---ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་སྟེང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གླེང་བ།
“བདེ་འཇགས་ནི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པ་དང་། བརྟན་བརླིང་ནི་སྟོབས་ལྡན་དུ་འགྱུར་བའི་སྔོན་འགྲོ་ཡིན” རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རང་རྒྱལ་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་འཐབ་ཇུས་ཀྱི་གོ་སྐབས་གསར་པ་དང་། འཐབ་ཇུས་ཀྱི་ལས་འགན་གསར་པ། འཐབ་ཇུས་ཀྱི་དུས་རིམ་གསར་པ། འཐབ་ཇུས་ཀྱི་བླང་བྱ་གསར་བ། འཐབ་ཇུས་ཀྱི་ཁོར་ཡུག་གསར་པ་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་ཐད་བླང་བྱ་གསལ་བོར་བཏོན་པ་དང་བཀོད་སྒྲིག་གལ་ཆེན་བྱས་ནས“སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་དགོས”ཞེས་ནན་གྱིས་བསྟན།
བདེ་འཇགས་དང་འཕེལ་རྒྱས་ནི་ཕུང་བོ་གཅིག་གི་གཤོག་ཟུང་དང་སྒུལ་བྱེད་ཀྱི་འཁོར་ལོ་ཟུང་ལྟ་བུ་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་ལ་གཅིག་གྱུར་འཆར་འགོད་དང་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་མོའི་མཐོ་ཚད་དུ་འགྲེངས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཕྱོགས་ཆེན་མོ་གཉིས་དང་། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་པ་དང་། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཛ་དྲག་དང་རྙོག་འཛིང་གི་རྒྱལ་སྤྱིའི་གནས་བབ་དང་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་འཇལ་བས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྲུབ་འབྲས་གསར་སྐྲུན་བྱས་པ་རེད། ང་ཚོས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱས་པ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་འགོ་ཁྲིད་སྒྲིག་སྲོལ་དང་། ཁྲིམས་སྐྱོང་མ་ལག འཐབ་ཇུས་མ་ལག སྲིད་ཇུས་མ་ལག་བཅས་རྒྱུན་མི་ཆད་པར་འཐུས་ཚང་དུ་བཏང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ། བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དེ་སྔར་ལས་ཆུ་ཚད་མཐོ་བའི་ཕྱོགས་སུ་སྐྱོད་ཡོད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་དྲག་པོ་བྱུང་བ་དང་། ལྷག་པར་དུ་ཕྱི་རོལ་ཡུལ་གྱི་སྙད་འཚོལ་འཇིགས་སྐུལ་དང་། བཀག་འགོག བཀག་སྡོམ། ཚད་མེད་པར་གནོན་ཤུགས་སྦྱིན་པ་བཅས་ལ་ཁ་གཏད་དེ། ང་ཚོས་འཐབ་རྩོད་ཁྲོད་རྒྱལ་ཁབ་ཀྱི་ལ་རྒྱ་དང་ལྟེ་བའི་ཁེ་ཕན་སྲུང་སྐྱོང་བྱས་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་དང་བདེ་འཇགས་ཀྱི་རང་འགུལ་དབང་ཆ་དམ་པོར་བཟུང་ཡོད། ལག་ལེན་དངོས་ཀྱི་སྟེང་ནས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་དང་། དཀའ་སྡུག་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། བདེ་སྡོད་ཉེན་བསམ་བཅས་བྱ་རྒྱུ་ནི་ང་ཚོ་ཏང་གིས་རྒྱལ་སྲིད་སྐྱོང་ལུགས་ཀྱི་རྩ་དོན་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གནས་ས་དང་། ཏང་དང་རྒྱལ་ཁབ་ཡར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཇགས་ཡོང་བའི་འགན་ལེན་ནུས་ལྡན་ཞིག་རེད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བརྗིད་ཆེའི་འཆར་འགོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཆར་གཞི་བཀོད་ཡོད། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་བྱས་ནས་སྐུལ་འདེད་གཏོང་བ་དང་།“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་གཏན་འཁེལ་བྱས་ཡོད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་སྐྲུན་རྒྱུ་དེ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པའི་འཐབ་ཇུས་ཀྱི་ཇུས་གཞིར་རྐང་ཚུགས་པ་ཞིག་དང་། སྔོན་དཔག་ཐུབ་པ་དང་སྔོན་དཔག་དཀའ་བའི་རླུང་འཚུབ་