ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་བྱ་བར་ཚད་མཐོན་པོས་མཐོང་ཆེན་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྔ་རྗེས་སུ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཐེངས་གཉིས་ཞུགས་པ་དང་། མཚོ་སྔོན་ལ་གཟིགས་ཞིབ་ཐེངས་གཉིས་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་ཞིང་། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལྷག་པར་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ། མཚོ་སྔོན་གྱི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་བརྗིད་ཆེའི་འཆར་གཞི་བཀོད་ནས་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་ཁྲིད་སྟོན་འོག མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་ཁུར་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་མགོ་བརྩམས་ཏེ་ཉམས་མྱོང་གལ་ཆེན་འཚོལ་ཞིབ་དང་གསོག་འཇོག་བྱས་ཡོད།
གཅིག ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི“ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང་རྒྱལ་ཡོངས་ཀྱི་ཆེ་ཕྱོགས་ཁྲོད“སྔར་ལས་གལ་ཆེན་གསུམ”གྱི་འཐབ་ཇུས་གནས་བབ་རྒྱས་བཤད་གཏིང་ཟབ་གནང་ནས། མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་དེ་སྐྱེ་ཁམས་ཀྱི་སྟེང་དུ་ཡོད་པ་དང་མཚོ་སྔོན་གྱི་ཆེས་ཆེ་བའི་འགན་འཁྲི་དེ་སྐྱེ་ཁམས་ཀྱི་སྟེང་དུ་ཡོད་ལ། མཚོ་སྔོན་གྱི་ཆེས་ཆེ་བའི་སྦས་ཤུགས་དེ་སྐྱེ་ཁམས་ཀྱི་སྟེང་དུ་ཡོད་པས་ངེས་པར་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་འབུར་ཐོན་གྱི་གོ་གནས་སུ་བཞག་ནས་དམ་འཛིན་བྱེད་དགོས་ཞེས་ནན་གྱིས་བསྟན་པ་དང་། མཚོ་སྔོན་ནི་གནའ་སྔ་མོ་ནས་བཟུང་རྒྱལ་ཁབ་བདེ་འཇགས་འཐབ་ཇུས་ཀྱི་གཙོ་གནད་ཅིག་ཡིན་པ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་བ་ཧྲིལ་པོའི་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་པ་ནན་བཤད་གྱིས་བསྟན། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ་མཚོ་སྔོན་གྱི་སྐྱེ་ཁམས་བདེ་འཇགས་གནས་བབ་དང་རྒྱལ་ཁབ་ས་ཁོངས་བདེ་འཇགས་ཀྱི་གནས་བབ། ཐོན་ཁུངས་དང་ནུས་རྒྱུ་བདེ་འཇགས་ཀྱི་གནས་བབ་བཅས་སྔར་ལས་གལ་ཆེན་དུ་གྱུར་བར་བྱས་ནས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་དེ“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་ཡིན་ཞེས་ནན་གྱིས་བསྟན། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཐད་འགན་འཁྲི་གལ་ཆེན་འཁུར་ཡོད་པས། རྨ་འབྲི་རྫ་གསུམ་འབྱུང་ཁུངས་སྲུང་སྐྱོབ་བྱ་རྒྱུ་ནི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཡིན་པས་ངེས་པར་དུ་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་།“རྨ་འབྲི་རྫ་གསུམ་འབྱུང་ཁུངས”སྲུང་སྐྱོབ་བྱེད་པ། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བྱེད་པ་བཅས་ཀྱི་འགན་འཁྲི་གལ་ཆེན་ཐོག་མཐའ་བར་གསུམ་དུ་ཡག་པོར་འཁུར་ནས། རྒྱལ་ཁབ་དང་མི་རིགས། བུ་རབས་ཚ་རྒྱུད་བཅས་ལ་འགན་འཁུར་དགོས་པ་ནན་གྱིས་བསྟན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཅིང་། དམིགས་ཚད་ཀྱི་བསམ་འདུན་ཐད་མཚོ་སྔོན་གྱིས་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས། སའི་གོ་ལའི“གླིང་སྣེ་གསུམ་པ”སྲུང་སྐྱོབ་ཡག་པོ་བྱས་ཏེ་མཚོ་བོད་མཐོ་སྒང་དུ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཧུར་ཐག་གིས་བསྐྲུན་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད། མཚོ་སྔོན་གྱི་དགེ་མཚན་དང་ཐོན་ཁུངས་དང་ཟུང་འབྲེལ་བྱས་ཏེ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བཅས་འཛུགས་སྐྲུན་བྱས་ནས། ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་བཙུགས་ནས་ས་གནས་ཀྱི་ཁྱད་ཆོས་མངོན་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བཙུགས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་འཛད་སྤྱོད་དང་ལྷག་པར་དུ་སྡོད་དམངས་ཀྱི་འཛད་སྤྱོད་རྒྱ་ཆེར་གཏོང་བ་དང་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་དང་ཟུང་འབྲེལ་དམ་པོ་བྱས་ནས། སྐྱེ་ཁམས་སྔོན་ལ་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་རྒྱུ་བཅས་ཟུང་འབྲེལ་དམ་ཟབ་དང་ཕན་ཚུན་སྤེལ་རེས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ཐད་མཐོ་སྒང་གི་དམིགས་བསལ་ཐོན་ཁུངས་རང་སྤུས་ལ་གཞིགས་ནས། ནུས་རྒྱུ་གཙང་མ་དང་སྐྱེ་ཁམས་ཡུལ་སྐོར། ཁྱད་ལྡན་ཞིང་ཕྱུགས་ལས། སྐྱེ་དངོས་དང་སྨན་རྫས། མཐོ་སྒང་གི་གསོ་སྤེལ་སོགས་གསར་དར་ཐོན་ལས་ཧུར་ཐག་གིས་སྐྱེད་སྲིང་བྱེད་དགོས་པ་དང་། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་རྒྱུའི་ཐད་སྔོན་ལ་བསྐྱོད་པ་དང་ཐཱན་རྩེར་སོན་ཐད་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་ཐུབ་པ་བྱེད་དགོས་པ་ནན་བཤད་གནང་། རི་ཆུ་ནགས་གསུམ་དང་ཞིང་ས་རྩྭ་ཐང་བྱེ་དར་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་བྱས་ནས། རྒྱལ་ཁོངས་བར་སྟོང་གསར་སྤེལ་སྲུང་སྐྱོང་གི་རྣམ་པ་ཇེ་ལེགས་སུ་གཏོང་བ་དང་གཙོ་ནུས་ཐོན་ཁུལ་གྱི་ཁྱབ་ཚུལ་དོན་འཁྱོལ་ནན་པོ་བྱེད་པ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་མྱུར་དུ་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། སྐྱེ་ཁམས་ཁྱབ་ཁོངས་ཀྱི་འབུར་དུ་ཐོན་པའི་གནད་དོན་མཐའ་གཅིག་ཏུ་བཅོས་སྒྲིག་བྱེད་དགོས་པ་སོགས་ནན་གྱིས་བསྟན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་ལས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་ཚན་རིག་རང་བཞིན་དང་བདེན་དོན་རང་བཞིན། མི་དམངས་རང་བཞིན་བཅས་གང་ལེགས་ཀྱིས་མཚོན་ཡོད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་བསྣོན་པར་ཚད་མཐོའི་མཐོང་ཆེན་དང་བློ་རྩ་བརྟན་པོ། ཆོད་སེམས་བརྟན་པོ་ཡིན་པ་དེའི་ཐོག་ནས་མཚོ་སྔོན་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། རིགས་སོ་སོའི་མང་ཚོགས་ཀྱིས་ཞིང་ཆེན་གྱི་གནས་ཚུལ་ཤེས་རྟོགས་བྱ་རྒྱུར་འགྱུར་ལྡོག་གཏིང་ཟབ་བཏང་ཡོད། ལོ་མང་པོའི་རིང་། ང་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་བྱ་བ་ཡོངས་ཀྱི་འབུར་ཐོན་གོ་གནས་སུ་བཞག་སྟེ།“གལ་ཆེན”ནས་“སྔོན་མར”བསྒྱུར་བ་དང་།“མཉེན་པའི་ལས་འགན་”ནས་“མཁྲེགས་པོའི་དམིགས་ཚད་”དུ་བསྒྱུར་བ་རེད། ད་ལྟའི་མཚོ་སྔོན་དུ་མི་དང་རང་བྱུང་ཁམས་སྔར་ལས་འཆམ་མཐུན་ངང་འཛམ་གླིང་སྐྱེ་བོ་ཀུན་ལ་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་མཛེས་སྡུག་ལྡན་པའི་རི་མོ་ཞིག་ཕུལ་ཡོད།
གཉིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཁྲིད་སྟོན་དུ་བྱས་ཏེ་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོབ་པར་སྐུལ་འདེད་གཏོང་དགོས།
མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པའི་འཐབ་ཇུས་ཀྱི་ངེས་ཤུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད།
གཅིག་ནས་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་མདུན་གྲལ་དུ་བསྐྱོད་ནས་བློ་བརྟན་འགྱུར་མེད་ཀྱིས་“ཀྲུང་ཧྭའི་ཆུ་མཛོད་”ཀྱི་ལྟ་སྲུང་བ་བྱེད་དགོས། ཞིང་ཆེན་དང་ཁུལ། རྫོང་དང་ཡུལ་ཚོ། སྡེ་བ་བཅས་ཁྱོན་ཡོངས་ལ་ཁྱབ་པའི་རྨ་འབྲི་རྫ་གསུམ་འབྱུང་ཁུངས་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་སྒྲིག་སྲོལ་འཚོལ་ཞིབ་འཛུགས་སྐྲུན་བྱས་ཏེ། འབྲེལ་ཡོད་ཀྱི་རྫོང་བཞི་ནས་ལམ་ལུགས་མང་ཆེ་བ་བཅོས་སྒྱུར་ལག་བསྟར་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་སྒྲིག་གཞི་དང་ཁྲིམས་འཛིན་སྒྲིག་གཞི་སྡེབ་སྒྲིག་གསར་འཛུགས་བྱས་ནས། ཡུལ་ཚོ་དང་གྲོང་རྡལ་སྲིད་གཞུང་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་དོ་དམ་ས་ཚིགས་འཛུགས་པ། 《རྨ་འབྲི་རྫ་གསུམ་འབྱུང་ཁུངས་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བའི་རྨང་གཞིའི་སྟེང་། སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་ཉམས་ལེན། ཁོར་ཡུག་སློབ་གསོ་སོགས་ཆེད་དོན་འཆར་འགོད་ལྔ་བཟོས་ནས་ལེགས་སྒྲུབ་བྱས་པས། རྨ་འབྲི་རྫ་གསུམ་འབྱུང་ཁུངས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་འཆར་འགོད་མ་ལག་རགས་ཙམ་ཆགས། 《རྨ་འབྲི་རྫ་གསུམ་འབྱུང་ཁུངས་རྒྱལ་ཁབ་སྤྱི་གླིང་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》ཁྱབ་བསྒྲགས་ལག་བསྟར་བྱས་པ་དང་། ཚན་ཞིབ་ཚན་རིག་ཁྱབ་གདལ་དང་སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་སྤྱི་ཕན་ལས་གནས། དམིགས་བསལ་ཆོག་འཐུས་གཉེར་སྐྱོང་སོགས་དོ་དམ་བྱེད་ཐབས་བཅུ་གསུམ་བཟོས་ནས་པར་འགྲེམས་བྱས་པས།1+Nསྲིད་ཇུས་ཀྱི་ལམ་ལུགས་མ་ལག་ཅིག་ཆགས་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཁུངས་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་ཀྱི་སྲུང་སྐྱོང་ཁུལ་དྲུག་གི་ནུས་པ་བསྐྱར་སྒྲིག་དང་ལེགས་སྒྲིག་བྱས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཁུངས་རྒྱལ་ཁབ་སྤྱི་གླིང་གི་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་མ་རྩའི་བདག་དབང་མངགས་བཅོལ་ལས་ཚབ་ལམ་སྲོལ་ཚོད་ལྟ་བྱས་པ་དང་། སྔ་རྗེས་སུ་གླིང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་དང་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོའི་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས་པ། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་འཚོ་ཇེ་ལེགས་སུ་གཏོང་བའི་གཉིས་ཕན་ལམ་བུ་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས“ཁྱིམ་ཚང་རེར་ལས་གནས་རེ”ཡོད་པའི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་ལམ་སྲོལ་གསར་དུ་བཙུགས་ཤིང་། འབྲོག་པ་ཁྲི་གཅིག་དང་སྟོང་བདུན་ཉིས་བརྒྱ་ཡིས་ལག་ཁྱེར་འཁྱེར་ནས་ལས་གནས་སུ་ཞུགས་པ་དང་ལོ་གཅིག་གི་ཡོང་འབབ་སྒོར་མོ་ཁྲི་གཉིས་དང་སྟོང་གཅིག་དྲུག་རྒྱ་ལྷག་ཏུ་འཕར་ནས། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་ཕྱོགས་གསུམ་གྱི་ཐད་ལ་རྣམ་པ་བཟང་བོ་བྱུང་། རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་སྐྱེ་ཁམས་མ་ལག་གི་སྤྱི་ཁོག་གྲུབ་ཆ་སྤྱིའི་ཆ་ནས་ཇེ་ལེགས་སུ་ཕྱིན་པ་དང་། རྩྭ་ཐང་ཉམས་ཞན་དུ་འགྲོ་བའི་རྣམ་པ་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན་པ། སྐྱེ་ཁམས་མ་ལག་གི་ཆུ་མགོ་གསོ་སྐྱོང་དང་འབབ་རྒྱུད་ཀྱི་ཆུ་མཁོ་འདོན་ནུས་པ་གཞི་རྩའི་ཆ་ནས་བརྟན་པོ་བྱུང་ནས་“ཀྲུང་ཧྭའི་ཆུ་མཛོད”ཉིན་རེ་བཞིན་སྲ་བརྟན་དང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད།
གཉིས་ནས་སྒྲིག་སྲོལ་དང་ལམ་སྲོལ་བཅོས་སྒྱུར་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་བྱེད་སྟངས་འཚོལ་ཞིབ་བྱེད་དགོས། རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་མགོ་བཙུགས་པ་དང་། རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུའུ་དང་མཚོ་སྔོན་ཞིང་ཆེན་ཕྱོགས་གཉིས་ཀྱི་འགོ་ཁྲིད་གཙོ་བོས་ཚན་གཙོ་གཉིས་ཀྱི་འགན་འཁུར་བའི་མཉམ་སྐྲུན་འགོ་ཁྲིད་ཚན་ཆུང་བཙུགས་ནས། གོང་འོག་མཉམ་འགུལ་དང་མཉམ་དོན་སྤྱི་སྒྲུབ། མཐུན་སྦྱོར་ཤུགས་སྣོན་བཅས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་ཡོད། 《མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད》ཀྱིས་སྤྱི་འདོམས་བྱས་པ་དང་། ཆེད་དོན་འཆར་འགོད་དང་ལོ་ཧྲིལ་བོའི་ལག་བསྟར་འཆར་གཞི་སོགས་འདེགས་སྐྱོར་དུ་བྱས་པའི་འཆར་འགོད་མ་ལག་བསྐྲུན་པ། རྒྱལ་ཡོངས་ཀྱི་སྔོན་ལ་རང་བྱུང་སྲུང་སྐྱོབ་ཁུལ་དུ་བརྟག་དཔྱད་དཔྱད་དཔོག་བྱེད་མགོ་བཙུགས་ནས་སྲུང་སྐྱོང་རྒྱ་ཁྱོན་ཆུང་དུ་མི་འགྲོ་བ་དང་། སྲུང་སྐྱོབ་བྱེད་ཤུགས་ཆུང་དུ་མི་འགྲོ་བ། སྲུང་སྐྱོབ་རང་བཞིན་ལ་འགྱུར་ལྡོག་མི་གཏོང་བ་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་ནས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་རང་བྱུང་སྲུང་སྐྱོབ་ཁུལ་ཁྱོན་ཡོངས་ནས་ལེགས་སྒྲིག་བྱས་ཏེ། 《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྲོལ་ཡིག(འཆར་ཟིན)》སྔོན་ལ་འཚོལ་ཞིབ་དང་འཆར་ཟིན་བཀོད་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཁུངས་རྒྱལ་ཁབ་སྤྱི་གླིང་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ཁྲིམས་སྲོལ་བཟོ་བ་དང་འཐུས་ཚང་དུ་གཏོང་བ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་ས་ཆ་འཁོར་རྒྱུག་དང་སྤྱི་ཚོགས་ནང་ཞུགས་པ། སྐྱེ་ཁམས་ཉམས་ལེན། ཚན་ཞིབ་ཁྱབ་གདལ། སྐྱེ་ཁམས་ཁ་གསབ་སོགས་དོ་དམ་ལམ་ལུགས་མང་པོ་གཏན་ལ་ཕབ་པ། སྐྱེ་ཁམས་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། རང་བྱུང་སྲུང་སྐྱོབ་ཁུལ་དུ་རང་བྱུང་སློབ་གསོ་སྤེལ་བའི་བསམ་འཆར་དང་བྱ་བའི་རྩ་གནད་བཟོས་ནས་སྤྱི་ཚོགས་ཡོངས་ཀྱིས་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་དེའི་ནང་ཞུགས་པའི་རྣམ་པ་བཟང་པོ་བསྐྲུན་དགོས།
གསུམ་ནས“རི་བོ་གཉིས”གཞན་སྒྱུར་གྱི་ལམ་བུ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། ནུས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དཔལ་འབྱོར་མ་ལག་ཅིག་བསྐྲུན་དགོས། ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་དང་ཕྱོགས་བསྡུས་བེད་སྤྱོད་ཀྱི་ལས་ཕྱོད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ། ཅཱ་རྒྱུའི་ཐོན་ཁུངས་གསར་སྤེལ་གྱིས་སྣེ་ཁྲིད་བྱས་ཏེ། ལིས་དང་ཚ་ལ་སོགས་ཀྱི་ཐོན་ཁུངས་སྐས་རིམ་གསར་སྤེལ་དང་ཕྱོགས་བསྡུས་བེད་སྤྱོད་ཀྱི་འཛམ་གླིང་གི་སྔོན་ཐོན་དེང་རབས་ཅན་གྱི་ཚྭ་མཚོའི་རྫས་འགྱུར་བཟོ་ལས་ཀྱི་ཐོན་ལས་མ་ལག་ནུས་ཤུགས་ཡོད་རྒུས་བཙུགས་ནས། ཐོན་ལས་སྦྲེལ་ཐག་དེ་རྒྱུ་ཆ་གསར་པ་དང་ནུས་རྒྱུ་གསར་པ། ནུས་རྒྱུ་གསར་པའི་རྫས་འགྱུར་བཟོ་ལས་སོགས་འབྲེལ་ཡོད་ཐོན་ལས་ཕྱོགས་སུ་སྣུར་སྲིང་བྱེད་པ། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་ལས་གཞི་འཛུགས་སྐྲུན་དང་རླུང་གློག་གི་འོད་ཤུགས་རྟེན་གཞི་ཆེ་གྲས་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། གློག་ཤུགས་མ་ལག་གསར་པ་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ། མཚོ་སྔོན་དང་ཧི་ནན་གྱི་དུས་ཐེངས་དང་པོའི་ཆ་འགྲིག་གློག་ཁུངས་འཁོར་སྐྱོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ། དྲོད་གསོག་རྣམ་པའི་གློག་ཐབ་སོགས་ཐབས་ལམ་དུ་བྱེད་པའི་དྭངས་གཙང་དྲོད་འདོན་གློག་ནུས་ཀྱིས་ཚབ་བྱེད་པ་ཤུགས་ཆེན་པོས་ཁྱབ་གདལ་གཏོང་བ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་རྒྱུ་དམིགས་ཚད་དུ་བྱས་ནས་སྐྱེ་ཁམས་ཡུལ་སྐོར་ལེགས་བསྡུས་ཅན་དང་ཐཱན་ཉུང་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མཚོ་སྔོན་དང་བོད་ལྗོངས། མཚོ་སྔོན་དང་ཟི་ཁྲོན། མཚོ་སྔོན་དང་ཀན་སུའུ་བཅས་ས་ཁོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་ལམ་ཐིག་ཆེན་མོ་བསྐྲུན་ནས་རྨ་འབྲི་རྫ་གསུམ་འབྱུང་ཁུངས་དང་གངས་རི་འཚོལ་ཞིབ་ཡུལ་སྐོར། རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཉམས་ལེན་ཡུལ་སྐོར་སོགས་སྐྱེ་ཁམས་ཡུལ་སྐོར་ལམ་ཐིག་རྩེ་གྲ་བསྐྲུན་པ། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་འདྲེན་ས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ནས། ཚད་གཞི་མཐོ་བའི་ཞིང་སའི་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། སོན་རྒྱུའི་ཐོན་ཁུངས་ཡོངས་བཤེར་བྱེད་པ། ཆུ་སྐྱེས་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ། རྩྭ་ཐང་གི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
བཞི་ནས་ཚན་རིག་དང་མཐུན་པའི་སྒོ་ནས་རི་ཆུ་ནགས་གསུམ་དང་ཞིང་ས་མཚེའུ་རྩྭ་ཐང་བྱེ་དར་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་བྱེད་དགོས། 《མཚོ་སྔོན་ཞིང་ཆེན་གྱི་གཙོ་ནུས་ཐོན་ཁུལ་གྱི་འཆར་འགོད》དང《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ས་ཁོངས་བར་སྟོང་འཆར་འགོད(2021ལོ་ནས་2035ལོ་བར)》རྨང་གཞིར་བྱས་ནས《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ས་ཁོངས་བར་སྟོང་སྐྱེ་ཁམས་སླར་གསོ་འཆར་འགོད(2021ལོ་ནས་2035ལོ་བར)》ཀྱིས་མཚོན་པའི་སྤྱི་ཡོངས་རང་བཞིན་དང་བརྒྱུད་རིམ་རང་བཞིན་གྱི་འཆར་འགོད་བཟོས་ཏེ། ཚན་རིག་དང་མཐུན་པའི་ངང་སྐུལ་འདེད་གཏོང་བ་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱེད་པའི་འཆར་འགོད་མ་ལག་ཅིག་ཆགས་པར་བྱ་རྒྱུ་དང་། སྐྱེ་ཁམས་ནུས་པའི་ཁུལ་གལ་ཆེན་ལ་དམིགས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་ལག་བསྟར་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཁུངས་ས་ཁུལ་དང་ཚྭ་འདམ་གཤོངས་ས། མཚོ་སྔོན་པོའི་འབབ་རྒྱུད། ཙོང་ཆུའི་འབབ་རྒྱུད་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོའི་བཟོ་སྐྲུན་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུར་གཙོར་བཟུང་ནས་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་གྱི་མདོ་ལ་རིང་མོའི་རྒྱུད་ཀྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོའི་ཚོད་ལྟའི་བྱ་བར་སྐུལ་འདེད་ཏན་ཏིག་བཏང་ནས།“སྐྱེ་ཁམས་ཉམས་གསོའི་དཔེ་སྟོན་ཚོད་ལྟའི་ཁུལ་བཞིའི”ལས་གཞི་དེ་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་བྱེད་སྟངས་ལྗང་མདོག་ཅན་གྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ། རོང་འབྲོག་པའི་འཚོ་བ་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་བཅས་དང་ཟུང་འབྲེལ་བྱེད་པ། ཕྱོགས་མང་པོ་ནས་མ་དངུལ་གྲབས་གསོག་དང་དུས་མཚམས་དབྱེ་ནས་ཞིང་ཆེན་ཡོངས་ཀྱི་ལོ་རྒྱུས་ཤུལ་བཞག་གི་བེད་མེད་གཏེར་རིའི་ཁོར་ཡུག་སླར་གསོ་བཅོས་སྒྲིག་བྱ་བ་སྒྲུབ་པ་དང་། ལྗང་མདོག་གཏེར་རིའི་འཆར་འགོད་བཟོ་བ། གཏེར་རིའི་ད་ཡོད་གནས་ཚུལ་བརྟག་དཔྱད་བྱེད་པ།“གཏེར་ཁ་གཅིག་ལ་སྲིད་ཇུས་གཅིག”ལག་བསྟར་བྱེད་པ། ཡུག་ཁུལ་ལ་གཞིགས་ནས་ལྗང་མདོག་གཏེར་རི་འཛུགས་སྐྲུན་ལ་གོ་རིམ་དབྱེ་ནས་སྐུལ་འདེད་གཏོང་བ། ལྗང་མདོག་གཏེར་རིའི་འགུལ་རྣམ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།
