—ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
བཅོས་སྒྱུར་བྱེད་མཚམས་མ་བཞག་ན་སྒོ་འབྱེད་བྱེད་མཚམས་མི་འཇོག ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་དུ་འགྲེང་ནས། བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱ་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམ་པོར་དམིགས་ཏེ། འཐབ་ཇུས་ཀྱི་རང་བཞིན་དང་གསར་གཏོད་ཀྱི་རང་བཞིན། སྣེ་ཁྲིད་ཀྱི་རང་བཞིན་བཅས་ལྡན་པའི་བཅོས་སྒྱུར་བྱེད་ཐབས་ཁག་ཅིག་འདོན་པ་དང་། བཅོས་སྒྱུར་མ་ལག་གི་འདུས་གྲུབ་ལ་ཤུགས་སྣོན་དང་མཉམ་སྒྲུབ་ལས་ཆོད་ཆེ་བ། ཁྱབ་ཁོངས་གལ་ཆེན་དང་གནད་འགག་རིམ་པར་ཐོལ་བརྒལ་གསར་པ་ཡོང་བ་བཅས་བྱ་དགོས།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོར་བརྟེན་ནས་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱས་པ་དང་། བཅོས་སྒྱུར་གྱི་མཁྲེགས་གཏོར་དམག་འཐབ་རྒྱག་འགོ་ཚུགས་པ་དང་། བཅོས་སྒྱུར་གྱི་མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ། རྙོག་འཛིང་ཆེ་སར་བསྐྱོད་ཕོད་པ། དཀའ་སྤྱད་འབད་བརྩོན་བྱེད་ཕོད་པ། ཉེན་ཁ་དང་འགྲན་སློང་གསར་པར་ཁ་གཏད་འཇལ་ཕོད་པ། འགལ་ཟླ་དང་འགྲན་སློང་གསར་པར་ཁ་ཕྱོགས་ཕོད་པ། བསམ་བློའི་འདུ་ཤེས་ཀྱི་འཆིང་རྒྱ་ལས་སྒྲོལ་བ། ཁེ་ཕན་ཇེ་བརྟན་དུ་གཏོང་བའི་དཀའ་གནད་ལས་སྒྲོལ་བ། ཕྱོགས་སོ་སོའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་ཞན་ཆ་མཐའ་གཅིག་ཏུ་སེལ་བ་བཅས་བྱེད་དགོས། སྔར་ལས་ཧུར་བརྩོན་དང་རང་འགུལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱས་ནས། གོ་ལ་ཧྲིལ་པོར་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཚོང་དོན་ཁུལ་གྱི་དྲ་རྒྱ་བཙུགས་ཏེ། རང་མོས་ཚོང་དོན་ཚོད་ལྟ་ཁུལ་དང་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། “རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་ལོ་བཅུའི་ནང་བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་ཟབ་སྤེལ་བྱས་པ་བརྒྱུད། ཁྱབ་ཁོངས་སོ་སོའི་རྨང་གཞིའི་རང་བཞིན་ལྡན་པའི་ལམ་ལུགས་ཀྱི་སྒྲོམ་གཞི་རྩ་བའི་ཆ་ནས་བཙུགས་པ་དང་། ཁྱབ་ཁོངས་མང་པོར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་། རྒྱུད་རིམ་རང་བཞིན་གྱི་བསྐྱར་སྐྲུན་བྱས་པ། སྤྱི་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་བཅས་མངོན་འགྱུར་བྱུང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་ལས་འཐུས་ཚང་དང་སྔར་ལས་གཏན་འཁེལ་བྱུང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མངོན་གསལ་སྒོས་མཐོ་རུ་ཕྱིན་པས། རང་རྒྱལ་འདི་ཉིད་རྒྱལ་ཁབ་དང་ས་ཁུལ140ལྷག་ཙམ་གྱི་ཚོང་དོན་རོགས་ཟླ་གཙོ་བོར་གྱུར་པ་དང་། དངོས་ཟོག་ཉོ་ཚོང་གི་སྤྱི་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་ལ། ཕྱི་རྒྱལ་གྱི་མ་དངུལ་དང་ཕྱི་ཕྱོགས་མ་འཇོག་འཛམ་གླིང་གི་མདུན་གྲལ་དུ་སླེབས་ནས་ཁྱབ་ཁོངས་སྔར་ལས་ཆེ་བ་དང་། ཁྱབ་ཁོངས་སྔར་ལས་ཡངས་པ། རིམ་པ་སྔར་ལས་ཟབ་པ་བཅས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་ཞིག་ཆགས་ཡོད།
