དྲི་བ་ཞེ་གཅིག གྲོང་ཁྱེར་གྱི་འཆར་འགོད་དང་། འཛུགས་སྐྲུན། བཅོས་སྐྱོང་བཅས་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས་དོན་ཅི་ཡིན་ནམ།
2023.03.11 ཁུངས། ཏང་གི་ཚོགས་ཆེན་ཐངས་ཉི་ཤུ་བའི་སྙན་ཞུའི་སློབ་སྦྱོང་དང་དྲི་བ་བརྒྱ་རྩ། ཀློག་གྲངས། 13

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“གྲོང་ཁྱེར་གྱི་འཆར་འགོད་དང་། འཛུགས་སྐྲུན། བཅོས་སྐྱོང་བཅས་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས་དོན་ཅི་ཡིན་ནམ”ཞེས་བསྟན་ཡོད། འདི་ནི་མ་འོངས་པར་རང་རྒྱལ་གྱི་གྲོང་ཁྱེར་འཕེལ་རྒྱས་གཏོང་བར་བཏོན་པའི་བླང་བྱ་གལ་ཆེན་ཞིག་རེད། ཉེ་བའི་ལོ་འགའི་རིང་། རང་རྒྱལ་མཁར་གྲོང་ཅན་གྱི་འཕེལ་རིམ་ལ་མུ་མཐུད་སྐུལ་འདེད་བཏང་ཞིང་། རྒྱུན་སྡོད་མི་གྲངས་མཁར་གྲོང་ཅན་དུ་འགྱུར་ཚད2021ལོའི་ལོ་མཇུག་དུ64.7%ལ་སླེབས་པ་དང་། དེ2012ལོའི་ལོ་མཇུག་དང་བསྡུར་ན་བརྒྱ་ཆའི11.6ཇེ་མཐོར་སོང་ཡོད། མིག་སྔར། རང་རྒྱལ་གྱི་མཁར་གྲོང་ཅན་གྱི་རྒྱུན་སྡོད་མི་གྲངས་དུང་ཕྱུར་དགུ་ལས་བརྒལ་བ་དང་། མཁར་ཁུལ་དུ་མི་གྲངས་བྱེ་བ་གཅིག་ཡན་ཡོད་པའི་གྲོང་ཁྱེར་ཆེན་པོ་བདུན་ཡོད་པ་དང་། མི་གྲངས་ས་ཡ་ལྔ་ནས་བྱེ་བ་གཅིག་ཡོད་པའི་གྲོང་ཁྱེར་ཆེས་ཆེ་ཤོས་བཅུ་བཞི་ཡོད་པས། གོ་ལ་ཧྲིལ་པོའི་གྲོང་ཁྱེར་གྱི་མ་ལག་ཆེན་པོ་ཞིག་ཆགས་ཡོད། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱ་འཕུར་བ་ལྟར་གོང་འཕེལ་བྱུང་བ་དང་དེང་རབས་ཅན་གྱི་ཆུ་ཚད་ཡང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།

དེ་དང་ཆབས་ཅིག རང་རྒྱལ་གྱི་གྲོང་ཁྱེར་འཕེལ་རྒྱས་ཐད་ལའང་གནད་དོན་མི་ཉུང་བ་ཞིག་གནས་ཡོད་པ་སྟེ། མཁྲེགས་ཆས་གཙིགས་སུ་འཛིན་པ་དང་མཉེན་ཆས་ལ་མཐོང་ཆེན་མི་བྱེད་པ། འཛུགས་སྐྲུན་ལ་གཙིགས་ཆེན་དང་དོ་དམ་ལ་མཐོང་ཆེན་མི་བྱེད་པ། ཕྱི་ཚུལ་ལ་མཐོང་ཆེན་དང་ནང་དོན་ལ་སྣང་ཆུང་བྱེད་པ་བཅས་ཀྱི་གནད་དོན་ཅུང་མངོན་གསལ་ཡིན་པ་རེད། གྲོང་ཁྱེར་ཁ་ཤས་ཀྱི་འཛུགས་སྐྲུན་གྱིས་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་ལ་མི་བསྟུན་པར་