དྲི་བ་ལྔ་བཅུ། རང་བདག་གསར་སྐྲུན་གྱི་ནུས་པ་ཆེ་རུ་གཏོང་བར་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བྱེད་དགོས་དོན་ཅི་ཡིན་ནམ།
2023.03.28 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 16

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བྱེད་པ་དང་། གདོད་མའི་གསར་སྐྲུན་འབུར་དུ་ཐོན་པར་བྱེད་པ།   རང་མོས་འཚོལ་ཞིབ་ལ་སྐུལ་མ་གཏོང་བ་བཅས་བྱེད་དགོས”ཞེས་བསྟན་ཡོད།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་དུང“རྨང་གཞིའི་ཞིབ་འཇུག་ནི་ཚན་རིག་མ་ལག་ཧྲིལ་པོའི་འབྱུང་རྩ་ཡིན་པ་དང་། ལག་རྩལ་གནད་དོན་ཡོངས་ཀྱི་སྤྱིའི་ཐབས་ཇུས་ཡིན”ཞེས་ནན་བཤད་གནང་མྱོང་།  རྣམ་བཤད་དང་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དེ་དག་གིས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བྱེད་རྒྱུ་དེ་རང་བདག་གསར་སྐྲུན་གྱི་ནུས་པ་ཆེ་རུ་གཏོང་བ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་ལ་རང་ཚུགས་རང་སྟོབས་ཀྱི་གཏིང་ཤུགས་སྩོལ་བ། ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་ཀྱི་ཐད་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པ་གཏིང་ཟབ་སྒོས་མཚོན་ཡོད།

དང་པོ།  རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བྱེད་རྒྱུ་ནི་ཚན་རྩལ་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན། ལོ་རྒྱུས་འཕེལ་རྒྱས་ལས། འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་ཚང་མ་ནི་ཚན་རིག་གི་རྨང་གཞི་ལེགས་པའི་རྒྱལ་ཁབ་ཡིན་པ་དང་།  ཚང་མ་ཚན་རྩལ་ཁྱབ་ཁོངས་གལ་ཆེན་ནང་མདུན་གྲལ་དུ་སླེབས་པའི་རྒྱལ་ཁབ་ཡིན་ལ།  ཚང་མ་འཛམ་གླིང་གི་ཚན་རིག་ལྟེ་གནས་གཙོ་བོ་དང་། གསར་སྐྲུན་དང་འཇོན་མིའི་མཐོ་ས་ཡིན་པ། མིའི་རིགས་ལ་འཕྲད་པའི་འགྲན་སློང་ཆེན་པོ་དང་། གཞི་རྩའི་ཚན་རིག་གི་གནད་དོན། ཚན་རིག་གི་ཁྱབ་ཁོངས་གསར་པའི་ཁ་ཕྱོགས་གསར་གཏོད། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་གསར་པ་འཛུགས་པ་བཅས་ཀྱི་ཐད་སྣེ་ཁྲིད་རང་བཞིན་གྱི་བྱས་རྗེས་བཞག་ཡོད་པ་གསལ་བོར་མཚོན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྨང་གཞིའི་ཞིབ་འཇུག་ལ་ཚད་མཐོའི་མཐོང་ཆེན་གནང་བར་མ་ཟད། ཐབས་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བཏོན་པས། རང་རྒྱལ་གྱི་རྨང་གཞིའི་ཞིབ་འཇུག་དང་གདོད་མའི་གསར་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། རྨང་གཞིའི་ཞིབ་འཇུག་གི་སྤྱི་ཡོངས་ཀྱི་དངོས་ཡོད་སྟོབས་ཤུགས་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བྱེད་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱེད་པར། གདོད་མའི་གསར་སྐྲུན་གྱི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་བཞག་ཏེ། འཛམ་གླིང་གི་ཚན་རྩལ་མདུན་གྲལ་ལ་དམིགས་པ་དང་། ཆེས་མདུན་གྲལ་གྱི་ཚན་རིག་གནད་དོན་ལ་འགྲན་སློང་བྱེད་ཕོད་པ། ཐུན་མིན་གསར་སྐྲུན་གྱི་ཁྱད་ཆོས་ཁོ་ནའི་སྟེང་འབད་བརྩོན་བྱས་ཏེ་གདོད་མའི་གསར་སྐྲུན་གྱི་གཞུང་ལུགས་སྔར་ལས་མང་བོ་འདོན་པ་དང་། གདོད་མའི་གསར་སྐྲུན་གྱི་གཞུང་ལུགས་མང་བོ་ཤེས་རྟོགས་བྱེད་པ། གདོད་མའི་གསར་སྐྲུན་གྱི་ཚན་རིག་གི་གནད་དོན་སྔར་ལས་མང་བོ་ཐག་གཅོད་བྱེད་པ།  སྔོན་མཐོང་རང་བཞིན་གྱི་རྨང་གཞིའི་ཞིབ་འཇུག་དང་སྣེ་ཁྲིད་རང་བཞིན་གྱི་གདོད་མའི་གསར་སྐྲུན་གྱི་གྲུབ་འབྲས་ཐོད་བརྒལ་ཆེན་པོ་ཡོང་བར་བྱེད་པ། ཚན་རིག་གི་མ་ལག་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་གཏོང་བ། འཛམ་གླིང་གི་ཚན་རྩལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པར་སྣེ་ཁྲིད་བཅས་བྱས་ནས།  ཚན་རིག་ལག་རྩལ་གྱི་ཁྱབ་ཚད་དང་ཟབ་ཚད་ཀྱི་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་དགོས།

གཉིས་པ། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བྱེད་རྒྱུ་ནི་ཆུ་ཚད་མཐོ་བའི་ཚན་རྩལ་ལ་བརྟེན་ནས་རང་ཚུགས་རང་སྟོབས་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན། དེང་སྐབས་ཀྱི་འཛམ་གླིང་ལ་ལོ་ངོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་།  དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས“རྗེས་སྙེག་རྣམ་པའི” རྒྱལ་ཁབ་ཀྱི་ཚན་རྩལ་འཕེལ་རྒྱས་ལ་འགོག་གནོན་བྱེད་པ་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བཞིན་ཡོད་པར་མ་ཟད། ལག་རྩལ་མཐོ་བའི་ཁྱབ་ཁོངས་ནས་རྨང་གཞིའི་ཞིབ་འཇུག་ཁྱབ་ཁོངས་སུ་རིམ་བཞིན་རྒྱ་བསྐྱེད་དེ། རང་རྒྱལ་གྱི་རྨང་གཞིའི་ཞིབ་འཇུག་འཕེལ་རྒྱས་ཀྱི་ཕྱིའི་ཁོར་ཡུག་སྔར་ལས་ཛ་དྲག་ཆེ་བ་རེད། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བྱེད་པ་དེས་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་སྟོབས་ལ་འདེགས་སྐྱོར་བྱེད་པའི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། རྨང་གཞིའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་རྩ་བའི་རིགས་པ།  རྨང་གཞིའི་མཉེན་ཆས་དང་སྲ་ཆས། གནད་འགག་གི་རྨང་གཞིའི་རྒྱུ་ཆ་སོགས་འགག་རྩའི་ཚོད་འཛིན་ལས་སྒྲོལ་ཐུབ་ཚེ།  རང་རྒྱལ་གྱི་ཚན་རྩལ་གཞི་ནས་རང་ཚུགས་ཐུབ་པ་དང་སྟོབས་ལྡན་དུ་འགྱུར་ཐུབ་པ། གཞི་ནས་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་སྟོབས་མགྱོགས་མྱུར་ངང་མངོན་འགྱུར་བྱེད་ཐུབ།  