—ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གླེང་བ།
མི་དམངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་གཏམ་པས་སྤེལ་བའི་དཔྱད་བརྗོད།
“སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ན། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཏང་གི་འཛུགས་སྐྲུན་ལ་དངོས་གནས་ཤུགས་སྣོན་དགོས།”རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་ལྟེ་གནས་ལས་འགན་ལ་དམིགས་ནས། “ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་ཁག་ཐག་གིས་གཅོད་པའི་བློ་རིག་གསལ་བོ་དང་བློ་བརྟན་འགྱུར་མེད་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་། རང་ཉིད་གསར་བརྗེ་བྱེད་ཕོད་པ། ཉམས་པ་མེད་པར་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་རུལ་སུངས་ངོ་རྒོལ་བྱེད་པ། ཐོག་མཐའ་བར་གསུམ་དུ་ཏང་གི་མཐུན་སྒྲིལ་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ་བཅས་ཀྱིས་ཏང་གི་ངོ་བོ་ནམ་ཡང་མི་འགྱུར་བ་དང་རང་མདངས་ནམ་ཡང་མི་ཡལ་བ། བྲོ་བ་ནམ་ཡང་མི་ཉམས་པར་ཁག་ཐེག་བྱས་ཏེ། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་འབྱུང་བར་ཁག་ཐེག་ཤུགས་ཆེན་འདོན་སྤྲོད་བྱེད་དགོས”པ་ནན་གྱིས་བསྟན་ཡོད།
རྒྱལ་ཁབ་སྐྱོང་ན་ངེས་པར་དུ་ཐོག་མར་ཏང་སྐྱོང་དགོས་ལ། ཏང་དར་ན་ད་གཟོད་སྟོབས་ལྡན་རྒྱལ་ཁབ་དུ་འགྱུར་ཐུབ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཞིང་། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་ནི་ཆེས་མཐོ་བའི་ཆབ་སྲིད་ཀྱི་རྩ་དོན་ཡིན་པ་རྒྱུན་འཁྱོངས་བྱས་ལ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་ཟབ་མོ་བྱས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་འདོན་པ་དང་དངོས་འབེབས་བྱས་པ། ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་བརྟེན་ནས་ཏང་འཛུགས་སྐྲུན་གྱི་བྱ་བ་སྣ་ཚོགས་ལ་སྤྱི་འདོམས་བྱས་པས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་འགན་སྲུང་ཤུགས་ཆེན་ཡོད་པར་གྱུར་ལ། ཏང་གིས་ཕྱོགས་ཡོངས་གཅིག་འདོམས་དང་ཕྱོགས་སོ་སོའི་འགོ་ཁྲིད་ལ་མཐུན་སྦྱོར་བྱས་ཏེ་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཏང་ཡོངས་ཀྱི་བསམ་བློའི་སྟེང་ནས་སྔར་ལས་གཅིག་གྱུར་དང་ཆབ་སྲིད་ཀྱི་སྟེང་ནས་སྔར་ལས་མཐུན་སྒྲིལ། འགུལ་སྐྱོད་ཀྱི་སྟེང་ནས་སྔར་ལས་གཅིག་མཐུན་ཡོང་བར་བྱས། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཏང་གིས་རང་ཉིད་གསར་བརྗེ་བྱེད་པའི་ཟིང་བཅོས་དར་རྒུད་ཀྱི་ལོ་རྒྱུས་དུས་འཁོར་ལས་བརྒལ་བའི་དྲིས་ལན་གཉིས་པ་རྙེད་པ་དང་། རང་ཉིད་གཙང་བསྒྱུར་དང་རང་ངོས་འཐུས་ཚང་། རང་ངོས་གསར་བསྒྱུར། རང་ངོས་གོང་སྤེལ་བཅས་ཀྱི་ནུས་པ་མངོན་གསལ་གྱིས་ཇེ་དྲག་ཏུ་གྱུར་ལ། ཏང་ལ་གསར་བརྗེ་རང་བཞིན་བསྐྲུན་པའི་ཁྲོད་དུ་སྔར་ལས་བརྟན་ཞིང་ཤུགས་ལྡན་པ་དང་སྔར་ལས་གསོན་ཤུགས་རྒྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཤིང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་འབྱུང་བར་རྩ་བའི་སྣེ་འདྲེན་དང་འགན་སྲུང་ཤུགས་ཆེན་འདོན་སྤྲོད་བྱས་ཤིང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད།
