དྲི་བ་ཞེ་བདུན། དམངས་ཡོངས་ཀྱིས་ཚེ་གང་སློབ་སྦྱོང་བྱེད་པའི་སློབ་སྦྱོང་རྣམ་པའི་སྤྱི་ཚོགས་དང་སློབ་སྦྱོང་རྣམ་པའི་རྒྱལ་ཁབ་ཆེན་པོ་འཛུགས་སྐྲུན་བྱེད་དགོས་དོན་ཅི་ཡིན་ནམ།
2023.03.23 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 16

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“དམངས་ཡོངས་ཀྱིས་ཚེ་གང་སློབ་སྦྱོང་བྱེད་པའི་སློབ་སྦྱོང་རྣམ་པའི་སྤྱི་ཚོགས་དང་སློབ་སྦྱོང་རྣམ་པའི་རྒྱལ་ཁབ་ཆེན་པོ་འཛུགས་སྐྲུན་བྱེད་དགོས”ཞེས་བསྟན་ཡོད། འཐབ་ཇུས་ཀྱི་བཀོད་སྒྲིག་འདིས་མི་དམངས་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་དང་། ཚན་རིག་རིག་གནས་ཀྱི་བྱང་ཚད། ལུས་སེམས་བདེ་ཐང་གི་བྱང་ཚད་བཅས་ཇེ་མཐོར་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་ལས་འགན་ལ་ཞབས་འདེགས་ཞུ་བར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། དེར་བརྟེན། གཤམ་གསལ་གྱི་ཕྱོགས་གཉིས་ནས་ངོས་འཛིན་གཏིང་ཟབ་ཏུ་གཏོང་དགོས།

དང་པོ། དམངས་ཡོངས་ཀྱིས་ཚེ་གང་སློབ་སྦྱོང་བྱེད་པའི་སློབ་སྦྱོང་རྣམ་པའི་སྤྱི་ཚོགས་དང་། སློབ་སྦྱོང་རྣམ་པའི་རྒྱལ་ཁབ་ཆེན་པོ་འཛུགས་སྐྲུན་བྱེད་རྒྱུ་ནི་རྒྱལ་དམངས་ཡོངས་ཀྱི་བྱང་ཚད་ཇེ་མཐོར་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་མི་ཤུགས་ཐོན་ཁུངས་གསར་སྤེལ་གཏིང་ཟབ་བྱེད་པའི་ཕྱི་རོལ་ཡུལ་གྱི་དགོས་མཁོ་ཡིན་པ་རེད།  ཚེ་གང་སློབ་སྦྱོང་གི་འདུ་ཤེས་དང་ལག་ལེན་གྱིས་མིའི་རིགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད།    རང་རྒྱལ་གྱི་ཆིན་རྒྱལ་རབས་སྔོན་གྱི་ཞོན་ཙི་ཡིས“སློབ་སྦྱོང་བྱེད་པའི་དུས་ཡུན་ལ་ནམ་ཡང་རྫོགས་མཐའ་མེད ”ཅེས་པའི་བཀའ་སློབ་གནང་མྱོང་ཞིང་།  དེ་ལས་བབ་ཆགས་པའི་ཚེ་གང་སློབ་སྦྱོང་གི་འདུ་ཤེས་མངོན་ཡོད། དེང་རབས་ཀྱི་སྤྱི་ཚོགས་སུ་མི་རྣམས་ཀྱིས་ཚད་ལྡན་གྱི་སློབ་གྲྭའི་ཁོངས་གཏོགས་ནས་ཐོབ་པའི་ཤེས་ཡོན་དང་རྩལ་ནུས་ལ་ཚད་ཡོད་པ་དང་། ཤེས་ཡོན་དང་རྩལ་ནུས་འབོར་ཆེན་ཞིག་བྱ་བའི་ལག་ལེན་ཁྲོད་ནས་རྒྱུན་ཆད་མེད་པར་སྦྱངས་བ་ཐོབ་དགོས་པས།  ཚེ་གང་སློབ་སྦྱོང་ནི་མི་རྣམས་ཀྱིས་འཕེལ་རྒྱས་དོན་གཉེར་བྱེད་པའི་རྒྱུན་མཐུད་ཀྱི་སྒུལ་ཤུགས་ཤིག་ཡིན་ལ། རྒྱལ་ཁབ་དེང་རབས་ཅན་གྱིས་མི་ཤུགས་ཐོན་ཁུངས་གསར་སྤེལ་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཞིག་ཀྱང་ཡིན། དུས་རབས་20པའི་ལོ་རབས70པར་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ཚེ་གང་སློབ་སྦྱོང་དང་སློབ་སྦྱོང་རྣམ་པའི་སྤྱི་ཚོགས་ཀྱི་འདུ་ཤེས་ཐོག་མར་དར་སྤེལ་བཏང་བ་ནས་བཟུང་། རང་རྒྱལ་ཚུད་པའི་རྒྱལ་ཁབ་མང་པོས་སློབ་གསོའི་ལམ་ལུགས་དང་སློབ་སྦྱོང་བྱེད་སྟངས་གསར་སྐྲུན་འཚོལ་ཞིབ་བྱེད་བཞིན་ཡོད།  