དམིགས་འབེན་གྱི་ཁྲིད་ཕྱོགས་དང་རང་མོས་ཀྱིས་འཚོལ་ཞིབ་བྱེད་པའི“འགྲོ་ལམ་གཉིས ” རྒྱུན་འཁྱོངས་བྱས་ཏེ།  རང་རྒྱལ་གྱི་རྨང་གཞིའི་ཞིབ་འཇུག་མ་ལག་རྒྱུན་ཆད་མེད་པར་རྒྱ་སྐྱེད་དགོས།  དམིགས་འབེན་གྱི་ཁྲིད་ཕྱོགས་ལ་ཤུགས་སྣོན་བྱས་ཏེ།  དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་རྒྱལ་ཁབ་བདེ་འཇགས་ཀྱི་མདུན་དུ་ལྷགས་པའི་དངོས་ཡོད་གནད་དོན་ཁྲོད་ནས་ཚན་རིག་གི་གནད་དོན་ཉིང་བསྡུས་བྱེད་པ་དང་། འབྱུང་རྩ་དང་རྟིང་རིམ་ནས་གནད་འགག་དང་སྲོག་ཤིང་དུ་གྱུར་པའི་ལག་རྩལ་གྱི་གནད་དོན་ཐག་གཅོད་བྱེད་དགོས། རང་མོས་ཀྱིས་འཚོལ་ཞིབ་བྱེད་པར་བསྔགས་སྐུལ་བྱས་ཏེ། རང་བྱུང་ཁམས་ལ་ངོས་འཛིན་བྱེད་པའི་མཐའ་མཚམས་རྒྱུན་ཆད་མེད་པར་རྒྱ་སྐྱེད་དུ་གཏོང་བ་དང་། ཤེས་རྟོགས་ཀྱི་མངའ་ཁོངས་གསར་པ་བཏོད་པ་དང་ཚན་རིག་དང་མཐུན་པར་ཐོད་བརྒལ་བྱེད་པ།  མ་འོངས་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་ཤེས་བྱའི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས།

གསུམ་པ། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བྱེད་རྒྱུ་ནི་སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་གྱི་གོ་སྐབས་དམ་འཛིན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན། མིག་སྔར་སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་གྱིས་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་བསྐྲུན་བཞིན་ཡོད་པས། རིག་གཞུང་ཚན་ཁག་སྣོལ་སྡེབ་དང་མཉམ་འདྲེས་ཇེ་མགྱོགས་སུ་སོང་བ་དང་།  གསར་དར་རིག་གཞུང་ཚན་ཁག་རྒྱུན་ཆད་མེད་པར་ཐོན་པ། མདུན་གྲལ་ཁྱབ་ཁོངས་རྒྱུན་ཆད་མེད་པར་སྣུར་སྲིང་བཅས་བྱེད་བཞིན་ཡོད། རྨང་གཞིའི་ཞིབ་འཇུག་གི་ཐོད་བརྒལ་གལ་ཆེན་གྱིས་རྟག་ཏུ་རྩ་སློག་རང་བཞིན་ལྡན་པའི་གསར་སྐྲུན་བྱེད་པ་དང་། མདུན་གྲལ་ལག་རྩལ་སྣོལ་སྡེབ་དང་མཉམ་འདྲེས་བྱེད་པ། ཚོགས་སྤྱི་མཆོང་སྐྱོད་ཡོང་བར་སྐུལ་ཁྲིད་བྱེད་པ། ཐོན་སྐྱེད་ནུས་ཤུགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྣམ་པར་འགྱུར་ལྡོག་གཏིང་ཟབ་གཏོང་བ་བཅས་བྱེད་ཀྱིན་ཡོད། སུ་ཞིག་གིས་མདུན་གྲལ་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ཚན་རིག་ལག་རྩལ་གྱི་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་ཐུབ་ཚེ། དེ་ཡིས་སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་གྱི་རང་འགུལ་དབང་ཆ་བརྩོན་ལེན་དང་དམ་འཛིན་བྱེད་ཐུབ་པ་ལག་ལེན་ལས་ར་སྤྲོད་བྱུང་ཡོད།   དེར་བརྟེན། ཚན་རྩལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་དུས་རབས་ཀྱི་འཕེལ་ཕྱོགས་ཁོང་དུ་ཆུད་པར་བྱས་ཏེ།  