ལག་ལེན་དང་འཕེལ་རྒྱས་གཏོང་རྒྱུ་ནི་རྫོགས་མཐའ་བྲལ་བ་ཡིན་ལ། བཅོས་སྒྱུར་སྒོ་འབྱེད་ཀྱང་རྫོགས་མཐའ་གཏན་ནས་མེད། མིག་སྔར། འཛམ་གླིང་གི་ལོ་ངོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་རིམ་འགྱུར་བྱེད་བཞིན་ཡོད་པ་དང་། སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་འཕེལ་རྒྱས་ཟབ་མོ་བྱུང་ཞིང་། རང་རྒྱལ་གྱི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་གོ་སྐབས་གསར་པ་དང་། འཐབ་ཇུས་ཀྱི་ལས་འགན་གསར་པ། འཐབ་ཇུས་ཀྱི་དུས་རིམ་གསར་པ། འཐབ་ཇུས་ཀྱི་བླང་བྱ་གསར་པ། འཐབ་ཇུས་ཀྱི་ཁོར་ཡུག་གསར་པ་བཅས་འཕྲད་ཡོད། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་གཙོ་བོར་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཕན་ཚུན་སྐུལ་སྤེལ་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་འཛུགས་པ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་བྱེད་པའི་འཐབ་ཇུས་ལ་རྐང་བཙུགས་པ་ནི་མ་འོངས་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་དམ་འཛིན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ཅིག་ཡིན་པས། གནད་དོན་གྱི་སྟོན་ཕྱོགས་དང་བརྒྱུད་རིམ་ལྡན་པའི་འདུ་ཤེས་རྒྱུན་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་བསྐྲུན་རྒྱུར་ཚོད་འཛིན་བཟོ་བའི་འགལ་བ་གཙོ་བོ་དང་གནད་དོན་ནུས་ཤུགས་ཡོད་རྒུས་བསལ་ནས། བཅོས་སྒྱུར་སྒོ་འབྱེད་སྔར་ལས་ཟབ་སྤེལ་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་འཁོར་རྒྱུག་ཆེན་པོའི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་དགོས། བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་ཁྲོད་དུ་གཡོལ་ཐབས་མེད་པ་དང་བསྐོར་མི་ཐུབ་པའི་གཏིང་རིམ་གྱི་འགལ་བ་མི་ཉུང་བ་ཞིག་ལ་དམིགས་ཏེ། མདུན་དུ་སྐྱོད་པའི་ལམ་བུའི་ཐོག་ཏུ་རྦ་རླབས་དྲག་པོ་འཕྱུར་བ་དང་ཐ་ན་རྦ་རླབས་འཇིགས་སུ་རུང་བ་ལྟ་བུ་ཡང་འབྱུང་སྲིད་མོད། བཅོས་སྒྱུར་གསར་གཏོད་ལ་སྐུལ་འདེད་ནན་མོ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། གཏིང་ཟབ་པའི་སྒྲིག་གཞི་དང་ལམ་སྲོལ་གྱི་འགོག་རྐྱེན་ནུས་ཤུགས་ཡོད་རྒུས་སེལ་བ་བཅས་བྱས་ཚེ། གཞི་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་རྒྱུན་མི་ཆད་པར་མངོན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་མི་ཆད་པར་ཆེ་རུ་བཏང་ནས། རང་རྒྱལ་གྱི་ལམ་ལུགས་ཀྱི་ཁྱད་སྟོབས་ཏེ་སྔར་ལས་བཟང་བའི་རྒྱལ་ཁབ་བཅོས་སྐྱོང་གི་ཕན་འབྲས་སུ་བསྒྱུར་དགོས།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་མ་འོངས་པའི་དུས་སྐབས་ཤིག་གི་རིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུའི་དམིགས་འབེན་དང་ལས་འགན། སྲིད་ཇུས་དང་བྱེད་ཕྱོགས་གནད་ཆེ་བ་ཚན་རིག་དང་མཐུན་པར་ཇུས་འགོད་བྱས་པ་དང་། བཅོས་སྒྱུར་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པ་དེ་ནི