དུས་རབས21པར་སླེབས་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གྱིས་རྒྱལ་ཁབ་ཁག་ལ་ཁོངས་ཡངས་དང་དྲང་གཞག་གི་སྤུས་ལེགས་སློབ་གསོ་འགན་ལེན་བྱས་ནས་དམངས་ཡོངས་ལ་ཚེ་གང་སློབ་སྦྱོང་གི་གོ་སྐབས་ལོངས་སུ་སྤྱོད་ཐུབ་པར་བྱེད་པའི་གྲོས་འགོ་བཏོན་པས། རྒྱལ་ཁབ་ཁག་གི་སློབ་གསོའི་སྲིད་ཇུས་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ཡོད།   དྲ་སྦྲེལ་དང་གཞི་གྲངས་ཆེན་མོ།  སྤྲིན་རྩིས། མིས་བཟོས་རིག་ནུས་སོགས་མཚོན་རྟགས་ཡིན་པའི་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་མདུན་དུ། རྒྱལ་ཁབ་ཀྱི་རྒྱུ་ནོར་འཕར་སྣོན་དང་དམངས་ཚོགས་ཀྱི་བདེ་སྐྱིད་ཆེ་རུ་ཕྱིན་ནས།  ཤེས་བྱ་དང་གསར་སྐྲུན་གྱི་གསོག་འཇོག་ལ་དེ་བས་བརྟེན་དགོས་པ་རེད།  རང་རྒྱལ་འདི་ཉིད་མི་གྲངས་མང་བའི་རྒྱལ་ཁབ་ཆེན་པོ་ནས་མི་ཤུགས་ཐོན་ཁུངས་ཀྱི་རྒྱལ་ཁབ་ཆེན་པོ་དང་ཐ་ན་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་བསྒྱུར་བར་ངེས་པར་དུ་དམངས་ཡོངས་ཀྱིས་ཚེ་གང་སློབ་སྦྱོང་བྱེད་རྒྱུར་བརྟེན་དགོས།  བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ།  ཁྲིམས་འཛུགས་གཏན་འཁེལ་བྱས་པའི“ཚེ་གང་སློབ་གསོ”དང“ཚེ་གང་སློབ་སྦྱོང”གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཉུང་ཤས་ཀྱི་གྲས་ཤིག་ཡིན་པའི་ངོས་ནས། རང་རྒྱལ་གྱིས་དམངས་ཡོངས་ཀྱི་ཚེ་གང་སློབ་སྦྱོང་བྱ་རྒྱུར་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་ལག་ལེན་བྱས་པར་གྲུབ་འབྲས་ཆེན་པོ་ཐོབ་ནས། རྒྱལ་དམངས་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བ་དང་ཕྱོགས་བསྡུས་རྒྱལ་ཤུགས་རྒྱུན་མཐུད་ངང་ཆེ་རུ་འགྲོ་བར་བྱས་རྗེས་གལ་ཆེན་བཞག་ཡོད།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དམངས་ཡོངས་ཀྱི་ཚེ་གང་སློབ་སྦྱོང་ལ་སྐུལ་འདེད་གཏོང་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། བྱེད་ཐབས་སྔར་ལས་སྟབས་བསྟུན་དང་། ཐོན་ཁུངས་སྔར་ལས་ཕུན་སུམ་ཚོགས་པ། སློབ་སྦྱོང་སྔར་ལས་སྟབས་བདེ་བཅས་ཀྱི་ཚེ་གང་སློབ་སྦྱོང་གི་མ་ལག་འཛུགས་དགོས”ཞེས་བླང་བྱ་གསལ་པོ་བཏོན་ཡོད།  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྤྱིའི་སྐུལ་སློང་གི་བཀའ་རྒྱ་གསར་པ་བཏང་བ་དང་། དམངས་ཡོངས་ཀྱིས་ཚེ་གང་སློབ་སྦྱོང་བྱེད་པའི་སློབ་སྦྱོང་རྣམ་པའི་སྤྱི་ཚོགས་དང་།  སློབ་སྦྱོང་རྣམ་པའི་རྒྱལ་ཁབ་ཆེན་པོ་འཛུགས་སྐྲུན་བྱེད་པར་སྤྱིའི་ཁ་ཕྱོགས་གསལ་སྟོན་གནང་ཡོད།  དམངས་ཡོངས་ཀྱིས་ཚེ་གང་སློབ་སྦྱོང་བྱེད་པའི་ལམ་ལུགས་ཀྱི་མ་ལག་གསར་སྐྲུན་དང་། སློབ་སྦྱོང་རྣམ་པའི་སྤྱི་ཚོགས་དང་སློབ་སྦྱོང་རྣམ་པའི་རྒྱལ་ཁབ་ཆེན་པོ་འཛུགས་སྐྲུན་བྱེད་རྒྱུ་དེས། དུས་རབས་གསར་པར་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བ་དང་།  དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་སྒུལ་ཤུགས་ཆེན་པོ་བསྩལ་ངེས་ཡིན་པར་སྔོན་དཔག་བྱེད་ཐུབ།

