དྲི་བ་ཞེ་ལྔ་བ། འཇོན་མིའི་རང་བདག་སྐྱེད་སྲིང་གི་སྤུས་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བ་དང་།  གནམ་འོག་གི་འཇོན་མི་གཅིག་ཏུ་བསྡུས་ནས་བཀོལ་སྤྱོད་བྱེད་པར་གོ་བ་ཇི་ལྟར་ལེན་དགོས་སམ།
2023.03.16 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 19

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“འཇོན་མིའི་རང་བདག་སྐྱེད་སྲིང་གི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། ཕུལ་བྱུང་འཇོན་མི་སྐྱེད་སྲིང་བྱེད་པར་ཤུགས་རྒྱག་པ། གནམ་འོག་གི་འཇོན་མི་གཅིག་ཏུ་བསྡུས་ནས་བཀོལ་སྤྱོད་བྱེད་དགོས”ཞེས་བསྟན་ཡོད། འདི་ནི་དུས་རབས་གསར་པར་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་དང་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་འཇོན་མིའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། འཇོན་མིར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་རྒྱུ་ཇེ་མགྱོགས་སུ་གཏོང་བའི་འཐབ་ཇུས་ཀྱི་བཀོད་པ་ཞིག་ཀྱང་རེད།  ང་ཚོས་གཤམ་གྱི་ཕྱོགས་གསུམ་ནས་ངོས་འཛིན་གཏིང་ཟབ་བྱས་ཆོག

དང་པོ། འཇོན་མིའི་རང་བདག་སྐྱེད་སྲིང་གི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། གནམ་འོག་གི་འཇོན་མི་གཅིག་ཏུ་བསྡུས་ནས་བཀོལ་སྤྱོད་བྱེད་རྒྱུ་ནི་ང་ཚོའི་ཏང་གིས་ལོ་ངོ་བརྒྱ་ལྷག་གི་རིང་འབད་འཐབ་བྱས་པའི་སྲོལ་རྒྱུན་བཟང་པོ་ཞིག་ཡིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ཉིན་མོ་ནས་བཟུང་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་གཉེར་བ་དང་ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་དོན་གཉེར་བྱེད་པའི་ཐོག་མའི་བསམ་འདུན་དང་ལས་འགན་ལག་བསྟར་བྱས་ཡོད།

ལོ་ངོ་བརྒྱ་ཡི་འཕོ་འགྱུར་ཁྲོད།   འབད་འཐབ་བྱས་ནས་འོད་སྟོང་བསྐྲུན། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་ཡིན་ནའང་འདྲ། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་དུས་སྐབས་དང་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པ་ཡིན་ནའང་འདྲ།  ལྷག་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་གང་ཞིག་ཡིན་ཀྱང་། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་སེམས་གོང་བུར་འགྲིལ་བ་དང་མི་གཤིས་འཐུས་ཚང་དུ་གཏོང་བ། མི་ཤུགས་གསར་སྤེལ་དང་འཇོན་མི་སྐྱེད་སྲིང་། མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་ལ་མཐོང་ཆེན་བྱས་ནས། ལས་བྱེད་པའི་དམག་དཔུང་གི་ཆབ་སྲིད་རིག་གནས་སློབ་གསོ་དང་བཟོ་ཞིང་མང་ཚོགས་ཀྱི་ཡིག་རྨོངས་སེལ་བ་ནས་དེང་རབས་ཀྱི་སློབ་གསོའི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་བར། ཏང་གིས་འཇོན་མིར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་ནས་ཕྱོགས་གང་ཅིའི་ཐད་ནས་འཇོན་མི་སྐྱེད་སྲིང་དང་ནང་འདྲེན། བཀོལ་སྤྱོད་བྱེད་པ་བཅས་ཕན་ཚུན་ཆ་འགྲིག་པའི་སྲིད་ཇུས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་།  