས་དོ་མཉམ”གྱི་སྲིད་ཇུས་ལག་བསྟར་བྱས་པ་དེས་ཕན་འབྲས་ལྡན་པའི་སྒོ་ནས་རྩྭ་ཐང་གི་གནོན་ཤུགས་ཇེ་ཆུང་དུ་ཕྱིན་ནས་སྨར་འབྲིང་ཡུལ་ཚོའི་ས་ནག་ཐང་བཅོས་སྐྱོང་བྱ་བར་རྨང་གཞིའི་རང་བཞིན་གྱི་འགན་ལེན་བྱེད་ཐུབ་པ་བྱུང་།
གནམ་གཤིས་འཁྱགས་ཤིང་ས་བབ་མཐོ་བས། སྨར་འབྲིང་རྩྭ་ཐང་དུ་རྩྭ་སྐྱེས་པའི་དུས་ཡུན་ནི་ཉིན་གྲངས42ལས་མེད། ཉིན42ཀྱི་དུས་ཚོད་ཐུང་ངུའི་ནང་མིའི་ཐབས་ལ་བརྟེན་ནས་བཏབ་པའི་རྩྭ་དེ་ཡག་པོར་སྐྱེ་རྒྱུ་ནི་ཧ་ཅང་དཀའ་བའི་བྱ་བ་ཞིག་རེད། ལག་རྩལ་གྱི་དཀའ་གནད་དེ་ཐག་གཅོད་བྱེད་ཆེད། མགོ་ལོག་ཁུལ་གྱིས་སྔ་རྗེས་སུ་མཚོ་སྔོན་སློབ་ཆེན་དང་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སའོ་སོགས་ཚན་རིག་ཞིབ་འཇུག་ལས་ཁུངས་དང་འབྲེལ་གཏུག་བྱས་ནས་མཉམ་འབྲེལ་གྱིས་དཀའ་གནད་མཁྲེགས་གཏོར་བྱས་པ་རེད། ཚོད་ལྟ་ཐེངས་རེ་རེ་བྱས་རྗེས། ཚན་རྩལ་མི་སྣས་ཉམས་མྱོང་སྣ་ཚོགས་གཞིར་བཟུང་ནས་རྩྭ་འདེབས་པའི་བྱེད་ཐབས་ལེགས་ཤོས་སྤྱད་པ་བརྒྱུད་ས་ནག་ཐང་དུ་མིའི་ཐབས་ལ་བརྟེན་ནས་རྩྭ་བཏབ་པའི་ལག་རྩལ་གྱི་ཕན་འབྲས་མཐོར་འདེགས་བྱུང་ཞིང་། ལག་རྩལ་དེ་བྱང་ཆུབ་རྗེས་མགོ་ལོག་ཁུལ་གྱི་ས་ཁོངས་ཧྲིལ་པོར་མྱུར་དུ་ཁྱབ་གདལ་དུ་བཏང་།
ཉིན་རེ་རེ་དང་ལོ་རེ་རེར་བབ་ཆགས་ཤིང་ལས་ལ་བརྩོན་པའི་འབྲོག་པ་རྣམས་ཀྱིས་རེ་བའི་ས་བོན་རེ་རེ་གངས་ལྗོངས་མཐོ་སྒང་དུ་བཏབ་སྟེ། ཐུན་མོང་གིས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་མགོ་ལོག་ཁུལ་ཁོངས་གཏོགས་ཀྱི་ས་ནག་ཐང་རེ་རེར་རིམ་བཞིན་ལྗང་མདོག་གི་གསོན་ཤུགས་རྒྱས་མགོ་བརྩམས།
2022ལོར། ང་ཚོས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། རིམ་རྩིས་བྱས་ན་མ་དངུལ་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་བྱེ་བ་གཉིས་ས་ཡ་བཞི་བཏང་ནས། རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་དང་ཕྱུགས་བསྐྱུར་རྩྭ་འདེབས། ཞན་འགྱུར་ཚབས་ཆེན་གྱི་རྩྭ་ཐང་བཅོས་སྐྱོང་བྱེད་པ་དང་རང་བྱུང་ནགས་ཚལ་སྲུང་སྐྱོབ་སོགས་ཀྱི་བཟོ་སྐྲུན་ལག་བསྟར་བྱས་ཏེ་ས་ནག་ཐང་དང་ཞན་འགྱུར་རྩྭ་ཐང་ལེགས་བཅོས་བྱས་པ་དང་། མིའི་ཐབས་ལ་བརྟེན་ནས་རྩྭ་བཏབ་པའི་ས་མུའུ་ས་ཡ་གཅིག་དང་འབུམ་ལྔ་ཁྲི་བཞི་སྟོང་བཞི་དང་བརྒྱད་བརྒྱ་ལེགས་སྒྲིག་བྱས་ནས། ས་མུའུ་འབུམ་དགུ་དང་ཁྲི་བཞི་སྟོང་བདུན་གྱི་རྒྱལ་ཁབ་མངའ་ཁོངས་ལྗང་སྒྱུར་བྱས་པ་དང་། ཁུལ་ཡོངས་ཀྱི་རྩྭ་སའི་སྔོ་ཁེབས་ཚད62.1%ཟིན་ལ། ནགས་ཚལ་ཁྱབ་ཚད་ཀྱིས13.5%ཟིན་ཡོད་ ཅེས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་ཚེ་རིང་ཉི་མས་བཤད།
2022ལོར། མགོ་ལོག་ཁུལ་གྱིས་ཆུའི་སྦགས་བཙོག་འགོག་བཅོས་དང་འབབ་རྒྱུད་ཆུང་འབྲིང་བཅོས་སྐྱོང་ཐད་ཀྱི་མ་དངུལ་སྒོར་མོ་དུང་ཕྱུར་དྲུག་དང་བྱེ་བ་བདུན་ས་ཡ་དྲུག་དོན་འཁྱོལ་བྱས་ནས། རྨ་སྟོད་ཀྱི་རྨ་ཆུའི་མགོ་ཁུངས་ཀྱི་ཆུ་ཁུངས་གསོ་ནུས་མཐོར་འདེགས་དང་དར་ལག་རྫོང་གི་རྨ་ཆུའི་གཞུང་ཆུའི་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་བྱས་པ་དང་། རྨ་སྟོད་དང་དགའ་བདེ། གཅིག་སྒྲིལ། རྨ་ཆེན་བཅས་ཀྱི་རྨ་ཆུའི་ཆུ་རྒྱུན། འབབ་རྒྱུད་ཆུང་གྲས་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་ལག་བསྟར་བྱས་ནས། རྨ་ཆུའི་ཆུ་སྤུས་ཐོག་མཐའ་བར་གསུམ་དུ་རིམ་པ་དང་པོའི་རིགས་སུ་རྒྱུན་འཁྱོངས་བྱས། དེ་དང་མཉམ་དུ་རྩྭ་ཐང་དང་འདམ་ར། ཆུ་སོགས་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་བདག་དབང་མངགས་བཅོལ་ལས་ཚབ་སྒྲིག་སྲོལ་གྱི་ཚོད་ལྟའི་བྱ་བ་སྒྲུབ་ནས་ཞིང་ཆེན་ཡོངས་ཀྱི་རྩྭ་ཐང་གི་ཐཱན་བསྡུ་གསར་སྤེལ་ཉོ་ཚོང་ཐོག་མ་ལེགས་སྒྲུབ་བྱས་པ་དང་། མགོ་ལོག་ཁུལ་དེ་རྒྱལ་ཡོངས་ཀྱི་ནགས་ལས་ཐཱན་བསྡུ་ཚོད་ལྟའི་ས་ཁུལ་ཁག་དང་པོར་བདེ་བླག་ངང་བདམས་ཐོན་བྱུང་། རེས་སྐོར་གསུམ་པའི་རྩྭ་ཐང་སྐྱེ་ཁམས་ཁ་གསབ་བྱ་དགའི་སྲིད་ཇུས་དང་དོ་དམ་སྲུང་སྐྱོང་བའི་གླ་ཕོགས་སྡེབ་སྒྲིག་སོགས་ལག་བསྟར་བྱས་པས། རིམ་རྩིས་བྱས་ན་མ་དངུལ་སྒོར་མོ་དུང་ཕྱུར་བདུན་དང་བྱེ་བ་བདུན་ས་ཡ་བརྒྱད་སྤྲད་པ་དང་། མགོ་ལོག་ཁུལ་ཡོངས་ཀྱི་ཁྱིམ་ཚང་ཁྲི་གསུམ་དང་སྟོང་གཅིག་དྲུག་བརྒྱ་ཡི་འབྲོག་པ་མང་ཚོགས་འབུམ་གཅིག་དང་ཁྲི་ལྔ་སྟོང་བཞི་དགུ་བརྒྱ་ཡིས་སྲིད་ཇུས་ཀྱི་ཁེ་སྤོགས་མུ་མཐུད་དུ་ལོངས་སྤྱོད་བྱེད་བཞིན་ཡོད།
2023ལོར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་ སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་སྐུལ་འདེད་བྱེད་པར། མགོ་ལོག་ཁུལ་གྱིས་སྤུས་ཚད་མཐོན་པོས་སྲུང་སྐྱོབ་བྱེད་རྒྱུ་དམ་འཛིན་བྱས་ནས། རྒྱལ་ཁབ་ཀྱི་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་བྱེད་རྒྱུ་གཙོ་གནད་དུ་འཛིན་པ་དང་། རི་ཆུ་ནགས་ཞིང་དང་མཚེའུ།བྱེ་མ།འཁྱག་རོམ་བཅས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་གཅིག་གྱུར་འཆར་འགོད་བྱས། མ་དངུལ་བསྡོམས་འབོར་སྒོར་མོ་དུང་ཕྱུར་དྲུག་དང་བྱེ་བ་དྲུག་ས་ཡ་དགུ་བཏང་བའི་ཨ་མྱེས་རྨ་ཆེན་རི་རྒྱུད་དང་རྨ་ཆུའི་མགོ་ཁུངས་ཀྱི་ཆུ་ཁུངས་གསོ་སྐྱོང་སོགས་ཀྱི་སྐྱེ་ཁམས་ཉམས་གསོའི་བཟོ་སྐྲུན་ལག་བསྟར་ཡག་པོ་བྱས་ཏེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་ཡོལ་ས་ཁུལ་གྱི་མགོ་ལོག་རྨ་ཆུའི་མགོ་ཁུངས་ཀྱི་ནགས་ཚལ་དང་རྩྭ་ཐང་ཞན་འགྱུར་གྱི་སྐྱེ་ཁམས་ཉམས་གསོའི་ཕྱོགས་བསྡུས་བཅོས་སྐྱོང་སྐོར་གྱི་ཀྲུང་དབྱང་ནོར་སྲིད་ཀྱི་རྒྱལ་ཁོངས་ལྗང་སྒྱུར་ཚོད་ལྟའི་དཔེ་སྟོན་ལས་གཞི་ལག་བསྟར་ཡག་པོ་བྱས་ནས། ད་ལོར་ས་ནག་ཐང་མུའུ་ཁྲི་བདུན་དང་སྟོང་ལྔ་ལེགས་སྒྲིག་དང་ཞན་འགྱུར་རྩྭ་ས་མུའུ་ས་ཡ་གཅིག་ལེགས་བཅོས་བྱེད་པ། ས་མུའུ་ས་ཡ་བཞི་དང་འབུམ་དྲུག་ཁྲི་བརྒྱད་ཀྱི་སྟེང་གི་ཨ་བྲ་དང་འབུའི་གནོད་འཚེ་འགོག་བཅོས་བྱེད་པ། ས་མུའུ་འབུམ་གཉིས་དང་ཁྲི་གཅིག་གི་རྒྱལ་ཁོངས་ལྗང་སྒྱུར་བཅས་བྱེད་རྒྱུ་རེད། དེ་དང་མཉམ་དུ་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས་མ་དངུལ་སྒོར་མོ་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ས་ཡ་དགུ་བཏང་བའི་རྨ་ཆུའི་གཞུང་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཉམས་གསོ་བྱེད་པ་དང་། མ་དངུལ་སྒོར་མོ་བྱེ་བ་དགུ་དང་ས་ཡ་བརྒྱད་འབུམ་བདུན་ཁྲི་དྲུག་བཏང་བའི་གཅིག་སྒྲིལ་རྫོང་གི་རྨ་ཆུའི་ཡན་ལག་བསང་ཁྲི་གཙང་པོའི་སྐྱེ་ཁམས་ཉམས་གསོའི་ལས་གཞི་ལག་བསྟར་ཡག་པོ་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་རྨ་སྟོད་ཀྱི་རྨ་ཆུའི་མགོ་ཁུངས་ཆུ་གློག་ས་ཚིགས་ཀྱི་སྐྱེ་ཁམས་ཉམས་གསོའི་བྱ་བར་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཉམས་གསོའི་བྱ་བ་དམ་འཛིན་ནན་མོ་བྱེད་རྒྱུ་ཡིན་ཞེས་མགོ་ལོག་ཁུལ་གྱི་ཁུལ་དཔོན་གཞོན་པ་ཀྲིག་ཅ་ཡིས་གསར་འགོད་པར་དེ་ལྟར་བཤད།
དཔྱིད་ཀའི་ཞོགས་པར། བཀྲ་ཤིས་དོན་གྲུབ་ནི་དུས་རྒྱུན་དང་འདྲ་བར་ཧི་ནན་རྩྭ་ཐང་གི་ཡངས་ཤིང་རྒྱ་ཆེ་བའི་འདམ་རའི་ཕྱོགས་སུ་བསྐྱོད་བཞིན་འདུག ཁོའི་མིག་ཟུང་ལས་ཁྱོད་ཀྱིས་ནམ་མཁའ་དང་སྤྲིན་དཀར། རི་ཆུ་དང་མཚེའུ། འདབ་ཆགས་དང་རི་དྭགས་སོགས་མཐོང་ཐུབ་ལ། དེ་ནི་འབྲོག་པ་ཞིག་གི་མིག་ཟུང་ལ་འཁོར་བའི་མཛེས་པའི་རྩྭ་ཐང་རེད།
བཀྲ་ཤིས་དོན་གྲུབ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་འབྲོག་པ་ཞིག་ཡིན་ལ་རྫོང་དེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དང་བླངས་པ་མང་པོའི་ཁྲོད་ཀྱི་གཅིག་ཀྱང་རེད།
ལོ་ངོ་བཅུ་ལྷག་གི་ཡར་སྔོན་དུ། དགུན་དཔྱིད་ཀྱི་དུས་ཚིགས་སུ་རླུང་བུ་ལྡང་བའི་དུས་སུ་འགྱིག་ཤོག་སྣ་ཚོགས་རླུང་གིས་ཁུར་ནས་རྩྭ་ཐང་གི་གྲུ་ཁ་སོ་སོར་མཐོང་རྒྱུ་ཡོད། དེ་མིན་ལོ་ཁ་ཤས་ཀྱི་སྔོན་དུ་ང་ཚོའི་སྡེ་བའི་ནོར་ལུག་རྣམས་དོན་མེད་དུ་ཤི་བའི་གནས་ཚུལ་བྱུང་། སྐབས་དེར་ང་ཚོས་ཤི་ཟིན་པའི་ནོར་ལུགས་རྣམས་ཀྱི་ཁོག་པ་གཤགས་ནས་ལྟ་དུས་ཁོག་པར་གད་སྙིགས་དཀར་པོ་ཞིག་གིས་བཀང་འདུག་ཅེས་བཀྲ་ཤིས་དོན་གྲུབ་ཀྱིས་ཕྱིར་དྲན་བྱེད་བཞིན་དུ་དེ་ལྟར་བཤད།