གཉིས་པ། དམངས་ཡོངས་ཀྱིས་ཚེ་གང་སློབ་སྦྱོང་བྱེད་པའི་སློབ་སྦྱོང་རྣམ་པའི་སྤྱི་ཚོགས་དང་།  སློབ་སྦྱོང་རྣམ་པའི་རྒྱལ་ཁབ་ཆེན་པོ་འཛུགས་སྐྲུན་བྱེད་ན།  དུས་རབས་གསར་པར་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་ལམ་ལུགས་ཀྱི་ཁོར་ཡུག་དང་སྔར་ལས་འཐུས་སྒོ་ཚང་བའི་ལག་བསྟར་གྱི་ཆ་རྐྱེན་འཛོམས་པར་བྱེད་དགོས། དུས་རབས་གསར་པའི་ལོ་10ཡི་རིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སློབ་གསོར་སྔར་ལས་མཐོང་ཆེན་བྱས་པས། དམངས་ཡོངས་ཀྱི་ཚེ་གང་སློབ་སྦྱོང་གི་ཁྱབ་ཁོངས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། 2020ལོར་རྒྱལ་ཡོངས་སུ་སློབ་ཆེན་གྱི་རིག་གནས་ཆུ་ཚད་ལྡན་པའི་མི་གྲངས་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ས་ཡ་བརྒྱད་ལས་བརྒལ་བ་དེས་མི་གྲངས་བསྡོམས་འབོར་གྱི15.5%ཟིན་པ་དང་། ཆ་སྙོམས་སློབ་གསོ་མྱངས་བའི་ལོ་ཚད་ལ་བལྟས་ན།  ལོ15དང་དེའི་ཡན་གྱི་མི་གྲངས་ལོ9.91དང་།  ངལ་རྩོལ་ལོ་ཚད་ཀྱི་མི་གྲངས་ལོ10.8ཡིན་པ།  གསར་དུ་འཕར་བའི་ངལ་རྩོལ་ནུས་ཤུགས་ལོ13.8བཅས་ཡིན་པ་རེད། ལོ་དེར་རྒྱལ་ཡོངས་ཀྱི་ནོར་སྲིད་རང་བཞིན་གྱི་སློབ་གསོའི་གྲོན་དངུལ་སྒོར་ཁྲག་ཁྲིག་ཆེན་མོ་བཞི་ལས་བརྒལ་བ་དང་། ནོར་སྲིད་རང་བཞིན་མིན་པའི་སློབ་གསོའི་གྲོན་དངུལ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་ལས་བརྒལ་ཡོད། ལོ་རེར་ལས་རིགས་སློབ་གླིང་དང་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་ཐོན་སློབ་མ་བྱེ་བ་གཅིག་ལྷག་ཟིན་པ་དང་། མི་ས་ཡ་ལྔ་ལྷག་གིས་མུ་མཐུད་སློབ་གསོ་བརྒྱུད་ནས་མཐོ་རིམ་སློབ་གསོའི་བསླབས་རིམ་ཐོབ་པ་དང་། ལས་ཞུགས་མི་སྣ་དུང་ཕྱུར་ཡན་གྱིས་སྣ་མང་ཅན་གྱི་གསོ་སྦྱོང་དང་ལེན་བྱས་ཡོད། 2022ལོའི་ཟླ2པའི་ཟླ་མཇུག་བར། རང་རྒྱལ་དུ་གཞི་ཁྱོན་ཆེ་བའི་དྲ་ཐོག་བསླབ་ཚན་གྱི་གྲངས་ཀ་ཁྲི་ལྔ་དང་སྟོང་གཉིས་ལྔ་བརྒྱ་ལས་བརྒལ་བ་དང་། ཐོ་འགོད་བྱས་པའི་སྤྱོད་མཁན་མི་གྲངས་དུང་ཕྱུར་གསུམ་དང་བྱེ་བ་བདུན་ཟིན་ཞིང་།  དྲ་ཐོག་བསླབ་ཚན་གྱི་གྲངས་ཀ་དང་བཀོལ་སྤྱོད་གཞི་ཁྱོན་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་ལམ་ལུགས་མ་ལག་གི་སྒྲོམ་གཞི་གཙོ་བོ་གཞི་རྩའི་ཆ་ནས་གཏན་ལ་ཕབ་ཅིང་།   