རང་བདག་གིས་འཇོན་མི་སྐྱེད་སྲིང་བྱེད་པ་དང་ཕྱོགས་སོ་སོའི་འཇོན་མི་གཅིག་བསྡུས་བྱེད་པ། མཐུན་སྒྲིལ་གྱིས་འཇོན་མིར་ཁྲིད་སྟོན་བྱེད་པ་བཅས་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་འཚོལ་ཞིབ་བྱེད་པའི་ཐད་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས་ཏེ། གཅིག་རྒྱུན་གཅིག་འཛིན་དང་དུས་བསྟུན་མདུན་སྐྱོད་ཀྱི་སྲོལ་རྒྱུན་བཟང་པོ་ཆགས་ཡོད། བཙུགས་མ་ཐག་པའི་“གྲུ་ཆུང་དམར་པོ”ནས་ད་ལྟའི“བརྗིད་ཉམས་ལྡན་པའི་གྲུ་གཟིངས་ཆེན་པོའི”བར།  ཏང་ཡོན50ལྷག་ནས་ཏང་ཡོན་བྱེ་བ9དང་ས་ཡ6ལྷག་དུ་འཕར། ང་ཚོའི་ཏང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་ངལ་ཁྱད་བསད་དང་དཀའ་སྤྱད་འབད་བརྩོན་བྱས་ཏེ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ཀྲུང་གོ་གསར་པ་འཛུགས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གསར་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་ཕྱོགས་སུ་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་བསྐྱོད་པར། ཏང་གིས་འགོ་ཁྲིད་པའི་འཇོན་མིའི་བྱ་གཞག་ཚང་མས་རྨང་གཞིའི་རང་བཞིན་དང་ཁྱོན་ཡོངས་རང་བཞིན་ལྡན་པའི་ནུས་པ་ཧ་ཅང་གལ་ཆེན་འདོན་སྤེལ་བྱས་ཡོད་པས། སྲོལ་རྒྱུན་བཟང་པོ་འདི་དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་མུ་མཐུད་དུ་དར་རྒྱས་གོང་འཕེལ་དུ་གཏོང་དགོས།

གཉིས་པ། འཇོན་མིའི་རང་བདག་སྐྱེད་སྲིང་གི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། གནམ་འོག་གི་འཇོན་མི་གཅིག་ཏུ་བསྡུས་ནས་བཀོལ་སྤྱོད་བྱེད་རྒྱུ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན། རྒྱལ་ཁབ་ཀྱི་སྲོག་རྩ་གཙོ་བོ་ནི་འཇོན་མི་ཡིན། དེང་གི་འཛམ་གླིང་དུ་འཇོན་མིའི་ཐོན་ཁུངས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐོན་ཁུངས་ཨང་དང་པོ་ཡིན་པ་དང་། འཇོན་མིའི་འགྲན་རྩོད་ནི་ཕྱོགས་བསྡུས་རྒྱལ་སྟོབས་འགྲན་རྩོད་ཀྱི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་ཏུ་གྱུར་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“འཇོན་མི་ནི་རྒྱལ་ཁབ་ཅིག་གི་ཕྱོགས་བསྡུས་རྒྱལ་སྟོབས་ཚད་འཇལ་བྱེད་ཀྱི་དམིགས་ཚད་གལ་ཆེན་ཞིག་ཡིན”ཞེས་དང་། “མི་རིགས་དར་རྒྱས་དང་རྒྱལ་སྤྱིའི་འགྲན་རྩོད་རང་འགུལ་ལས་རྒྱལ་བའི་འཐབ་ཇུས་ཐོན་ཁུངས་ཤིག་ཀྱང་ཡིན།”“སྲ་ཞིང་བརྟན་པའི་སྟོབས་ཤུགས་དང་མཉེན་པའི་སྟོབས་ཤུགས་དེ་མཐར་གཏུགས་ནས་བཤད་ན་འཇོན་མིའི་སྟོབས་ཤུགས་ལ་བརྟེན་དགོས།”“རྒྱལ་ཁབ་ཀྱི་སྟོབས་ཤུགས་ཆེན་པོ་མི་ལས་བྱུང་བ་དང་འཇོན་མིའི་གྲུབ་འབྲས་སློབ་སྦྱོང་ལས་བྱུང་བ་ཡིན”ཞེས་གཏིང་ཟབ་པའི་སྒོ་ནས་བསྟན་ཡོད།  