སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་མྱུར་དུ་མངོན་འགྱུར་བྱ་དགོས”ཞེས་བསྟན་ཡོད། དེ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དེང་སྐབས་ལ་གཞི་ཚུགས་པ་དང་རྒྱང་རིང་ལ་དམིགས་པ། འཕེལ་ཕྱོགས་ཆེན་པོ་ཡང་དག་པར་ཁོང་དུ་ཆུད་པ་བཅས་བྱས་ཏེ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་འཇལ་ནས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་ཏང་གི་ལོ་རྒྱུས་ལས་འགན་མངོན་འགྱུར་ཡོང་བར་འགན་ལེན་ཏན་ཏིག་བྱེད་པའི་འཐབ་ཇུས་ཀྱི་གདམ་གསེས་གལ་ཆེན་ཞིག་ཡིན་ཞིང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་རང་བརྟེན་གསར་གཏོད་ཀྱི་ལམ་བུའི་སྟེང་སྐྱོད་པའི་ཆོད་སེམས་དང་ཡིད་ཆེས་གང་ལེགས་སྒོས་མཚོན་ཞིང་། དུས་རབས་གསར་པའི་ཚན་རྩལ་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ངེས་པར་དུ་ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པ་དང་ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ་ཡིན་པ། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་ལ་ངོས་འཛིན་ཟབ་མོ་བྱེད་རྒྱུ་ནི་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་ལ་འདེགས་སྐྱོར་བྱེད་པར་དོན་སྙིང་གལ་ཆེན་ལྡན།
དང་པོ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་མངོན་འགྱུར་བྱ་རྒྱུ་ནི་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་མི་རིགས་བསྐྱར་དར་ཡོང་བའི་འཐབ་ཇུས་ཀྱི་རྨང་རྡོ་ལྟ་བུ་ཡིན། མིའི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་བལྟས་ན། གསར་གཏོད་ནི་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་འཕེལ་རྒྱས་འགྲོ་བའི་འཛད་མཐའ་མེད་པའི་སྒུལ་ཤུགས་དང་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་བའི་གནད་འགག་གི་རྒྱུ་རྐྱེན་ཡིན། དེང་སྐབས་འཛམ་གླིང་སྟེང་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་དེ་མྱུར་དུ་བྱུང་བཞིན་ཡོད་པ་དང་། ཚན་རྩལ་གསར་གཏོད་བྱ་རྒྱུ་ནི་དེའི་ནང་གི་གནད་འགག་གི་འགྱུར་ཚད་ཅིག་རེད། རྒྱལ་ཁབ་གཙོ་བོ་ཁག་ཅིག་གིས་གཅིག་རྗེས་གཉིས་མཐུད་དུ་ཚན་རྩལ་གསར་གཏོད་བྱ་རྒྱུ་དེ་རྒྱལ་སྤྱིའི་འཐབ་ཇུས་འགྲན་རྩོད་ཀྱི་གཡུལ་ས་གཙོ་བོར་བརྩིས་ཏེ། ཚན་རྩལ་གྱི་མཐོ་གནོན་བཙན་ས་ལ་དམིགས་པའི་འགྲན་རྩོད་ཛ་དྲག་ཆེན་པོ་བྱུང་བས། སུ་ཞིག་གིས་ཚན་རྩལ་གསར་གཏོད་ཀྱི་“འགག་རྩ”འདི་དམ་འཛིན་བྱས་པ་དང་། སུ་ཞིག་གིས་ཚན་རྩལ་གསར་གཏོད་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ན། དེས་གོ་སྐབས་སྔོན་ལ་འཛིན་ཐུབ་པ་དང་བཟང་ཆ་བརྩོན་ལེན་བྱེད་ཐུབ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་བྱ་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་ལྟེ་བའི་གནས་བབ་ཏུ་བཞག་ནས། བཅོས་སྒྱུར་ལ་བརྟེན་ནས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་པས་རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་དང་ཚན་རྩལ་དངོས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། དུས་རབས་གསར་པ་དང་སྐྱོད་ལམ་གསར་བའི་སྟེང་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་རྨང་གཞིའི་ཐོག་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