རང་རྒྱལ་གྱི་སློབ་གསོ་ཁྱབ་གདལ་དུ་གཏོང་བའི་ཚད་གཞི་འཛམ་གླིང་གི་ཡོང་འབབ་མཐོ་ཤོས་ཀྱི་རྒྱལ་ཁབ་གྲས་སུ་ཚུད་ཡོད་པ་དང་། མི་གྲངས་ཀྱི་གནོན་ཤུགས་ཧ་ཅང་ཆེན་པོ་དེ་མི་ཤུགས་ཐོན་ཁུངས་སྟོབས་ཆེན་ཞིག་ཏུ་འགྱུར་བཞིན་ཡོད་ལ། དམངས་ཡོངས་ཀྱིས་ཚེ་གང་སློབ་སྦྱོང་བྱེད་པའི་སློབ་སྦྱོང་རྣམ་པའི་སྤྱི་ཚོགས་ཤིག་སྐྲུན་བཞིན་ཡོད་པ་དང་། སློབ་སྦྱོང་རྣམ་པའི་རྒྱལ་ཁབ་ཆེན་པོའི་ལམ་ལུགས་ཀྱི་ཁོར་ཡུག་དང་ལག་བསྟར་ཆ་རྐྱེན་དེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་མང་ཆེ་བ་ལས་མངོན་གསལ་གྱིས་བཟང་བ་རེད།  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་གི“དམངས་ཡོངས་ཀྱིས་ཚེ་གང་སློབ་སྦྱོང་བྱེད་པའི་སློབ་སྦྱོང་རྣམ་པའི་སྤྱི་ཚོགས་དང་། སློབ་སྦྱོང་རྣམ་པའི་རྒྱལ་ཁབ་ཆེན་པོ་འཛུགས་སྐྲུན་བྱ་དགོས”ཞེས་པའི་སྐོར་གྱི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ཏེ། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བརྩི་སྲུང་དང་། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གསོ་འབྲེལ་མཐུད་དང་སློབ་སྦྱོང་གི་གྲུབ་འབྲས་སྣ་ཚོགས་ཁས་ལེན་པའི་ཚེ་གང་སློབ་སྦྱོང་གི་སྦྲེལ་ཟམ་འཛུགས་རྒྱུ་གཙོ་གནད་དུ་འཛིན་པ།  སློབ་སྔོན་སློབ་གསོ་དང་འོས་འགན་སློབ་གསོ། དམིགས་བསལ་སློབ་གསོ། མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོ་བཅས་ནས། ལས་རིགས་ལག་རྩལ་སློབ་གསོ་དང་མཐོ་རིམ་སློབ་གསོ། མུ་མཐུད་སློབ་གསོ་བཅས་བར་གྱི་རྨང་གཞི་ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་ནས།  དུས་རིམ་སོ་སོ་དང་རིགས་སོ་སོའི་སློབ་གསོ་གཞུང་ཕྱོགས་འབྲེལ་མཐུད་དང་འཕྲེད་ཕྱོགས་རྒྱུན་འཁོར་གཏིང་ཟབ་ཏུ་གཏོང་བ་དང་། སློབ་གསོའི་མ་ལག་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། ཆ་འཕྲིན་ལག་རྩལ་དང་མིས་བཟོས་རིག་ནུས་རབས་གསར་པའི་གསར་སྒྱུར་འདུ་ཤེས་དང་འཕོ་འགྱུར་བྱེད་སྟངས། བཅོས་སྐྱོང་འཐུས་ཚང་། སྤུས་ཚད་མཐོར་འདེགས། དྲང་གཞག་ལ་སྐུལ་འདེད་བཅས་བྱས་ཏེ། མི་ཚང་མར་ཁ་ཕྱོགས་པ་དང་མི་ཚང་མར་འཚམ་པ། སྔར་ལས་ཁོངས་ཡངས་ཤིང་སྟབས་བསྟུན་གྱི་སློབ་གསོའི་མ་ལག་དང་སློབ་སྦྱོང་བྱེད་སྟངས་ཆགས་པར་བྱེད་པ་དང་། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་དང་ཤེས་ལྡན་མི་སྣའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མཉམ་དུ་སྐུལ་འདེད་བཏང་སྟེ། མི་ཚང་མས་སློབ་སྦྱོང་བྱེད་པ་དང་གང་སར་སློབ་སྦྱོང་བྱེད་ཐུབ་པ། དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་བྱེད་ཆོག་པ་བཅས་ཀྱི་སློབ་སྦྱོང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། སློབ་སྦྱོང་རྣམ་པའི་རྒྱལ་ཁབ་ཆེན་པོ་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་རྩོམ་དགོས།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།