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས“སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་འཇོན་མི་འབོར་ཆེན་སྐྱེད་སྲིང་དང་གསོ་སྐྱོང་བྱེད་རྒྱུ་ནི་རྒྱལ་ཁབ་དང་མི་རིགས་ཡུན་རིང་འཕེལ་རྒྱས་སུ་གཏོང་བའི་ཇུས་ཆེན་ཡིན”ཞེས་ནན་གྱིས་བསྟན།  དེ་ཡིས་གལ་ཏེ་དངོས་པོ་དང་ལག་རྩལ་གྱི་རྨང་གཞི་བརྟན་པོ་མེད་ན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་མི་ཐུབ་པ་དང་། གལ་ཏེ་གཞི་ཁྱོན་ཆེ་ཞིང་གྲུབ་ཚུལ་ལུགས་དང་མཐུན་པ། བྱང་ཚད་མཐོ་བ་བཅས་ཀྱི་འཇོན་མིའི་དཔུང་ཁག་ཅིག་མེད་ན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་བདེ་བླག་ངང་མངོན་འགྱུར་བྱེད་དཀའ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་པའི་སྐྱོད་ལམ་གསར་པའི་སྟེང་འཇོན་མིའི་རང་བདག་སྐྱེད་སྲིང་གི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། གནམ་འོག་གི་འཇོན་མི་གཅིག་ཏུ་བསྡུས་ནས་བཀོལ་སྤྱོད་བྱེད་རྒྱུ་ནི།  རང་རྒྱལ་གྱིས་འཇོན་མིའི་ཐོན་ཁུངས་ཀྱི་འགྲན་རྩོད་ལེགས་ཆ་མྱུར་དུ་འཛུགས་པ་དང་དེང་རབས་ཅན་འཛུགས་སྐྲུན་ལ་འཇོན་མིའི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་རེད།

གསུམ་པ།  འཇོན་མིའི་རང་བདག་སྐྱེད་སྲིང་གི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་གནམ་འོག་གི་འཇོན་མི་གཅིག་ཏུ་བསྡུས་ནས་བཀོལ་སྤྱོད་བྱེད་པར། སྔར་ལས་ཧུར་ཐག་དང་སྔར་ལས་སྒོ་འབྱེད། སྔར་ལས་ནུས་ལྡན་བཅས་ཀྱི་འཇོན་མིའི་སྲིད་ཇུས་དོན་འཁྱོལ་བྱེད་དགོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“ཀྲུང་གོ་ནི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། འཇོན་མིའི་གྲངས་འབོར་དང་སྤུས་ཚད། གྲུབ་ཚུལ་བཅས་ཀྱི་དགོས་མཁོ་ནི་ཕྱོགས་ཡོངས་ཅན་ཡིན་པས། འཇོན་མིའི་དགོས་མཁོ་ཆེན་པོ་དེ་འདྲ་བསྐང་བར་ངེས་པར་དུ་གཙོ་བོ་རང་ཉིད་ཀྱི་སྐྱེད་སྲིང་ལ་བརྟེན་དགོས་པ་དང་། འཇོན་མིའི་མཁོ་སྤྲོད་ལ་རང་བདག་དང་ཚོད་འཛིན་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས”ཞེས་གསལ་པོར་བསྟན་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་གཏན་འཁེལ་བྱས་པའི་སྤྱིའི་བླང་བྱ་ལྟར། འཇོན་མིའི་རང་བདག་སྐྱེད་སྲིང་སྤུས་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བ་ནི་རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་ཁོར་ཡུག་འོག   