གྲུབ་འབྲས་ཁོ་ན་ལེན་པར་བརྩོན་པ་དང་། གཞི་རྒྱ་ཆེན་མོས་འཛུགས་སྐྲུན་དང་ཕྱི་རྒྱལ་ལ་ལད་མོ་བྱེད་པ། ས་ཞིང་དང་ཆུའི་ཐོན་ཁུངས་ཚད་ལས་བརྒལ་ནས་བཟུང་བ། སྲོལ་རྒྱུན་གྱི་གྲོང་རྡལ་དང་གྲོང་གསེབ་ཀྱི་རྣམ་པར་གཏོར་བརླག་བཏང་ཡོད་པ་རེད། གྲོང་ཁྱེར་ལ་ལའི་བར་སྟོང་བཀོད་སྒྲིག་བྱེད་ཚུལ་ལུགས་མཐུན་མིན་པ་དང་། ལས་གནས་དང་སྡོད་གནས་གཉིས་ཐག་ཤིན་ཏུ་རིང་བས། ཕར་སྐྱེལ་ཚུར་ལེན་གྱི་སྐྱེལ་འདྲེན་མ་རྩ་ཧ་ཅང་མཐོ་བ་རེད། གྲོང་ཁྱེར་ཁ་ཤས་ལ་ངེས་པར་དུ་མཁོ་བའི་བཙོག་ཆུ་ཕྱིར་འདོན་དང་། ཆུ་ལོག་སྔོན་འགོག ཡོམ་འགོག འཕྲལ་སྡོམ་སོགས་ཀྱི་སྒྲིག་བཀོད་མི་འདང་བས།  རང་བྱུང་གནོད་འཚེའི་མདུན་དུ་ཧ་ཅང་ཉམས་ཆུང་ཡིན་པ་རེད། གྲོང་ཁྱེར་ལ་ལའི་དོ་དམ་མི་བཟང་བ་དང་། གཞི་རིམ་བཅོས་སྐྱོང་ནུས་པ་ཉམས་ཞན་ཡིན་པ། རིམས་ནད་སོགས་གློ་བུར་དུ་བྱུང་བའི་དོན་རྐྱེན་ལ་ཁ་གཏད་འཇལ་སྐབས་ཅི་བྱེད་འདི་བྱེད་མེད་པར་གྱུར་བ་དང་། བྱེད་ཐབས་སྟབས་བདེ་ཡིན་པ་རེད། གནད་དོན་དེ་དག་ཐག་གཅོད་བྱེད་དགོས་ན་ངེས་པར་དུ་གྲོང་ཁྱེར་འཆར་འགོད་དང་། འཛུགས་སྐྲུན། བཅོས་སྐྱོང་བཅས་ཀྱི་ཆུ་ཚད་དངོས་གནས་མཐོ་རུ་གཏོང་དགོས་པ་དང་། ཆེས་ཆེ་བའི་གྲོང་ཁྱེར་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་ཇེ་མགྱོགས་སུ་བཏང་སྟེ། སྡོད་པར་འཚམ་པ་དང་། མཉེན་གཤིས་རང་བཞིན་ལྡན་པ། བློ་གྲོས་ལྡན་པའི་གྲོང་ཁྱེར་སྐྲུན་དགོས།

རང་རྒྱལ་མཁར་གྲོང་ཅན་གྱི་འཕེལ་རིམ་ལ་མུ་མཐུད་སྐུལ་འདེད་བཏང་ནས་དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུ་དང་། སྔོན་དཔག་བྱས་ན་ད་དུང་མི་གྲངས་དུང་ཕྱུར་གཉིས་ཡས་མས་གྲོང་ཁྱེར་གྱི་འཚོ་བའི་ཁྲོད་ཞུགས་རྒྱུ་རེད། གྲོང་ཁྱེར་ཅན་གྱི་འཐབ་ཇུས་འཐུས་ཚང་དུ་གཏོང་བ་དང་། མི་ལྟེ་བར་འཛིན་པའི་རྣམ་པ་གསར་བའི་མཁར་གྲོང་ཅན་ལ་སྔར་ལས་སྐུལ་འདེད་གཏོང་བ། གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་སྤུས་ཚད་དངོས་གནས་མཐོར་འདེགས་གཏོང་བ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཡོང་བར་བྱ་རྒྱུ་དེ་གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་རྨང་གཞིའི་དམིགས་འབེན་དུ་བཟུང་ནས་གྲོང་ཁྱེར་སྔར་ལས་བདེ་ཐང་དང་། སྔར་ལས་བདེ་འཇགས། སྔར་ལས་མི་སྡོད་པར་འཚམ་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཚོ་བའི་བར་སྟོང་དུ་འགྱུར་བར་བྱ་དགོས། གྲོང་ཁྱེར་འཕེལ་རྒྱས་གཏོང་བར་གཞི་ཁྱོན་དཔལ་འབྱོར་གྱི་ཕན་འབྲས་ཁོ་ནར་བསམ་བློ་མི་གཏོང་བར། ངེས་པར་དུ་སྐྱེ་ཁམས་དང་བདེ་འཇགས་གཉིས་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་བཞག་སྟེ། གྲོང་ཁྱེར་གྱི་བཀོད་པའི་དཔལ་འབྱོར་དགོས་མཁོ་དང་། འཚོ་བའི་དགོས་མཁོ། སྐྱེ་ཁམས་དགོས་མཁོ། བདེ་འཇགས་དགོས་མཁོ་བཅས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་དགོས། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་དང་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ནས་འགོ་བཙུགས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྤྱིའི་ལྟ་བའི་མཛུབ་ཁྲིད་འོག་གྲོང་ཁྱེར་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བ་དང་། སྤུས་ཚད་མཐོ་བའི་གྲོང་ཁྱེར་གྱི་སྐྱེ་ཁམས་མ་ལག་དང་བདེ་འཇགས་མ་ལག་འཛུགས་དགོས། ཐོན་ལས་དང་མི་གྲངས་ཁྱད་སྟོབས་ས་ཁོངས་སུ་གཅིག་བསྡུས་བྱེད་པ་ནི་ཕྱི་རོལ་ཡུལ་གྱི་དཔལ་འབྱོར་ཆོས་ཉིད་ཡིན་མོད། འོན་ཀྱང་གྲོང་ཁྱེར་གྱི་མི་གྲངས་འདུས་ཚད་ཚད་མེད་པར་མཐོ་རུ་གཏོང་མི་རུང་། 2021ལོའི་ལོ་མཇུག་ལ། རང་རྒྱལ་གྱི་གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་དྲུག་གྲངས་ཆུང་གཉིས་བཞི་ལས་མེད་པ་དང་། རྒྱལ་ཡོངས་ཀྱི་བརྒྱ་ཆའི་དྲུག་ཅུ་ཡན་གྱི་མི་གྲངས་སྡོད་ཁུལ་དེ་རྒྱལ་ཁབ་མངའ་ཁོངས་ཀྱི་རྒྱ་ཁྱོན1/160གི་སྟེང་བསྡད་ཡོད་པ་དང་། གྲོང་ཁྱེར་གྱི་ཆ་སྙོམས་མི་གྲངས་ཀྱི་འདུས་ཚད་དེ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་གཅིག་གི་སྟེང་མི་ཁྲི་གཅིག་དང་སྟོང་ལྔ་རེ་ཟིན་ནས་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་གཅིག་གི་སྟེང་མི་ཁྲི་གཅིག་རེ་འོས་འཚམ་ཡིན་པའི་ཆུ་ཚད་ལས་མངོན་གསལ་གྱིས་བརྒལ་ཡོད་ལ། སྤྱིའི་ཆ་ནས་འཚང་ཁ་ཆེན་པོ་ཡོད་པ་རེད། ལྷག་པར་དུ་གྲོང་ཁྱེར་ཆེན་པོ་དང་ཆེས་ཆེ་བའི་གྲོང་ཁྱེར་གྱི་མི་གྲངས་འདུས་ཚད་མངོན་གསལ་གྱིས་མང་བ་དང་།  