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱ་རྒྱུའི་ཐད་བཏོན་པའི་འཐབ་ཇུས་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་སྟེང“ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ། རེས་སྐོར་གསར་པའི་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱ་རྒྱུར་ཇུས་འགོད་བྱེད་དགོས”ཞེས་ནན་བཤད་གནང་བ་རེད། ང་ཚོས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། གཞུང་ཁོངས་ཁེ་ལས་མཉམ་འདྲེས་ཀྱི་དབང་བའི་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་བཅས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་པ། སྤྱི་ཁོག་གི་དཔལ་འབྱོར་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས། དེང་རབས་ཀྱི་དངུལ་རྩར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཐུས་ཚང་དུ་བཏང་སྟེ། དངུལ་རྩ་བརྟན་གནས་ཀྱི་འགན་སྲུང་མ་ལག་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་སྟེ། སྒྲིག་སྲོལ་དང་ལམ་སྲོལ། དོ་དམ། ཚད་གཞི་སོགས་ལམ་ལུགས་ཅན་གྱི་སྒོ་འབྱེད་གོམ་སྟབས་བརྟན་པོའི་ངང་ཆེ་རུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་བཅོས་སྒྱུར་གཅིག་གྱུར་གྱིས་འཆར་འགོད་ཡག་པོ་བྱ་དགོས། བཅོས་སྒྱུར་དོན་འཁྱོལ་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུར་སྣང་ཆེན་བྱས་ནས་བཅོས་སྒྱུར་གྱི་བྱེད་ཐབས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས།
བཅོས་སྒྱུར་སྒོ་འབྱེད་ལ་ལག་བསྟར་བྱ་ཡུན་མ་གཏོགས་ཡོངས་འགྲུབ་དུས་ཚོད་མེད། ཏང་དང་རྒྱལ་ཁབ་ཀྱི་བྱ་བ་སྣ་ཚོགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ལྷག་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱེད་པར་ངེས་པར་དུ་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་སྒུལ་ཤུགས་སྣོན་པ་དང་ཚད་བརྒལ་ཡོང་བ་བྱེད་དགོས། འདས་ཟིན་པའི་འབད་འཐབ་ཀྱི་ལམ་བུར་ཕྱིར་མིག་བལྟས་ཚེ། བཅོས་སྒྱུར་སྒོ་འབྱེད་ནི་ཏང་དང་མི་དམངས་ཀྱིས་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་ཟིན་པའི་ཐབས་མཆོག་གལ་ཆེན་ཞིག་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ངེས་བརྒྱུད་ལམ་བུ་ཞིག་ཡིན་ལ། དེང་རབས་ཀྱི་ཀྲུང་གོའི་ལས་སྐལ་ཐག་གཅོད་པའི་གནད་འགག་གི་བྱེད་ཐབས་ཤིག་བཅས་རེད། མདུན་ཕྱོགས་ཀྱི་འབད་འཐབ་ལམ་བུར་རྒྱང་ལྟ་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། འགྱུར་ལྡོག་ལ་ངོས་འཛིན་ཡང་དག་དང་། ཚན་རིག་དང་མཐུན་པའི་ངང་འགྱུར་ལྡོག་གཏོང་བ། རང་འགུལ་ངང་འགྱུར་ལྡོག་གཏོང་བ་བཅས་བྱེད་པ་དང་། དཀའ་ཚེགས་ཇི་ཙམ་ཆེ་ན་དེ་ཙམ་གྱིས་མདུན་ཕྱོགས་སུ་སྐྱོད་པའི་ཞུམ་མེད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས། ཚད་མཐོའི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱས་ཚེ། ཁྱད་སྟོབས་དང་རང་འགུལ། མ་འོངས་པ་བཅས་ལ་རྒྱལ་ཁ་ཐོབ་ཐུབ་ངེས་རེད།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།