ལྔ་ནས་ཁོར་ཡུག་དང་དམངས་འཚོའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་ཆེ་རུ་གཏོང་དགོས། ཏང་ཨུ་དང་སྲིད་གཞུང་དང་དེ་མིན་འབྲེལ་ཡོད་སྡེ་ཁག་དང་། ཁེ་ལས་དང་ལས་དོན་བཙོག་འབུད་སྡེ་ཚན་བཅས་ལ་དམིགས་ནས། འགན་འཁྲི་ཁ་གསལ་དང་འགན་འཁྲི་དོན་འཁྱོལ། འགན་འཁྲི་རྩད་གཅོད་སོགས་ཀྱི་ལྷུ་ཚིགས་སུ་གཅིག་འབྲེལ་གྱི་སྲིད་ཇུས་བྱེད་ཐབས་བཏོན་ནས།《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་འཛུགས་སྐྲུན་གྱི་དམིགས་ཚད་གདེང་འཇོག་དཔྱད་ཞིབ་བྱ་ཐབས(ཚོད་ལྟའི་ལག་བསྟར)》དང《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་འགན་འཁྲིའི་གཏན་འབེབས(ཚོད་ལྟའི་ལག་བསྟར)》བཏོན་ནས་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ཇེ་ལེགས་སུ་གཏོང་རྒྱུ་གཙོ་བོ་བྱེད་པའི་དམིགས་ཚད་འགན་འཁྲིའི་མ་ལག་གཞི་རྩའི་ཆ་ནས་བཙུགས་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》གིས་སྣེ་ཁྲིད་པ་དང《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག》གཙོར་བྱས་ནས། ཆུ་གཟུགས་དང་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་སྲོལ་མ་ལག་བཙུགས་ནས“1+4”ཡི་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་མ་ལག་གསར་འཛུགས་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་”པའི་ལག་ལེན་གསར་གཏོད་རྟེན་གཞིའི་དཔེ་སྟོན་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཁོར་ཡུག་བཅོས་སྐྱོང་གི་དམངས་ཡོངས་ཀྱི་བྱ་སྤྱོད་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས། ཞིབ་ཐོའི་དོ་དམ་ལ་བརྟེན་ནས་ལྡོག་སྐུལ་གྱི་གྲུབ་ཆ་ལེགས་སྒྲིག་བྱས་ཏེ་གཙོ་གནད་སྐྱེ་ཁམས་ནུས་པའི་ཁུལ་གྱིས་ཡུལ་བབ་དང་བསྟུན་ནས་འཚམ་པའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ས་ཁོངས་མི་འདྲ་བ་དང་ཞིབ་ཕྲ་ཅན་གྱི་ཡན་ལག་ཁུལ་གྱི་ཁོར་ཡུག་དོ་དམ་ཚོད་འཛིན་ལ་སྐུལ་འདེད་གཏོང་བ། རླུང་ཁམས་ཆེན་མོ་དང་ཆུ། ས་རྒྱུ་བཅས་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་དམིགས་པ་དང་། རྡུང་རྡེག་ཚ་ནན་གཏོང་བ་དང་མཉམ་ཤུགས་མཁྲེགས་གཏོར་བཅས་བྱས་ནས། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ལ་ཧུར་ཐག་གིས་རྒྱལ་ཁ་ཐོབ་པར་བྱེད་པ། སྦགས་བཙོག་བཅོས་སྐྱོང་དང་སྔོ་ལྗང་ཁ་གསབ་བྱེད་པ། དཀར་པོ་སོར་འཇོག་བཅས་ཀྱི་བྱ་བར་གཅིག་གྱུར་འཆར་འགོད་ཀྱིས་ཡག་པོར་བསྒྲུབ་ནས། ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་དང་རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས།
གསུམ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་ལེན་གྱི་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་ཏེ། མདོ་དབུས་མཐོ་སྒང་དུ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་མཚོ་སྔོན་གྱི་ལེགས་སྐྱེས་འབུལ་དགོས།
མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གསོན་ཉམས་ལྡན་པའི་ལག་ལེན་དང་གྲུབ་འབྲས་མངོན་གསལ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་བརྗིད་ཆེའི་སྟོབས་ཤུགས་གང་ལེགས་ཀྱིས་མངོན་ཡོད། མཐོ་སྒང་ས་ཁུལ་དང་མི་རིགས་ས་ཁུལ། སྐྱེ་ཁམས་ཉམས་ཞན་ས་ཁུལ། འཕེལ་རྒྱས་དལ་བའི་ས་ཁུལ་བཅས་ཡིན་པའི་ནུབ་རྒྱུད་ཀྱི་མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་མཚོ་སྔོན་གྱི་ཞིབ་ཕྲའི་དོན་དངོས་ཟུང་འབྲེལ་བྱས་ནས། “མཚོ་སྔོན་གྱི་ཉམས་མྱོང”ཕྱོགས་སྡོམ་འཚོལ་ཞིབ་བྱ་རྒྱུ་དེ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལམ་བུའི་སྟེང་བསྐྱོད་རྒྱུར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན།
