སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“རྒྱལ་ཁབ་ཀྱི་གསར་སྐྲུན་མ་ལག་གི་སྤྱིའི་ཕན་ནུས་ཆེ་རུ་གཏོང་དགོས”ཞེས་བསྟན་ཡོད། ཆོད་གཏམ་གལ་ཆེན་འདིས་ཆུ་ཚད་མཐོ་བའི་ཚན་རྩལ་ལ་བརྟེན་ནས་རང་ཚུགས་རང་དར་དང་ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་འགག་རྩའི་ཤུགས་རྒྱག་ས་གསལ་བཤད་བྱས་ཡོད། དེར་བརྟེན། རྒྱུས་ལོན་ཟབ་མོ་དང་ཡང་དག་པར་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱ་དགོས།
དང་པོ། ཏང་གིས་ཚན་རྩལ་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་དགོས། དུས་རབས་གསར་པའི་ལོ་བཅུའི་ནང་། ཡུན་རིང་འབད་བརྩོན་བྱས་པའི་རྨང་གཞིའི་སྟེང་། རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གསར་སྐྲུན་མ་ལག་གི་སྤྱིའི་ཕན་ནུས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས། རྒྱལ་ཁབ་ཀྱི་གསར་སྐྲུན་མ་ལག་འཛུགས་སྐྲུན་བྱ་རྒྱུ་དེ་ལོ་རྒྱུས་ཐོག་གི་ཆེས་བཟང་པོའི་དུས་སྐབས་སུ་སླེབས་ཡོད། གཞི་ཁྱོན་ཐད་ཞིབ་འཇུག་གསར་སྤེལ་གྱི་གྲོན་དངུལ་དང་། ཞིབ་འཇུག་གསར་སྤེལ་མི་སྣ། རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་གཞི་ཁྱོན་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་དང་། གྲུབ་ཚུལ་ཐད་རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་དང་། རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་ལས་ཁུངས། ཆུ་ཚད་མཐོ་བའི་ཞིབ་འཇུག་རྣམ་པའི་སློབ་གྲྭ་ཆེན་མོ། ཚན་རྩལ་སྣེ་ཁྲིད་ཁེ་ལས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་རྒྱུན་མི་ཆད་པར་འཕེལ་རྒྱས་དང་རྒྱ་སྐྱེད་བཏང་བས། སྣ་མང་རང་བཞིན་གྱི་གྲུབ་ཚུལ་དང་ཁྱད་གཤིས་མངོན་ཡོད། ནུས་པའི་ཐད་རང་རྒྱལ་འདི་ཉིད་གསར་སྐྲུན་རྣམ་པའི་རྒྱལ་ཁབ་ཀྱི་གྲས་སུ་ཚུད་པ་དང་། གོ་ལ་ཧྲིལ་པོའི་གསར་སྐྲུན་སྟོན་གྲངས་ཀྱི་བང་རིམ་དེ་2012ལོའི་ཨང34པ་ནས2022ལོར་ཨང11པར་འཕར་ཡོད། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲུབ་འབྲས་དང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འཕོ་འགྱུར་བྱུང་བ་དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཐོབ་པ་ཞིག་རེད། ལག་ལེན་གྱི་ཐོག་ནས་ཏང་གིས་ཚན་རྩལ་བྱ་བའི་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་ནི་རང་རྒྱལ་གྱི་ཚན་རྩལ་ལས་དོན་འཕེལ་རྒྱས་གཏོང་བའི་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་ཡིན་པ་དང་། ཏང་གི་འགོ་ཁྲིད་ཀྱི་ཆབ་སྲིད་ཁྱད་སྟོབས་གང་ལེགས་ཀྱིས་མཚོན་པ་ཞིག་ཡིན་པ་བདེན་དཔང་བྱས་ཡོད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། ཏང་གི་འགོ་ཁྲིད་དེ་ཚན་རྩལ་ལས་དོན་གྱི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོ། རིམ་པ་སོ་སོར་དོན་འཁྱོལ་བྱས་ནས“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་།“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ནས། ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། ཏང་ཀྲུང་དབྱང་གིས་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པར་ཤུགས་སྣོན་པ་དང་། ཏང་ཀྲུང་དབྱང་གིས་ཚན་རྩལ་བྱ་བར་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། དབང་གྲགས་ལྡན་པའི་ཐབས་ཇུས་དང་བཀོད་འདོམས་མ་ལག་འཛུགས་པ་བཅས་བྱ་དགོས། གཅིག་གྱུར་གྱིས་འཆར་འགོད་དང་སྤྱི་ཡོངས་ཀྱི་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་གང་ཅིའི་ཐད་ཀྱི་ཧུར་སེམས་ལ་སྐུལ་སློང་བྱེད་པ། གསར་སྐྲུན་གྱི་རྒྱུ་རྐྱེན་གཙོ་བོ་མགྱོགས་མྱུར་སྒོས་གཅིག་བསྡུས་བྱེད་པ། གསར་སྐྲུན་ཐོན་ཁུངས་བཀོད་སྒྲིག་ལེགས་པོ་བྱེད་པ། གསར་སྐྲུན་ལ་བརྟེན་ནས་སྐུལ་འདེད་གཏོང་བའི་མ་ལག་གི་ནུས་པ་ཧྲིལ་བསྡུས་སྒོས་མངོན་འགྱུར་བྱས་ཏེ། ཚན་རྩལ་གསར་སྐྲུན་བྱ་འགུལ་གྱི་རྩ་འཛུགས་ནུས་པ་དང་འཐབ་འཛིང་ནུས་པ་ཆེ་རུ་གཏོང་དགོས།
གཉིས་པ། མ་ལག་ཅན་དང་ཁྱོན་ཡོངས་རང་བཞིན་གྱི་ཚན་རྩལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་དགོས། རྒྱལ་ཁབ་ཀྱི་གསར་སྐྲུན་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་བར་མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་དང་། ཚན་རྩལ་གསར་སྐྲུན་དང་ལམ་ལུགས་གསར་སྐྲུན་གཉིས་ཀར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་ཚན་རྩལ་གསར་སྐྲུན་མ་ལག་ཅན་དུ་འགྱུར་བའི་ནུས་པ་ཆགས་པར་བྱས་ནས། དུས་རབས་གསར་པའི་ཚན་རྩལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་དགོས། འཛམ་གླིང་གི་ཚན་རྩལ་མདུན་ཕྱོགས་སུ་ཁ་ཕྱོགས་པ་དང་། དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཁ་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཁ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཁ་ཕྱོགས་པ་བཅས་རྒྱུན་འཁྱོངས་བྱས་ནས། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་ཞན་ཆ་ཁ་གསབ་པ། ནུས་པ་ཆེ་རུ་གཏོང་བ། མ་ལག་ཆགས་པ་བཅས་བྱེད་དགོས། རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པ་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་ཁྲིད་ཕྱོགས་སུ་བྱས་ཏེ། ཐོག་མའི་གསར་སྐྲུན་རང་བཞིན་གྱི་སྣེ་ཁྲིད་རང་བཞིན་ལྡན་པའི་ཚན་རྩལ་མཁྲེགས་གཏོར་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་དང་ཡུན་རིང་གི་ཁེ་ཕན་ལ་ཤུགས་རྐྱེན་ཐེབས་པའི་ཚན་རྩལ་གྱི་གནད་དོན་གལ་ཆེན་ཐག་གཅོད་གང་ཐུབ་བྱས་ཏེ། འགག་རྩའི་ལྟེ་བའི་ལག་རྩལ་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱ་དགོས། རྒྱལ་ཁབ་ཀྱི་དགོས་གལ་ཤིན་ཏུ་ཆེ་བ་དང་ཡུན་རིང་གི་དགོས་མཁོར་དམིགས་ཏེ། འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་ལྡན་པའི་རྒྱལ་ཁབ་ཀྱི་ཚན་རྩལ་ལས་གཞི་གལ་ཆེན་ཁག་ཅིག་ལག་བསྟར་མགྱོགས་པོ་བྱས་ནས་རང་བདག་གསར་སྐྲུན་གྱི་ནུས་པ་ཆེ་རུ་གཏོང་དགོས། ཚན་རྩལ་གྱི་རྨང་གཞིའི་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་སྟོབས་ཤུགས་འཛུགས་སྐྲུན་དང་། ཐོན་ཁུངས་བཀོད་སྒྲིག རྨང་གཞིའི་སྒྲིག་བཀོད། ཚན་རིག་ཞིབ་འཇུག་གི་སྟེགས་བུ། སྲིད་ཇུས་ཁྲིམས་སྲོལ། ལག་རྩལ་ཚད་གཞི། སྐྱེ་ཁམས་གསར་སྐྲུན། ཚན་རྩལ་ཤེས་ལྡན་པ་སོགས་ཀྱི་ཐད་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།
གསུམ་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་དམིགས་འབེན་དང་འཐབ་ཇུས་ཀྱི་དགོས་མཁོ་ཁྲིད་ཕྱོགས་སུ་བྱས་ཏེ། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་སྐོར་ཞིག་མགྱོགས་མྱུར་སྒོས་འཛུགས་པ་དང་། ད་ཡོད་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་བསྐྱར་སྒྲིག་བྱས་ནས་རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་གི་མ་ལག་ཆགས་པར་བྱ་དགོས། རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་ལས་ཁུངས་དང་། ཆུ་ཚད་མཐོ་བའི་ཞིབ་འཇུག་རྣམ་པའི་སློབ་གྲྭ་ཆེན་མོ། ཚན་རྩལ་སྣེ་ཁྲིད་ཁེ་ལས་བཅས་ཀྱི་གནས་ཐིག་གཏན་འཁེལ་དང་བཀོད་པ་ཇེ་ལེགས་སུ་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱིས་རང་འགན་ནན་སྒྲུབ་དང་ཁྱད་སྟོབས་གསབ་རེས་བྱེད་པའི་རོགས་ལས་རྐྱེན་སྲོལ་བཙུགས་ཏེ། མ་ལག་ཅན་གྱི་གསར་སྐྲུན་ནུས་པ་ཆེ་རུ་གཏོང་དགོས། རྒྱལ་སྤྱིའི་ཚན་རྩལ་གསར་སྐྲུན་ལྟེ་གནས་དང་ས་ཁོངས་ཚན་རྩལ་གསར་སྐྲུན་ལྟེ་གནས་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། འཛམ་གླིང་གི་ཚན་རིག་མདུན་ཕྱོགས་ཁྱབ་ཁོངས་དང་གསར་དར་ཐོན་ལས་ལག་རྩལ་གསར་སྐྲུན། གོ་ལ་ཧྲིལ་པོའི་ཚན་རྩལ་གསར་སྐྲུན་གྱི་རྒྱུ་རྐྱེན་གཙོ་བོ་འདུ་ཡུལ་བསྐྲུན་དགོས། ཁེ་ལས་ཚན་རྩལ་གསར་སྐྲུན་གྱི་བྱེད་པོའི་གོ་གནས་ཤུགས་ཆེར་གཏོང་བ་དང་། ཚན་རྩལ་རྣམ་པའི་རྐང་འཛིན་ཁེ་ལས་ཀྱི་སྣེ་ཁྲིད་དང་འདེགས་སྐྱོར་གྱི་ནུས་པ་འདོན་སྤེལ་བྱེད་པ། ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པའི་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་ཟབ་མོ་བྱེད་པར་ཤུགས་སྣོན་བྱས་ཏེ། གསར་སྐྲུན་མུ་འབྲེལ་གྱི་མ་དངུལ་དང་འཇོན་མིའི་འབྲེལ་ཐག་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་བྱེད་པ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་ཐོན་ལས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་དགོས། ཚན་རྩལ་འཐབ་ཇུས་ཀྱི་བློ་འདྲི་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཚན་རྩལ་བློ་འདྲི་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་ཀྱི་ཚན་རྩལ་རྩེར་སོན་རིག་མཛོད། འཐབ་ཇུས་ཚན་རིག་པ་བཅས་ཀྱི་ཐབས་ཇུས་འདེགས་སྐྱོར་གྱི་ནུས་པ་འདོན་སྤེལ་བྱེད་དགོས།
བཞི་པ། ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱ་དགོས། གཏིང་ཟབ་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་ནུས་ཤུགས་ཡོད་རྒུས་སེལ་བ་དང་། སྲིད་ཇུས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུར་ཤུགས་སྣོན་པ། ཚན་རྩལ་གདེང་འཇོག་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། སྣ་མང་ཅན་གྱི་ཚན་རྩལ་མ་འཇོག་བྱ་ཤུགས་ཆེ་རུ་གཏོང་བ། ཤེས་བྱའི་ཐོན་དབང་གི་ཁྲིམས་སྐྱོང་འགན་ལེན་བྱ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཕྱོགས་ཡོངས་ནས་གསར་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་རྨང་གཞིའི་ལམ་ལུགས་ཤིག་ཆགས་པར་བྱེད་དགོས། ཚན་རྩལ་ལ་མ་དངུལ་འཇོག་པའི་ཕན་ནུས་ཆེ་རུ་གཏོང་བ་དང་། ནོར་སྲིད་ཀྱི་ཚན་རྩལ་གྲོན་དངུལ་བཀོད་སྒྲིག་དང་བེད་སྤྱོད་བྱེད་པའི་ལམ་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། གསར་སྐྲུན་གྱི་གསོན་ཤུགས་སྐུལ་སློང་བྱ་དགོས། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་འཚར་ལོངས་ཡོང་བར་ཕན་པའི་ཁོར་ཡུག་བཟང་པོ་བསྐྲུན་དགོས། གསར་སྐྲུན་གྱི་རིག་གནས་སྐྱེད་སྲིང་དང་། ཚན་རིག་པའི་སྙིང་སྟོབས་དར་སྤེལ། སློབ་སྲོལ་བཟང་པོ་སྐྱེད་སྲིང་བཅས་བྱས་ནས་གསར་སྐྲུན་གྱི་ཁོར་ཡུག་བསྐྲུན་དགོས།
ལྔ་པ། རྒྱལ་སྤྱིའི་ཚན་རྩལ་བརྗེ་རེས་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་དགོས། གོ་ལ་ཧྲིལ་པོའི་གསར་སྐྲུན་མ་ལག་དང་རང་འགུལ་ངང་མཉམ་འདྲེས་ཧུར་ཐག་བྱས་ནས་གོ་ལ་ཧྲིལ་པོའི་གསར་སྐྲུན་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་དགོས། སྒོ་འབྱེད་ཁོང་ཡངས་དང་གཉིས་ཕན་མཉམ་སྤྱོད་ཀྱི་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ། ཚན་རྩལ་གྱི་རང་བདག་གསར་སྐྲུན་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་བར་བརྟེན་ནས་རྒྱལ་སྤྱིའི་མཉམ་ལས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། སྔར་ལས་སྒོ་འབྱེད་པའི་བསམ་གཞིགས་དང་བྱེད་ཐབས་ལ་བརྟེན་ནས་རྒྱལ་སྤྱིའི་ཚན་རྩལ་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། རྒྱལ་སྤྱི་ཅན་གྱི་ཚན་རིག་ཞིབ་འཇུག་ཁོར་ཡུག་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས། གོ་ལ་ཧྲིལ་པོའི་འགྲན་རྩོད་ནུས་པ་ལྡན་པའི་སྒོ་འབྱེད་གསར་སྐྲུན་གྱི་སྐྱེ་ཁམས་ཆགས་པར་བྱེད་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།