ཀྲུང་གོ་གུང་ཁྲན་ཏང་ནི་ཆེས་མཐོའི་ཆབ་སྲིད་ཀྱི་འགོ་ཁྲིད་སྟོབས་ཤུགས་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་བ་ཚུགས་ས་དང་སྲོག་རྩ་གནས་ས་ཡིན་པ་དང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཁེ་ཕན་དང་ལས་དབང་ལ་འབྲེལ་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་གསལ་བོར་བཏོན་ཡོད་དེ། གཙོ་བོ་ནི“ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ”དེ་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཁོང་དུ་ཆུད་དགོས་པའི་རྩ་དོན་གལ་ཆེན་གསལ་བོར་བཏོན་ཡོད་པ་སྟེ། དེའི་དོན་ཚན་དང་པོ་ནི“ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱུ”དེ་རེད། གསལ་བོར་ཤེས་དགོས་པ་ཞིག་ནི་ང་ཚོའི་ཏང་ནི་ཏང་ཡོན་བྱེ་བ་དགུ་དང་ས་ཡ་དྲུག་ལྷག་དང་གཞི་རིམ་ཏང་རྩ་འཛུགས་ས་ཡ་བཞི་དང་འབུམ་དགུ་ལྷག་ཡོད་པའི་ཏང་ཆེན་པོ་ཞིག་ཡིན་པས། མི་དམངས་དུང་ཕྱུར་མང་པོར་མཐུན་སྒྲིལ་དང་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འགན་ལྗིད་མོ་ཕྲག་ཏུ་འཁུར་ཡོད། ང་ཚོའི་ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་མོ་འདི་ལྟ་བུ་བཅོས་སྐྱོང་བྱེད་པར་གལ་ཏེ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མེད་པ་དང་། གལ་ཏེ་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་བསམ་བློ་གཅིག་གྱུར་མིན་ཞིང་གོམ་སྟབས་གཅིག་མཐུན་མིན་ཚེ་དོན་ཅི་ཡང་འགྲུབ་མི་ཐུབ། སྐྱོད་ལམ་གསར་པའི་སྟེང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་བློ་བརྟན་འགྱུར་མེད་ཀྱིས་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་བློ་ཐག་རྦད་ཆོད་ཀྱིས་སྲུང་སྐྱོང་བྱེད་པ། ཏང་གི་འགོ་ཁྲིད་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོ། རིམ་པ་སོ་སོར་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་བཅས་ཀྱིས་ཏང་ནི་ནམ་ཡང་ཁ་ཆར་བུ་ཡུག་གིས་རྒོལ་བའི་སྐབས་ཀྱི་མི་དམངས་ཡོངས་ཀྱི་ཆེས་ཡིད་རྟོན་རུང་བའི་སེམས་རྟེན་དུ་འགྱུར་བར་བྱས་ན། རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་ཡང་དག་གི་ཁ་ཕྱོགས་ལ་ཁག་ཐེག་བྱེད་ཐུབ་པ་དང་། མཐུན་སྒྲིལ་འབད་འཐབ་ཀྱི་ཆབ་སྲིད་ཀྱི་གོང་བུར་འགྲིལ་ཤུགས་ཆེན་པོ་དང་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་པོར་ཁག་ཐེག་བྱེད་ཐུབ་ལ། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་སྟོབས་ཤུགས་ཆེན་མོ་གོང་བུར་བསྒྲིལ་ཐུབ།