གཅིག་ནས་མཐོ་སྒང་ས་ཁུལ་གྱི་གནས་ཚུལ་དངོས་ལ་གཞིགས་ནས་མཐོ་སྒང་གི་ལངས་གནས་དང་ཏན་ཏན་ཏིག་ཏིག་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། མཚོ་སྔོན་ནི་སའི་གོ་ལའི“གླིང་སྣེ་གསུམ་པ”སྟེ་མདོ་དབུས་མཐོ་སྒང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་མཛུབ་སྟོན་གལ་ཆེན་གནང་བས། མཚོ་སྔོན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ལྟ་བའི་ཐད་སད་རྟོགས་ཆེན་པོ་འབྱུང་བར་སྐུལ་མ་ཐེབས་ཤིང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ངོས་ཟིན་སྔར་ལས་གསལ་བོ་བྱུང་ནས། ངེས་པར་དུ་རྨ་འབྲི་རྫ་གསུམ་འབྱུང་ཁུངས་དང་ཁུ་ནུ་རི་རྩེའི་ཡངས་ཤིང་རྒྱ་ཆེ་བའི་མིག་རྒྱང་དང་བློ་རྒྱ་ལ་བརྟེན་ནས། རྒྱལ་ཁབ་དང་འཛམ་གླིང་གི་འཕེལ་རྒྱས་དངོས་ཀྱི་མཐོ་ཚད་ནས་ལངས་པ་དང་། མཚོ་སྔོན་གྱི་འཐབ་ཇུས་རིན་ཐང་དང་ལོ་རྒྱུས་འགན་འཁྲིའི་མཐོ་ཚད་ནས་ལངས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ངོས་འཛིན་བྱས་ཏེ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་སྔར་ལས་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པར་སྐུལ་འདེད་གཏོང་བའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆགས་པར་བྱས་ནས“གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བར”འགན་ལེན་བྱེད་དགོས།
གཉིས་ནས་མི་རིགས་ས་ཁུལ་གྱི་དོན་དངོས་ལ་གཞིགས་ཏེ་ཕུལ་བྱུང་སྲོལ་རྒྱུན་སྐྱེ་ཁམས་རིག་གནས་དར་སྤེལ་གཏོང་བ་དང་དེང་རབས་སྤྱི་ཚོགས་སྐྱེ་ཁམས་དཔལ་ཡོན་གྱི་ལྟ་བ་འཛུགས་རྒྱུ་ཕན་ཚུན་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། རིག་གནས་ནི་མི་རིགས་ཀྱི་མིང་བྱང་ལྟ་བུ་ཡིན་པ་དང་སྐྱེ་ཁམས་རིག་གནས་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྲོག་ཤིང་དང་བླ་སྲོག་ལྟ་བུ་ཡིན། མཚོ་སྔོན་དུ་འཚོ་བ་རོལ་བཞིན་པའི་རིགས་སོ་སོའི་མི་དམངས་ཀྱིས“གནམ་དང་མི་གཅིག་ཏུ་འབྲེལ་ཞིང”དང“སྐྱེ་དངོས་ཐམས་ཅད་མཉམ་དུ་འཚོ་བ”སོགས་བབ་ཆགས་ཀྱི་སྐྱེ་ཁམས་ལྟ་བ་དུས་ཡུན་རིང་པོའི་ནང་རྒྱུན་སྐྱོང་བཞིན་ཡོད། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་དྲིལ་སྒྲོག་དང་སློབ་གསོའི་ཤུགས་ཚད་ཆེ་རུ་བཏང་ནས། སྤྱི་ཚོགས་ཡོངས་སུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་འཕེལ་རྒྱས་གསར་བའི་འདུ་ཤེས་ཀྱི་སློབ་གསོའི་ཤུགས་ཚད་ཆེ་རུ་གཏོང་བ་དང་། དེང་རབས་ཀྱི་སྐྱེ་ཁམས་དཔལ་ཡོན་ཤེས་བྱ་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་གྱི་ཕྱུགས་ལས་དང་ཞིང་ལས་ཀྱི་ཐོན་སྐྱེད་བྱེད་སྟངས་དེ་དེང་རབས་ཀྱི་ལྗང་མདོག་ཐོན་སྐྱེད་བྱེད་སྟངས་ཀྱི་ཕྱོགས་སུ་བསྒྱུར་བར་ཁྲིད་སྟོན་བྱེད་པ། མི་རིགས་སོ་སོའི་སྲོལ་རྒྱུན་གྱི་འཚོ་བ་རོལ་སྟངས་དེ་དེང་རབས་ཀྱི་འཚོ་བ་རོལ་སྟངས་སུ་བསྒྱུར་བར་ཁྲིད་སྟོན་བྱས་ཏེ། མི་རིགས་ཀྱི་སྐྱེ་ཁམས་རིག་གནས་དེ་དེང་རབས་ཚན་རིག་གི་རྨང་གཞིའི་སྟེང་དངོས་སུ་བཙུགས་ནས། དུས་རབས་གསར་པར་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྐྱེ་ཁམས་རིག་གནས་ཀྱི་ཁྲིད་སྟོན་དང་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།