རིམ་པ་མང་ཞིང་སྣ་མང་ཅན་གྱི་འཇོན་མིའི་རང་བདག་སྐྱེད་སྲིང་བྱ་བར་སྔར་ལས་མཐོང་ཆེན་བྱས་ཏེ།   ཕུལ་བྱུང་འཇོན་མི་སྐྱེད་སྲིང་བྱེད་པར་ཤུགས་བསྣན་ཏེ།  འཇོན་མིས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་ཐུབ་པ་བྱེད་དགོས། གནམ་འོག་གི་མཁས་པ་མང་པོ་གཅིག་ཏུ་བསྡུས་ནས་བཀོལ་སྤྱོད་བྱེད་པ་ཞེས་པ་ནི། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཞི་བཙུགས་ཏེ་འཛམ་གླིང་གི་འཇོན་མིའི་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་ས་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། འཇོན་མིའི་ས་ཁོངས་བཀོད་སྒྲིག་ལུགས་མཐུན་དང་མཐུན་སྦྱོར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ། ཡངས་ཤིང་རྒྱ་ཆེ་བའི་བློ་རྒྱ་ལ་བརྟེན་ནས་དགོས་མཁོ་ཆེ་ལ་དཀོན་པའི་འཇོན་མི་ནང་འདྲེན་བྱེད་པ། འཇོན་མིའི་རྒྱལ་སྤྱིའི་སྤེལ་རེས་ལ་ཤུགས་བསྣོན་པ་བཅས་བྱས་ནས་རིགས་སོ་སོའི་འཇོན་མི་གང་ལེགས་སྒོས་བཀོལ་སྤྱོད་བྱེད་རྒྱུ་དེ་རེད། འཇོན་མིའི་རང་བདག་སྐྱེད་སྲིང་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་གནམ་འོག་གི་མཁས་པ་གཅིག་ཏུ་བསྡུས་ནས་བཀོལ་སྤྱོད་བྱེད་དགོས་ན།  ངལ་རྩོལ་ལ་བརྩི་འཇོག་དང་ཤེས་བྱར་བརྩི་འཇོག འཇོན་མིར་བརྩི་འཇོག གསར་སྐྲུན་ལ་བརྩི་འཇོག་བཅས་བྱེད་པའི་བྱེད་ཕྱོགས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ། འཇོན་མི་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་བཅོས་སྒྱུར་ཟབ་མོ་བྱེད་པ་དང་།  འཇོན་མི་ལ་དགའ་བ་དང་འཇོན་མི་སྐྱེད་སྲིང་བྱེད་པ། འཇོན་མི་ནང་འདྲེན་བྱེད་པ། འཇོན་མི་བཀོལ་སྤྱོད་བྱེད་པ་བཅས་བྱས་ནས།    འཇོན་མི་སྐོམ་པ་ཆུ་འདོད་ལྟར་འཚོལ་བ་དང་སྲོལ་ལུགས་གཅིག་གི་འཆིང་རྒྱ་ལས་གྲོལ་ཏེ་ཕྱོགས་སོ་སོའི་ཕུལ་བྱུང་འཇོན་མི་ཏང་དང་མི་དམངས་ཀྱི་བྱ་གཞག་ཁྲོད་གཅིག་བསྡུས་བྱས་ནས། རྒྱ་ཆེའི་འཇོན་མིས་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་།  ལས་བཀུར་ལེགས་སྐྱེས་འབུལ་བ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ལ་ཁྲིད་སྟོན་བྱེད་དགོས་པ་དང་། ལྷག་པར་དུ་ན་གཞོན་འཇོན་མིའི་ལུས་བདེ་སེམས་སྐྱིད་དང་། ལས་ཞུགས་བདེ་ལེགས་ཡོང་བ་བཅས་ཀྱི་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་ནས།   རིགས་སོ་སོའི་འཇོན་མིའི་གསར་གཏོད་ཀྱི་གསོན་ཤུགས་དང་གསར་སྐྲུན་གྱི་སྦས་ཤུགས་སྔར་ལས་འདོན་སྤེལ་ལེགས་པོ་བྱེད་དགོས།

                                                                                     ཡིག་སྒྱུར་བ། གཡང་འབུམ་རྒྱལ།