ལྕགས་བརྡུང་ན་ཐོ་བ་མཁྲེགས་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་དུ“སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་གནད་འགག་ཏང་ལ་ཐུག་ཡོད”ཅེས་བཏོན་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་འདེད་ཟབ་མོ་གཏོང་བར་བཀོད་སྒྲིག་གལ་ཆེན་གནང་ཡོད། ང་ཚོའི་ཏང་ནི་འཛམ་གླིང་སྟེང་གི་ཆེས་ཆེ་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཡིན་པའི་ཆ་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བརྩི་སྲུང་ཐོབ་ཏུ་འཇུག་པ་དང་ཡུན་རིང་གི་སྲིད་འཛིན་གོ་གནས་བརྟན་པོར་བྱས་ཏེ། ངེས་པར་དུ་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་ཁག་ཐག་གིས་གཅོད་པའི་བློ་རིག་གསལ་བོ་དང་བློ་བརྟན་འགྱུར་མེད་ནམ་ཡང་རྒྱུན་འཛིན་བྱེད་དགོས། ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་པ་བརྒྱུད། ཏང་ནང་ཁུལ་གྱི་འབུར་ཐོན་གནད་དོན་མང་པོ་ཞིག་ཐག་གིས་བཅད་མོད། འོན་ཀྱང་ཏང་གི་མདུན་དུ་ལྷགས་པའི“ཚོད་བགམ་ཆེན་པོ་བཞི”དང“ཉེན་ཁ་རིགས་བཞི”ཡུན་རིང་དུ་གནས་པ་རེད། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་ནམ་ཡང་ལམ་དུ་ཡོད་པ་དང་ཏང་གིས་རང་ངོས་གསར་བརྗེ་ནམ་ཡང་ལམ་དུ་ཡོད། ཏང་གི་ཡུན་རིང་སྲིད་འཛིན་དང་རྒྱལ་ཁབ་ཡུན་རིང་བདེ་འགོད། མི་དམངས་ཀྱི་བདེ་སྐྱིད་བཅས་དང་འབྲེལ་བ་ཡོད་པའི་མཐོ་ཚད་ནས་འགྲེངས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དེ་ཏང་གི་ཡུན་རིང་འཐབ་ཇུས་དང་གཏན་དུ་གནས་པའི་བརྗོད་གཞི་རུ་བརྩི་བ་དང་། ཐོག་མཐའ་བར་གསུམ་དུ་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས། རང་ཉིད་རྩ་བ་ནས་གསར་བརྗེ་བྱེད་པའི་སྙིང་སྟོབས་དར་སྤེལ་དུ་གཏོང་བ་དང་། གདོང་མཆོང་དུང་བརྡ་ནམ་ཡང་གཏོང་བ། གཟབ་ནན་གྱི་དགོངས་གཞི་དང་གཟབ་ནན་གྱི་བྱེད་ཐབས། གཟབ་ནན་གྱི་སྣང་ཚུལ་ཡུན་རིང་དུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་རླབས་ཆེན་གྱི་རང་ངོས་གསར་བརྗེ་ལག་བསྟར་ནན་མོ་བྱས་ན། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཐུབ་པ་དང་མི་རིགས་བསྐྱར་དར་འབྱུང་བར་ཁག་ཐེག་ཤུགས་ཆེན་འདོན་སྤྲོད་བྱེད་ཐུབ་ངེས་རེད།
སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་འབྱུང་བའི་རླབས་ཆེན་དམིགས་འབེན་གྱིས་མི་སེམས་ལ་སྐུལ་ལྕག་ཐེབས་ཤིང་བརྩོན་སེམས་བསྐྱེད་ཐུབ། དམིགས་འབེན་གསར་པར་ཕྱོགས་ནས་འབད་བརྩོན་ཆེན་པོས་ཡང་བསྐྱར་ལམ་ལ་ཆས་ཤིང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་ལ་གོ་བ་ཟབ་མོ་ལེན་པ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ཏེ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་འགྱུར་ལྡོག་སྤུ་ཙམ་ཡང་མེད་པར་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་པ་དང་། རྒྱུགས་སྤྲོད་ཀྱི་ལམ་བུའི་སྟེང་བློ་རིག་གསལ་བོ་དང་གཟབ་གཟབ་ནམ་ཡང་རྒྱུན་འཛིན་བྱེད་པ། ལྷོད་པ་མེད་པར་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ། ཏང་གི་རང་ངོས་གསར་བརྗེ་ལ་བརྟེན་ནས་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱེད་པ། མདུན་སྐྱོད་བགྲོད་ལམ་སྟེང་གི་དཀའ་སྡུག་དང་འགྲན་སློང་སྣ་ཚོགས་ལས་ནུས་ཤུགས་ཡོད་རྒུས་རྒྱལ་བར་བྱེད་པ་བཅས་ཀྱིས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་འབྱུང་བར་རྒྱུན་ཆད་མེད་པར་ཤུགས་སྣོན་བྱེད་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།