ཚན་རྩལ་འཕེལ་རྒྱས་འགྲོ་ཕྱོགས་ལ་རྗེས་སྙེག་དམ་ཟབ་དང་ཚན་རིག་དང་མཐུན་པར་བརྡར་ཤ་གཅོད་པ། ཚན་རིག་དང་མཐུན་པར་མདུན་གྲལ་གྱི་ཁ་ཕྱོགས་ཞིབ་འཇུག་དང་བརྡར་ཤ་གཅོད་པ།  ཚན་རིག་གི་གནད་དོན་གལ་ཆེན་རང་བདག་གིས་འདོན་པའི་ནུས་པ་ཆེ་རུ་གཏོང་བར་ཤུགས་སྣོན་བྱེད་པ། རྨང་གཞིའི་ཞིབ་འཇུག་ལ་བརྟེན་ནས་ཉེར་སྤྱོད་ལག་རྩལ་ཚོགས་སྤྱིའི་ཐོད་བརྒལ་ལ་སྐུལ་ཁྲིད་བྱས་ཏེ།  ཚན་རིག་དང་ལག་རྩལ། ཐོན་ལས་བཅས་ཀྱི་དྲང་ཕྱོགས་འཁོར་སྐྱོད་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་བ་དང་། སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་ཀྱི་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ནས།  ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་བྱ་གཞག་ཁྲོད་བཀོལ་སྤྱོད་བྱེད་དགོས།

བཞི་པ། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བྱེད་རྒྱུ་ནི་འཛམ་གླིང་རིམ་པའི་ཚན་རིག་པ་དང་སྣེ་ཁྲིད་འཇོན་མི་གསོ་སྐྱོང་དང་སྐྱེད་སྲིང་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན། གསར་གཏོད་དང་གསར་སྐྲུན་གལ་ཆེན་དང་རྩ་སློག་རང་བཞིན་གྱི་ལག་རྩལ་གསར་སྐྲུན་བྱེད་པའི་འགག་རྩ་ནི་འཇོན་མིར་ཐུག་ཡོད། རྨང་གཞིའི་ཞིབ་འཇུག་གི་འཇོན་མིའི་དཔུང་ཁག་སྟོབས་ཆེན་ཞིག་མེད་ན། རང་བདག་གསར་སྐྲུན་ནི་མགོ་ཁུངས་མེད་པའི་ཆུ་བོ་དང་རྩ་བ་མེད་པའི་ལྗོན་ཤིང་ལྟ་བུ་ཡིན། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བྱས་ན། འཛམ་གླིང་གི་ཚན་རྩལ་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། བདེན་དོན་བརྩོན་ལེན་བྱེད་པ།  ཡང་རྩེར་སྙེག་ཕོད་པའི་ཚན་རིག་པ་རྩེ་གྲ་དང་། སྣེ་ཁྲིད་འཇོན་མི།  རིམ་གྲས་མཐོ་བའི་སྣ་འཛོམས་འཇོན་མི་བཅས་སྐྱེད་སྲིང་བྱེད་པར་ཕན་པ་དང་། གསར་སྐྲུན་གྱི་བསམ་བློ་ཆེན་པོ་ལྡན་པ་དང་།  “   དཔོག་དཀའ་བའི་གནད་དོན” ཐག་གཅོད་བྱེད་ཕོད་པའི་ན་གཞོན་འཇོན་ཐང་ཅན་སྐོར་ཞིག་ཤེས་རྟོགས་བྱེད་པར་ཕན་པ་ཡོད།  མ་ལག་ཅན་དང་རིམ་གྲས་མཐོ་བའི་རྨང་གཞིའི་ཞིབ་འཇུག་གི་འཇོན་མི་སྐྱེད་སྲིང་བྱེད་པའི་ལས་སྟེགས་བསྐྲུན་ཏེ།  རྨང་གཞིའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་འཇོན་མི་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  རང་བྱུང་ཚན་རིག་ཁྱབ་ཁོངས་སུ་གྲུབ་འབྲས་མངོན་གསལ་ཐོབ་པ་མ་ཟད་གསར་སྐྲུན་གྱི་སྦས་ཤུགས་མངོན་གསལ་ལྡན་པའི་ན་གཞོན་འཇོན་མི་ཁག་ཅིག་ལ་ཡུན་རིང་བརྟན་བརླིང་ངང་རྒྱབ་སྐྱོར་བྱས་ཏེ། རྨང་གཞིའི་ཞིབ་འཇུག་གི་འཇོན་མི་ཕུལ་བྱུང་ཅན་འབོར་ཆེན་ཐོན་པར་བྱས་ནས་རང་རྒྱལ་གྱི་ཚན་རྩལ་འཇོན་མིའི་སྟོབས་ཤུགས་ཀྱི་གྲུབ་ཆ་གལ་ཆེན་དུ་འགྱུར་བར་བྱེད་དགོས།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།