2004ལོར་ཧི་ནན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཞིང་ཆེན་ཡོངས་སུ་སྔོན་ལ“འགྱིག་ཤོག་བཀོལ་མི་ཆོག་པའི”བྱ་བ་ལག་བསྟར་བྱས་པ་དེ་རྒྱལ་ཁབ་ཀྱིས“འགྱིག་ཤོག་བཀོལ་མི་ཆོག་པའི”སྲིད་ཇུས་བཏོན་པ་ལས་ལོ་བཞི་ཡིས་སྔ་ཞིང་། དེའི་རྗེས་སུ་མུ་མཐུད་དུ་《སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག》སོགས་སྔ་རྗེས་སུ་བཏོན་ནས་འགྱིག་ཤོག་ཕྱིར་འཚོང་དང་མཁོ་འདོན། བེད་སྤྱོད་བཅས་བྱེད་མི་ཆོག་པའི་བརྡ་ཁྱབ་བཏང་སྟེ་ཐཱན་ཉུང་དང་གྲོན་ཆུང་། ལྗང་མདོག་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་དར་སྤེལ་དུ་བཏང་།
འབྲོག་པ་རྣམས་ལ་མཚོན་ནས་བཤད་ན་རྩྭ་ཐང་ནི་སྲོག་རྩ་ལྟ་བུ་ཡིན། སྐབས་དེར་སྲིད་གཞུང་གིས་འགྱིག་ཤོག་གཏན་འགོག་བྱེད་དགོས་པའི་སྲིད་ཇུས་བཏོན་པ་དེ་ང་རང་ལ་མཚོན་ན་བསྟོད་བསྔགས་ཆེན་པོ་བྱེད་དགོས་པའི་དོན་བཟང་ཞིག་རེད་ཅེས་བཀྲ་ཤིས་དོན་གྲུབ་ཀྱིས་གསར་འགོད་པར་བཤད།
དུས་དེ་ནས་བཟུང་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་ཧི་ནན་རྫོང་གི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ཐུན་མོང་གི་ངོས་ཟིན་ཞིག་ཏུ་གྱུར་ཡོད་པར་མ་ཟད། ཁོར་ཡུག་གཙང་སྤྲ་ལེགས་བཅོས་བྱེད་རྒྱུ་དེ་སྡེ་སྲོལ་དམངས་ཆིངས་ཀྱི་གྲས་སུ་བཞག་ཡོད།
ཟླ་རེར་རྫོང་ཡོངས་སུ་སྤེལ་བའི་ཁོར་ཡུག་གཙང་སྤྲ་ལེགས་བཅོས་བྱེད་པའི་ཉིན་མོ་ཕུད། ང་ཚོས་ད་དུང་ཟླ་རེ་རེའི་ཚེས་13དང་ཚེས་26ཉིན་རང་འགུལ་གྱིས་རྩྭ་ཐང་གི་ཁོར་ཡུག་གཙང་སྤྲ་གཅིག་བསྡུས་ཀྱིས་ལེགས་བཅོས་བྱས་ནས་འཚོ་བའི་གད་སྙིགས་དང་ཆུ་མགོའི་གད་སྙིགས་སོགས་གཙང་སེལ་བྱེད་ཀྱི་ཡོད། ད་ལྟ་འགྱིག་ཤོག་གི་ཁུག་མ་སོགས་གད་སྙིགས་མཐོང་རྒྱུ་མེད་ལ་སྐྱེ་ཁམས་བདག་སྐྱོང་བ་རྣམས་ཀྱི་བྱ་བའི་ཁུར་པོ་ཡང་ཅུང་ཇེ་ཡང་དུ་སོང་ཡོད། ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་སྐོར་གྱི་དྲིལ་སྒྲོག་བྱ་འགུལ་སྤེལ་ཐེངས་མང་པས་ད་ལྟ་ཧི་ནན་རྫོང་གི་མི་རྣམས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དེ་མཐོར་འདེགས་ཆེན་པོ་བྱུང་ཡོད་ཅེས་ཧི་ནན་རྫོང་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་འམ་ཅུའུ་ཀྲང་ཨིན་ཁོ་ཡིས་དེ་ལྟར་བཤད།
ཉེ་བའི་ལོ་ཤས་རིང་།རྨ་ལྷོ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་སྟེང་བཞག་ནས། རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་མ།འཁྱག་རོམ་མ་ལག་བཅས་ལེགས་བཅོས་བྱེད་པ་དང་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་བྱེད་པ། གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་སྒྱུར་བྱེད་པ་བཅས་ཀྱི་བྱ་བ་ཤུགས་ཆེན་པོས་ལག་བསྟར་བྱས་པ་བརྒྱུད། ནགས་ཚལ་གྱི་ཁྱབ་ཚད་དང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཀྱི་ཚད་གཞི་དེ་སོ་སོར་2012ལོའི་19.22%དང་60.24%ནས་2022ལོའི་29.43%དང་68.9%བར་འཕར་བ་དང་། མཁའ་དབུགས་ཀྱི་སྤུས་ཚད་ཚད་གཞིར་ལོན་པའི་ཉིན་གྲངས་ཀྱི་བསྡུར་ཚད་དེ་ལོ་རེར་96%ཡན་ཟིན་ཞིང་། རྨ་ཆུའི་ཆུ་ཁུངས་ཀྱི་ཆུའི་སྤུས་ཚད་དེ་100%ལ་སླེབས་ཡོད། 2021ལོར་རྨ་ལྷོ་ཁུལ་ལ་སྐབས་ལྔ་བའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་གྱི་མཚན་སྙན་ཐོབ་པ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་གཟི་བརྗིད་མཚན་སྙན་ཐོབ་པའི་རང་སྐྱོང་ཁུལ་ཐོག་མ་དེ་རེད།
ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུའུ་གུང་ཧོ་གྲོང་རྡལ་མ་ཧྲིན་ཞོལ་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཏང་ཧེ་བེ་ལ་ད་དུང་ཐོབ་ཐང་གལ་ཆེན་ཞིག་ཡོད་པ་ནི། བེ་ཞིན་ཆུ་བོ་མ་ཧྲིན་ཞོལ་མ་སྡེ་བའི་བཞུར་རྒྱུད་ཀྱི་སྡེ་བ་རིམ་པའི་ཆུ་དཔོན་རེད། ཆུ་དཔོན་གྱི་འགན་འཁྲིའི་སྐོར་གླེང་སྐབས་ཁོས་སྤོབས་སེམས་དང་བཅས་ཏེ་བཤད་རྒྱུར། ཆུ་བོ་ཆུང་ཡང་སྡེ་མི་ཡོངས་ཀྱི་མ་ཡུམ་གཙང་པོ་ཡིན་ཞིང་། ཆུ་བོ་འདི་ལས་སྨད་རྒྱུད་ཀྱི་ཞིང་ཁར་ཞིང་ཆུ་འདྲེན་དགོས་ཀྱི་ཡོད་པས་ཕ་ཡུལ་བརྒྱུད་ནས་འབབ་པའི་ཆུ་བོ་འདི་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་ནི་ངའི་འགན་འཁྲི་ཡིན་ཟེར།