པེ་ཅིན་དང་ཧྲང་ཧའེ་ཡི་མཁར་ཁུལ་གཙོ་བོའི་མི་གྲངས་ཀྱི་འདུས་ཚད་དེ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་རེའི་སྟེང་མི་ཁྲི་གཉིས་ཡན་ཟིན་གྱིན་ཡོད་པས། རྒྱང་རིང་ལ་དམིགས་ན་དངོས་ཡོད་གནས་ཚུལ་དང་བསྟུན་ནས་འོས་འཚམ་གྱིས་མི་གྲངས་ཀྱི་འདུས་ཚད་ལ་ཚོད་འཛིན་བྱེད་དགོས། ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་དང་། ལས་གནས་དང་སྡོད་གནས་དོ་མཉམ། སྐྱེ་ཁམས་གནས་སྡོད་ལ་འཚམ་པ། འགྲིམ་འགྲུལ་སྟབས་བདེ་བའི་གྲོང་ཁྱེར་ཉེ་འདབས་ཀྱི་མཁར་གྲོང་གསར་བ་སྐོར་ཞིག་འཛུགས་སྐྲུན་བྱེད་དགོས་ན། ལྟེ་གནས་མང་པོ་དང་གྲོང་ཁྱེར་ཉེ་འདབས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ལྟེ་གནས་མཁར་ཁུལ་གྱི་མི་གྲངས་དང་བྱེད་ནུས་མང་པོའི་གནད་དོན་རིམ་བཞིན་ཐག་གཅོད་བྱེད་དགོས།

རང་རྒྱལ་གྱི་ས་གནས་ཁག་གི་གནས་ཚུལ་ལ་ཁྱད་པར་མང་པོ་ཡོད་པས། ཡུལ་བབ་དང་བསྟུན་ནས་གྲོང་ཁྱེར་གྱི་བར་སྟོང་ཆགས་སྟངས་སྣ་མང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཤར་རྒྱུད་སོགས་མི་གྲངས་འདུས་ཚད་ཆེ་བའི་ས་ཁུལ་གྱིས་གྲོང་ཁྱེར་ཁྱུ་ཚོགས་ནང་ཁུལ་གྱི་བར་སྟོང་གྲུབ་ཚུལ་ལེགས་སྒྱུར་བྱེད་དགོས་པ་དང་། གྲོང་ཁྱེར་ཆེན་པོའི་གཞི་ཁྱོན་ལུགས་མཐུན་གྱིས་ཚོད་འཛིན་བྱེད་པ། གྲོང་ཁྱེར་གྱི་ཚོགས་པ་སྒྲིག་པའི་རྣམ་པས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ལྟེ་གནས་མང་བ་དང་། རིམ་པ་མང་བ། གནད་ས་མང་བའི་དྲ་སྦྲེལ་རྣམ་པའི་གྲོང་ཁྱེར་ཚོགས་ཀྱི་གྲུབ་ཚུལ་ཆགས་པར་བྱེད་དགོས་པ་དང་། གྲོང་ཁྱེར་བར་དུ་ཕན་ཚུན་འབྲེལ་མཐུད་བྱེད་པར་ཤུགས་སྣོན་རྒྱག་དགོས་ལ། སྐྱེ་ཁམས་དང་བདེ་འཇགས་ཀྱི་སྲུང་ཡོལ་ཡང་ངེས་པར་དུ་ཡོད་དགོས། དབུས་རྒྱུད་དང་ནུབ་རྒྱུད་ཀྱི་ཆ་རྐྱེན་འཛོམས་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱིས་རང་རྟོགས་ཀྱི་སྒོ་ནས་ལྟེ་བའི་གྲོང་ཁྱེར་མང་པོ་གསོ་སྐྱོང་བྱས་ཏེ“གྲོང་ཁྱེར་གཅིག་ཁོ་ན་ཆེན་པོ”ཡིན་པའི་ནོར་འཁྲུལ་མི་ཡོང་བ་བྱེད་དགོས། རང་རྒྱལ་ལ་རྫོང་དང་གྲོང་ཁྱེར1800ལྷག་ཡོད་པ་དང་། ཞིང་པ་རྫོང་མཁར་དུ་ཡོང་ནས་ཁང་བ་ཉོ་བ་དང་རྫོང་མཁར་དུ་འདུས་སྡོད་བྱེད་པའི་སྣང་ཚུལ་ཡོངས་ཁྱབ་ཡིན་པས། ཆ་རྐྱེན་ལེགས་པའི་རྫོང་མཁར་ཁག་ཅིག་བདམས་ཏེ་གཙོ་གནད་དུ་བཟུང་ནས་འཕེལ་རྒྱས་གཏོང་རྒྱུ་དེ་ནི་རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས། གྲོང་ཁྱེར་གསར་སྒྱུར་གྱི་བྱ་སྤྱོད་ལག་བསྟར་བྱེད་དགོས་ན། གྲོང་ཁྱེར་གྱི་མཁར་རྙིང་དང་ཁུལ་རྙིང་སྡོད་ཁུལ་བསྒྱུར་བཀོད་ལ་སྐུལ་འདེད་དང་། ཆུ་ལོག་སྔོན་འགོག་དང་བཙོག་ཆུ་ཕྱིར་འབུད་ལ་ཤུགས་སྣོན། ཡོམ་འགོག་འཕྲལ་བསྟུན། སྤྱི་པའི་འཕྲོད་བསྟེན། ས་འོག་སྦུག་དྲ། རླངས་འཁོར་འཇོག་ས་སོགས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། བུ་བཅོལ་དང་། རྒན་གསོ། ཁྱིམ་ཚང་ཞབས་ཞུ། སློབ་གསོ། སྨན་བཅོས་སོགས་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཤུགས་ཆེན་པོས་མཐོར་འདེགས་གཏོང་དགོས་ན། གཞི་གྲངས་གྲོང་ཁྱེར་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས་པ་དང་། རིག་ནུས་དོ་དམ་ནུས་པ་ཇེ་མཐོར་གཏོང་བ། ཕན་འབྲས་ལྡན་པའི་སྒོ་ནས་སྡོད་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་བཅོས་བྱེད་དགོས། གྲོང་ཁྱེར་བཅོས་སྐྱོང་ཚན་རིག་ཅན་དང་། ཞིབ་ཕྲ་ཅན། རིག་ནུས་ཅན་གྱི་ཆུ་ཚད་ཤུགས་ཆེན་པོས་མཐོ་རུ་གཏོང་དགོས་ན། གྲོང་ཁྱེར་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་རྒྱུར་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་དང་། དོ་དམ། ཞབས་ཞུ་སོགས་གཞི་རིམ་དུ་ཕྱོགས་རྒྱུར་སྐུལ་འདེད་གཏོང་དགོས་ལ། དེང་རབས་གྲོང་ཁྱེར་གྱི་སྡེ་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ་དང་། གནད་ལ་འཁེལ་ཞིང་ཕན་འབྲས་མཐོ་བའི་མང་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་པ་བཅས་བྱེད་དགོས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།