གསུམ་ནས་སྐྱེ་ཁམས་ཉམས་ཞན་ས་ཁུལ་གྱི་དོན་དངོས་ལ་གཞིགས་ཏེ། སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ཕན་ཚུན་སྤྱི་འདོམས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་པས་གཏོར་སྐྱོན་ཕོག་ཚེ་སླར་གསོ་བྱེད་དཀའ། དེར་བརྟེན་མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་དེ“རྒྱལ་ཁབ་ཀྱི་དོན་ཆེན་”ཞིག་ཏུ་བརྩིས་ནས། སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་པ་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་འབྲེལ་བྱ་བ་དངོས་ཀྱི་ཁྲོད་ཚད་མཐོའི་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། རིམ་པ་བཞིན་འགན་འཁྲི་ཏན་ཏིག་འཁུར་ཏེ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་དང་། ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད། ཐོན་ཁུངས་བེད་སྤྱོད་བཅས་ནན་མོ་བྱེད་དགོས། “དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་ལེན་ཏུ་བསྟར་ཏེ། སྐྱེ་ཁམས་དཔལ་འབྱོར་ཅན་དང་དཔལ་འབྱོར་སྐྱེ་ཁམས་ཅན་དུ་འགྱུར་བར་འབད་བརྩོན་བྱས་ནས་མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་མ་ལག་མགྱོགས་མྱུར་གྱིས་བསྐྲུན་དགོས། སྐྱེ་ཁམས་དམངས་ཕན་རྒྱུན་འཁྱོངས་ཀྱིས“ནམ་མཁའ་སྔོ་ལ་ཆུ་མོ་དྭངས་པ། ས་གཞི་གཙང་ ”བའི་དམིགས་ཚད་ལ་དམིགས་ནས་གནད་འཁེལ་དབུལ་སྐྱོར་དང་མཛེས་པའི་གྲོང་གསེབ། མཛེས་པའི་གྲོང་ཁྱེར་དང་གྲོང་རྡལ་བཅས་ཀྱི་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། གྲོང་གསེབ་དང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་མུ་མཐུད་དུ་ལེགས་བཅོས་བྱེད་པ་དང་གྲོང་ཁྱེར་དང་གྲོང་རྡལ་སྔོ་ལྗང་ཅན་དུ་བསྒྱུར་བར་མུ་མཐུད་དུ་སྐུལ་འདེད་བཏང་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
བཞི་ནི་དར་རྒྱས་མིན་པའི་ས་ཁུལ་གྱི་དོན་དངོས་ལ་གཞིགས་ཏེ། ཀྲུང་དབྱང་གི་རྒྱབ་སྐྱོར་དང་ས་གནས་ཀྱི་འབད་བརྩོན་མཉམ་འགུལ་རྒྱུན་འཁྱོངས་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་མཚོ་སྔོན་གྱི་སྐྱེ་ཁམས་དང་རྒྱལ་ཁོངས། ཐོན་ཁུངས་ནུས་ཁུངས་བཅས་ཀྱི་བདེ་འཇགས་གནས་བབ་གལ་ཆེན་གྱིས་རྒྱལ་ཡོངས་སུ་གནས་བབ་གལ་ཆེན་ཟིན་ཡོད།
ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་ཤར་འབྲེལ་ནུབ་མཐུད་དང་ལྷོ་འབྲེལ་བྱང་བསྐྱེད་ཀྱི་འཐབ་ཇུས་བགྲོད་ལམ་གྱི་གནས་ཡུལ་དང་། མི་རིགས་ས་ཁུལ་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་དགེ་མཚན་ཧུར་ཐག་གིས་བེད་སྤྱོད་བྱས་ནས། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་ནུབ་རྒྱུད་གསར་སྤེལ་ཆེན་མོ། འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་གཏོང་བ། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་འབྲེལ་མཐུད་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ། དཔལ་འབྱོར་ཚོང་དོན་མཉམ་ལས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་ཤུགས་སྣོན་བྱས་ཏེ། མཉམ་ལས་ཀྱི་ལམ་སྲོལ་སྔར་ལས་གསར་གཏོད་དང་ཤར་རྒྱུད་དང་དབུས་རྒྱུད་ས་ཁུལ་བར་གྱི་མཉམ་འགུལ་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་བ། ཧུར་ཐག་སྒོས་ཐོན་ལས་གོ་རིམ་ལྡན་པའི་ངང་གཞན་སྒྱུར་དང་ལེན་བཅས་བྱས་ནས། ཤར་ནུབ་ཕྱོགས་གཉིས་བར་ཕན་ཚུན་རོགས་རམ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ནས། ནུབ་རྒྱུད་ཀྱི་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་མཉམ་འཛུགས་དང་། ཨེ་ཤ་ཡ་ལྷོ་མར་ཕྱོགས་པའི་ཚོང་དོན་བགྲོད་ལམ་འཛུགས་པར་སྐུལ་འདེད་གཏོང་བ། རིམ་པ་མང་ཞིང་ཁྱབ་ཁོངས་མང་པོའི་ས་ཁོངས་དཔལ་འབྱོར་ཉོ་འཚོང་སྤེལ་རེས་དང་མ་དངུལ་འཇོག་པའི་མཉམ་ལས་བཅས་བྱས་ཏེ། རྒྱལ་སྤྱི་ལ་ཁ་ཕྱོགས་པ་དང་སྐམ་ས་དང་རྒྱལ་ཁབ་ཕྱི་ནང་འབྲེལ་མཐུད་བྱེད་པའི་སྒོ་འབྱེད་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་དགོས།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།