ཏང་ཧེ་བེ་ཡིས་2020ལོར་སྡེ་བ་རིམ་པའི་ཆུ་དཔོན་གྱི་འགན་ཁུར་བའི་ཚུན་དུ། སྐོར་གཡེང་ཐེངས་ལྔ་བརྒྱ་ལྷག་བྱས་པ་དང་། དེ་ལས་ཁོས་ཀྱང་གནས་ཚུལ་ཡོད་ཚད་ལ་རྒྱུས་ལོན་ཅུང་ཙམ་བྱེད་ཐུབ་པར་གྱུར། ཏང་ཧེ་བེ་ཡིས་གསར་འགོད་པ་ཁྲིད་དེ་སྡེ་བའི་ནང་གི་ཟམ་པ་ཞིག་གི་སྟེང་དུ་ཡོང་ནས་བཤད་རྒྱུར། གནས་འདིའི་ཆུ་ཞེང་དེ་འདྲ་ཆེ་རྒྱུ་མེད་པས་གད་སྙིགས་དང་རྩྭ་ལྡུམ་སོགས་ཆུ་ཁར་གཡེང་བའི་གད་སྙིགས་མང་པོ་ཁེགས་པའི་ཉེན་ཁ་ཆེ་བས་ནམ་རྒྱུན་ཆུ་འགྲམ་དུ་སྐོར་གཡེང་བྱེད་སྐབས་མཉམ་འཇོག་བྱེད་དགོས། སྔོན་ཆད་ཡུལ་འདིའི་མི་རྣམས་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་བརྟན་པོ་མེད་པས་འཚོ་བ་དང་ཐོན་སྐྱེད་ཀྱི་གད་སྙིགས་མང་པོ་གང་འདོད་དུ་ཆུའི་ནང་དུ་འཕེན་བཞིན་ཡོད། དེས་ཆུ་བོར་སྦག་བཙོག་བཟོས་པས་དྲི་ངན་གྱིས་ཁེངས་པར་བྱེད་ལ། ཆུ་བྲུག་པའི་སྐབས་སུ་འགྲམ་གཉིས་ཀྱི་བགྲོད་ལམ་དང་ལོ་ཏོག་ལ་ཆུ་བོའི་གནོད་འཚེ་དང་ཉེན་ཁ་བཟོ་བཞིན་ཡོད་པར་མ་ཟད། ཆུ་བོ་བརྒལ་སའི་སྟབས་བདེའི་ཟམ་པ་ཡང་ཆུས་ཁུར་འགྲོ་བའི་གནས་ཚུལ་ཡོད་པས་སྡེ་མི་རྣམས་བསྐོར་ནས་འགྲོ་དགོས་ཀྱི་ཡོད། སྡེ་བ་རིམ་པར་ཆུ་དཔོན་ལམ་ལུགས་ལག་བསྟར་བྱས་པ་ནས་བཟུང་ཆུ་བོ་དྭངས་ཤིང་གསལ་ལ་ལོ་ཏོག་ལྗང་ཞིང་ལྡེམ་པར་མ་ཟད། གཙང་པོ་དང་མཚེའུ་རེ་རེ་སྡེ་བའི་མཛེས་ལྗོངས་སུ་གྲུབ་ཡོད་ཟེར།
མཚོ་སྔོན་དུ་འདི་ལྟ་བུའི་སྡེ་བ་རིམ་པའི་གཙང་པོ་དང་མཚེའུའི་ཆུ་དཔོན་དང་སྐོར་གཡེང་པ་ཁྲི་གཉིས་ལྷག་ཙམ་གྱིས་ཉིན་མཚན་ཀུན་ཏུ་གཙང་འགྲམ་གྱི་མང་ཚོགས་ལ་སྲུང་སྐྱོབ་བྱས་ནས་གཙང་པོ་དང་མཚེའུ་ཡི་བདེ་འཇགས་སྲུང་སྐྱོབ་བྱེད་བཞིན་ཡོད་པ་རེད།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།