་རང་རྒྱལ་འཕེལ་རྒྱས་ཀྱི་འགྲན་རྩོད་ནུས་པ་དང་རྒྱུན་མཐུད་ནུས་པ་ཆེ་རུ་གཏོང་བའི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱེད་དགོས། ཚན་རྩལ་ལ་བརྟེན་ནས་རང་ཚུགས་རང་སྟོབས་བྱ་རྒྱུ་ནི་འཕེལ་རྒྱས་ཀྱི་གནད་དོན་ཞིག་ཡིན་པར་མ་ཟད་དེ་བས་ཀྱང་འཚོ་གནས་ཀྱི་གནད་དོན་ཞིག་ཡིན་ཞིང་། ཆུ་ཚད་མཐོ་བའི་ཚན་རྩལ་ལ་བརྟེན་ནས་རང་ཚུགས་རང་སྟོབས་ཀྱི“རྩ་བ་བརྟན་པོའི”ཐོག་ནས་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་འདེགས་སྐྱོར་བྱེད་པ་དེ་ནི་མ་འོངས་པར་ཁ་ཕྱོགས་པའི་གདམ་གསེས་ལྡོག་མེད་ཅིག་རེད།
གཉིས་པ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་མངོན་འགྱུར་བྱ་རྒྱུ་ནི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བ་དང་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ལྡོག་མེད་ཀྱི་གདམ་གསེས་ཡིན། མིག་སྔར། རྒྱལ་སྤྱིའི་ཁོར་ཡུག་སྣ་མང་རྙོག་འཛིང་ཆེ་བ་དང་འཛམ་གླིང་དཔལ་འབྱོར་ཉམས་རྒུད་ཀྱི་གནས་སུ་གྱུར་བ། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བསྐྱར་འཛུགས་བྱེད་དགོས་པའི་གནས་སུ་གྱུར་ཡོད་པས།བརྟན་པོ་མིན་པ་དང་གཏན་འཁེལ་མིན་པ་མངོན་གསལ་གྱིས་མང་དུ་ཕྱིན་པ་དང་། གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བ་དང་ཕྱོགས་རྐྱང་རིང་ལུགས། སྲུང་སྐྱོང་རིང་ལུགས་བཅས་ཀྱི་ལྡོག་ཕྱོགས་ཀྱི་བསམ་པའི་རླབས་རྒྱུན་མངོན་མེད་དུ་འཕྱུར་བ་བཅས་ཀྱིས་འཛམ་གླིང་འདི་ཉིད་ཟང་ཟིང་གི་འཕོ་འགྱུར་གསར་པའི་དུས་སུ་སླེབས་ཡོད་པ་རེད། པྲོག་གསར་གློ་ཚད་རིམས་ནད་དང་ཡུག་རེན་གྱི་ཉམས་ཉེན་གྱིས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་པ་དེས་ང་ཚོར་ཆུ་ཚད་མཐོ་བའི་ཚན་རྩལ་ལ་བརྟེན་ནས་རང་ཚུགས་དང་རང་སྟོབས་བྱ་རྒྱུར་འཐབ་ཇུས་ཀྱི་དོན་སྙིང་དང་ཁྱོན་ཡོངས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་ཉེན་བརྡ་བཏང་ཡོད། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་གཅིག་གྱུར་གྱིས་འཆར་འགོད་ཡག་པོ་བྱས་ནས། མདུན་སྐྱོད་ལམ་བུའི་སྟེང་གི་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་འཇལ་བ་དང་ཉེན་ཁ་ཆེན་པོ་འགོག་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་འཐབ་ཇུས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་དགོས་ན། ངེས་པར་དུ་ཚན་རྩལ་ལ་བརྟེན་ནས་རང་ཚུགས་རང་སྟོབས་བྱེད་པའི་རྒྱལ་ཁབ་སྟོབས་འབྱོར་ལྡན་པར་འགྱུར་བའི་རྨང་གཞི་དང་བདེ་འཇགས་ཡོང་བའི་གནད་འགག་འདི་དམ་འཛིན་བྱས་ཏེ། རང་རྒྱལ་གྱི་འཕེལ་རྒྱས་ཀྱི་རང་ཚུགས་རང་བཞིན་དང་རང་བདག་རང་བཞིན། བདེ་འཇགས་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཕྱི་རོལ་གྱི་ཉེན་ཁ་དང་འགྲན་སློང་གལ་ཆེན་ལ་ཁ་གཏད་འཇལ་བའི་གནོན་འགོག་ནུས་པ་དང་སྟབས་བསྟུན་ནུས་པ། མཆོང་ནུས་དང་རྒོལ་ནུས་བཅས་ཇེ་ཆེར་གཏོང་དགོས། གནད་འགག་དང་སྲོག་ཤིང་དུ་གྱུར་པའི་ལག་རྩལ་ནི་སློང་མི་ཐུབ་ཅིང་ཉོ་མི་ཐུབ་ལ་བསླུ་ཡང་མི་ཐུབ། དར་རྒྱས་ཆེ་བའི་རྒྱལ་ཁབ་རེ་ཟུང་གིས་ཀྱང་རང་རྒྱལ་གྱི་ཚན་རྩལ་དང་སྦྲེལ་ཐག་གཅོད་རྩིས་བྱས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་མྱུར་དུ་མངོན་འགྱུར་བྱེད་པ་དང་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པ། ཚན་རྩལ་གསར་གཏོད་བྱེད་པར་བརྟེན་ནས་འགྲན་རྩོད་ཀྱི་དགེ་མཚན་གསར་པ་བསྐྲུན་པ་བཅས་བྱས་ན། རང་རྒྱལ་དེང་རབས་ཅན་གྱི་འཕེལ་རིམ་ལ་དལ་འགོར་དང་ཐ་ན་བར་ཆད་ཀྱི་ཉེན་ཁ་ཅི་ཡང་འབྱུང་མི་སྲིད་ཅིང་། རྩ་བའི་ཆ་ནས་རང་རྒྱལ་གྱི་ཐོན་ལས་བདེ་འཇགས་དང་དཔལ་འབྱོར་བདེ་འཇགས། རྒྱལ་ཁབ་བདེ་འཇགས་བཅས་འགན་སྲུང་བྱེད་ཐུབ།