དྲག་ཆར་དང་རྦ་རླབས་འཇིགས་སུ་རུང་བའི་ཁྲོད་རང་རྒྱལ་གྱི་འཚོ་གནས་ནུས་པ་དང་། འགྲན་རྩོད་ནུས་པ། འཕེལ་རྒྱས་ནུས་པ། རྒྱུན་མཐུད་ནུས་པ་སྣ་ཚོགས་ཇེ་དྲག་ཏུ་གཏོང་བའི་ཆེད་རེད། རང་རྒྱལ་གྱི་འཕེལ་རྒྱས་དེ་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་མཉམ་དུ་གནས་པ་དང་གཏན་འཁེལ་མེད་ཅིང་ཚོད་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བའི་དུས་སྐབས་སུ་སླེབས་ཡོད་པས།“ངང་བ་ནག་པོ”དང་།“བསེ་རུ་སྐྱ་བོ”ལྟ་བུའི་དོན་རྐྱེན་དུས་ངེས་མེད་དུ་ཐོན་ཡོང་བར་ངེས་པར་དུ་ངོས་འཛིན་གཏིང་ཟབ་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་ལེགས་པའི་སྒོ་ནས་གཅིག་གྱུར་འཆར་འགོད་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་མཉམ་དུ་མཐོང་ཆེན་བྱེད་པ་རྒྱུན་འཁྱོངས། འཕེལ་རྒྱས་ཁྲོད་སྔར་ལས་མང་པོའི་བདེ་འཇགས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིགས་མང་པོ་བཏང་སྟེ། བྱ་སྤྱོད་སྔོན་ལ་སྤེལ་བ་དང་རང་འགུལ་གྱི་དམག་འཐབ་ཡག་པོ་རྒྱག་པ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཕན་འབྲས་ལྡན་པའི་སྒོ་ནས་འགོག་པ་དང་ཞི་འཇགས་སུ་གཏོང་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་བདེ་འཇགས་མཐའ་ཚད་སྲུང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་མཉམ་འགུལ་བཟང་པོ་མངོན་འགྱུར་བྱེད་པ། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་ཡོང་བ་སྲུང་འཛིན་བྱས་ཚེ། གཞི་ནས་རང་རྒྱལ་གྱི་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་དེ་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ།
རྒྱལ་ཁབ་ཀྱི་བདེ་འཇགས་ནི་རྒྱལ་ཁབ་བརྟན་པོ་ཡོང་བའི་རྨང་རྡོ་གལ་ཆེན་ཞིག་ཡིན། རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་གྱི་སྐྱོད་ལམ་གསར་བའི་སྟེང་། ངེས་པར་དུ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཕྱོགས་སོ་སོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ལ་འགན་སྲུང་བྱེད་དགོས། མི་དམངས་ཀྱི་བདེ་འཇགས་དམིགས་ཡུལ་དུ་འཛིན་པ་དང་། ཆབ་སྲིད་ཀྱི་བདེ་འཇགས་རྩ་བར་འཛིན་པ། དཔལ་འབྱོར་གྱི་བདེ་འཇགས་རྨང་གཞིར་འཛིན་པ། དམག་དོན་ཚན་རྩལ་རིག་གནས་སྤྱི་ཚོགས་ཀྱི་བདེ་འཇགས་འགན་སྲུང་བྱེད་པ། རྒྱལ་སྤྱིའི་བདེ་འཇགས་ལ་སྐུལ་འདེད་གཏོང་བར་གཞི་བཅོལ་བ་རྒྱུན་འཁྱོངས་བྱས་ནས་ཕྱི་ཕྱོགས་ཀྱི་བདེ་འཇགས་དང་ནང་ཁུལ་གྱི་བདེ་འཇགས། རྒྱལ་ཁབ་མངའ་ཁོངས་བདེ་འཇགས་དང་རྒྱལ་དམངས་ཀྱི་བདེ་འཇགས། སྲོལ་རྒྱུན་གྱི་བདེ་འཇགས། སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས། རང་ངོས་ཀྱི་བདེ་འཇགས། ཐུན་མོང་གི་བདེ་འཇགས་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྐྲུན་པ་དང་སྲུང་སྐྱོང་བྱེད་པར་གཅིག་གྱུར་འཆར་འགོད་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་གི་གཞི་རིམ་རྨང་གཞི་ཇེ་བརྟན་དུ་གཏོང་བ། གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་ནང་ཞུགས་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས། ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་བྱ་བར་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པར་རྒྱུན་འཁྱོངས་བྱེད་དགོས་ན། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ནུས་པ་ཇེ་དྲག་ཏུ་གཏོང་བ། སྤྱི་བའི་བདེ་འཇགས་བཅོས་སྐྱོང་གི་ཆུ་ཚད་ཇེ་མཐོར་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས་བདེ་འཇགས་ཀྱི་རྣམ་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འགན་ལེན་བྱེད་དགོས།
ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་དང་། མི་དམངས་དམག་དཔུང་དེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་སྲུང་སྐྱོང་ནུས་ལྡན་བྱེད་པའི་ལྕགས་རི་རིང་པོ་ལྟ་བུ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས”ཞེས་ནན་གྱིས་བསྟན། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་ན་ངེས་པར་དུ་དམག་དཔུང་སྟོབས་ཆེར་གཏོང་བ་དང་། དམག་དཔུང་སྟོབས་ཆེར་བཏང་ན་གཞི་ནས་རྒྱལ་ཁབ་བདེ་འཇགས་ཡོང་ཐུབ། དུས་ལྟར་དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། མི་དམངས་དམག་དཔུང་དེ་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་མྱུར་མོར་འཛུགས་སྐྲུན་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་བླང་བྱ་རེད། རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་གྱི་སྐྱོད་ལམ་གསར་བའི་སྟེང་། མི་དམངས་དམག་དཔུང་གིས་ངེས་པར་དུ་ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ། ཏང་གིས་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་ལ་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་དང་། བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། འཇོན་མིར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་རང་བདག་དབང་ཆ་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་འཐབ་ཇུས་ནུས་པ་ཇེ་མཐོར་བཏང་ནས་དུས་རབས་གསར་པའི་མི་དམངས་དམག་དཔུང་གི་འགན་འཁྲི་དང་ལས་འགན་ཕན་འབྲས་ལྡན་པའི་སྒོ་ནས་ལག་བསྟར་བྱེད་དགོས། གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་ཇེ་མཐོར་གཏོང་བ་དེ་ནི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་མདུན་དུ་ལྷགས་པའི་གནས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་བ་ཁོང་དུ་ཆུད་པ་ཞིག་ཡིན་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་ལྷག་པའི་སྒོ་ནས་གཅིག་གྱུར་འཆར་འགོད་བྱེད་པ་དང་དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་ལ་སྔར་ལས་ལྷག་པའི་སྒོ་ནས་གཅིག་གྱུར་འཆར་འགོད་བྱེད་པར་དམིགས་ནས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ཅིག་ཡིན་པས། བསམ་བློའི་ངོས་ཟིན་གཅིག་གྱུར་དང་། འགན་འཁྲི་འཁུར་སེམས་ཇེ་དྲག་ཏུ་གཏོང་བ། བྱ་བ་དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ། གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཧུར་ཐག་གིས་གསར་གཏོད་དགོས།
“བསམ་ཡུལ་ལས་འདས་པའི་དོན་རྐྱེན་མི་འབྱུང་བའི་ཆེད་དུ་སྔོན་ལ་གྲ་སྒྲིག་བྱེད་པ་དེ་ནི་རྒྱལ་ཁབ་སྐྱོང་བའི་གནས་ལུགས་ཡིན་པ”ལྟར། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུ་ནི་རླབས་ཆེ་ཞིང་དཀའ་ཚེགས་ཆེ་བའི་བྱ་གཞག་ཅིག་ཡིན་ཞིང་། མདུན་ལམ་འོད་སྟོང་འབར་བ་དང་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་དང་ལྡན་པའི་འགོ་ཁྲིད་བརྟན་པོའི་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་བཅངས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་མཐོར་གཏོང་བ་དང་། འབད་འབུངས་ཡར་བརྩོན་གྱི་བསམ་པའི་རྣམ་འགྱུར་དང་“དུས་དང་རྣམ་པ་ཀུན་ཏུ་དོ་ཁུར་བྱེད་པའི”འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས་འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་ལྷག་པའི་སྒོ་ནས་གཅིག་གྱུར་འཆར་འགོད་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་མདུན་སྐྱོད་ལམ་བུའི་སྟེང་གི་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་བ་དང་འཕེལ་རྒྱས་ཀྱི་བདེ་འཇགས་རང་བཞིན་དང་བརྟན་འཇགས་རང་བཞིན་ཇེ་དྲག་ཏུ་བཏང་ན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་གྲུ་གཟིངས་ཆེན་པོ་དེ་རླུང་བརྟེན་རླབས་གཤགས་དང་བརྟན་པོའི་ངང་རྒྱང་རིང་ཕྱོགས་སུ་བསྐྱོད་ཐུབ་པར་གདོན་མི་ཟ།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།