གསུམ་པ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་མངོན་འགྱུར་བྱ་རྒྱུ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་དང་འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོ་བོའི་བླང་བྱ་ཡིན། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འདས་ཟིན་པའི་དུས་སྐབས་གང་ཞིག་ལས་ཀྱང་ཚན་རིག་ལག་རྩལ་ཐག་གཅོད་ཀྱི་ཇུས་གཞི་དེ་བས་མཁོ་བ་དང་། གསར་གཏོད་ཀྱི་སྒུལ་ཤུགས་ཨང་དང་པོའང་སྔར་ལས་ཆེ་རུ་བཏང་ནས་ཚན་རྩལ་གྱི་རང་འགུལ་ལ་བརྟེན་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་རང་འགུལ་འཐོབ་པར་བྱེད་དགོས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་མངོན་འགྱུར་བྱ་རྒྱུ་ནི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པའི་དགོས་མཁོ་ཡིན་ཞིང་། ཚན་རྩལ་ལ་བརྟེན་ནས་རང་ཚུགས་རང་སྟོབས་ཀྱིས་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོར་སྐུལ་འདེད་གཏོང་བ་དང་། མཁོ་སྤྲོད་མ་ལག་གི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ། མཁོ་སྤྲོད་གསར་པར་བརྟེན་ནས་དགོས་མཁོ་གསར་པ་བཏོད་པ། ཚན་རྩལ་ལ་བརྟེན་ནས་རང་ཚུགས་རང་སྟོབས་ཀྱིས་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཤར་གཏོང་ཐུབ་པར་བྱེད་པ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བདེ་འཇགས་དང་བརྟན་ལྷིང་ཡོང་བར་འགན་ལེན་བཅས་བྱེད་དགོས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་མངོན་འགྱུར་བྱ་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་ཡིན་ཞིང་། ཚན་རྩལ་སྟོབས་ལྡན་གྱིས་འདེགས་སྐྱོར་བྱེད་པ་དང་སྤུས་ཚད་བསྒྱུར་བཅོས་དང་ལས་ཆོད་བསྒྱུར་བཅོས། སྒུལ་ཤུགས་བསྒྱུར་བཅོས་བཅས་ལ་བརྟེན་ནས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་མངོན་འགྱུར་བྱ་རྒྱུ་ནི་མི་དམངས་ཀྱི་སྤུས་མཐོ་འཚོ་བའི་དགོས་མཁོ་མངོན་འགྱུར་བྱེད་པ་དང་དམངས་ཚིས་དང་འབྲེལ་བ་ཡོད་པའི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་སྔར་ལས་མང་པོ་བསྐྲུན་ཏེ། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་ཡིན་པའི་གནད་དོན་ཐག་གཅོད་བྱེད་པར་རམ་འདེགས་བྱས་ཏེ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་བློ་ཁ་ཚིམ་པར་བྱ་དགོས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་མངོན་འགྱུར་བྱུང་ན། ད་གཟོད་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཚར་ལོངས་ཀྱི་བར་སྟོང་གསར་པ་དང་གནད་འགག་གི་ཤུགས་རྒྱག་ས། འདེགས་སྐྱོར་གྱི་མ་ལག་གཙོ་བོ་བཅས་འདོན་སྤྲོད་བྱེད་ཐུབ་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་དུ་བསྟར་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བའི་ནང་དོན་ཅན་དུ་འགྱུར་བར་བྱ་དགོས།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།