མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་ཧུར་ཐག་གཏོང་དགོས།
2023.03.31 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

—ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་རྒྱུས་དང་དུས་རབས་ཀྱི་མཐོ་ཚད་ནས། ཀྲུང་གོ་དང་འཛམ་གླིང་གི་ཐུན་མོང་ཁེ་ཕན་དང་མིའི་རིགས་ཡོངས་ཀྱི་མདུན་ལམ་དང་ལས་དབང་ལ་དམིགས་ཏེ། རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་གྱི་སྐྱོད་ལམ་གསར་པའི་སྟེང་།“ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས”ཞེས་ནན་གྱིས་གསུང།

ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་ལ་ཕན་པ་ཐོབ་པ་དང་། ཀྲུང་གོའི་འཕེལ་རྒྱས་འཛམ་གླིང་དང་ཁ་འབྲལ་ཐབས་མེད། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་ལྷག་ཙམ་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ང་ཚོས་དཔལ་འབྱོར་མགྱོགས་མྱུར་སྒོས་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་གི་ངོ་མཚར་ཆེན་པོ་གཉིས་བཏོད་དེ། རང་ངོས་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་ལ་གོ་སྐབས་སྔར་ལས་མང་བ་གཏོད་ཡོད། ལྷག་པར་དུ་དུས་རབས་གསར་པ་ནས་བཟུང་།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་མུ་མཐུད་དུ་ཆེ་རུ་བཏང་ནས། གོ་ལ་ཧྲིལ་པོར་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་རྒྱ་བཙུགས་ཏེ། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དང་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་དགའ་བསུ་ཐོབ་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་དང་རྒྱལ་སྤྱིའི་མཉམ་ལས་ལས་སྟེགས་ཤིག་ཏུ་གྱུར་ཡོད། རང་རྒྱལ་འདི་ཉིད་རྒྱལ་ཁབ་དང་ས་ཁུལ140ལྷག་ཙམ་གྱི་ཚོང་དོན་རོགས་ཟླ་གཙོ་བོར་གྱུར་པ་དང་། དངོས་ཟོག་ཉོ་ཚོང་གི་སྤྱི་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་ལ། ཕྱི་རྒྱལ་གྱི་མ་དངུལ་དང་ཕྱི་ཕྱོགས་སུ་མ་དངུལ་གཏོང་ཚད་འཛམ་གླིང་གི་མདུན་གྲལ་དུ་སླེབས་ནས་ཁྱབ་ཁོངས་སྔར་ལས་ཆེ་བ་དང་། ཁྱབ་ཁོངས་སྔར་ལས་ཡངས་པ། རིམ་པ་སྔར་ལས་ཟབ་པ་བཅས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་རྣམ་པ་ཞིག་ཆགས་ཡོད། ང་ཚོས་བློ་རྩ་བརྟན་པོས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པ་དང་། ཕྱོགས་མང་རིང་ལུགས་དངོས་གནས་དར་སྤེལ་གཏོང་བ། ཧུར་ཐག་གིས་འཛམ་གླིང་ཡོངས་ལ་ཁྱབ་པའི་རོགས་ཟླའི་འབྲེལ་བའི་དྲ་བ་བཙུགས་ནས། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་སྐུལ་འདེད་དང་། ཧུར་ཐག་གིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་པ། ཞི་བདེ་དང་འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་དེ་དུས་རབས་ཀྱི་འཕེལ་ཕྱོགས་དང་མིའི་རིགས་ཀྱི་མདུན་སྐྱོད་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་པའི་དར་ཆ་མངོན་གསལ་དུ་འགྱུར་བ། རང་རྒྱལ་གྱི་རྒྱལ་སྤྱིའི་སྟེང་གི་ཤུགས་རྐྱེན་ཐེབས་ཤུགས་དང་ཡིད་འགུག་ནུས་པ། གསར་གཏོད་ནུས་པ་བཅས་མངོན་གསལ་གྱིས་ཆེ་རུ་ཕྱིན་ཡོད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བའི་བརྗིད་ཉམས་ཆེ་བའི་འཆར་གཞི་བཀོད་ཅིང་།“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་རྒྱུ”དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱའི་གྲས་སུ་བཞག་སྟེ།“འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་བའི”བཀོད་སྒྲིག་གལ་ཆེན་བྱས་པ་རེད། དེང་སྐབས། འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་བ། ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་སྔར་བྱུང་མ་མྱོང་བའི་བྱེད་ཐབས་སྤྱད་ནས་སྤེལ་བཞིན་ཡོད། ཕྱོགས་གཅིག་ནས་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་ལོ་རྒྱུས་ཀྱི་རླབས་རྒྱུན་འགོག་ཐབས་མེད་པ་དང་། མི་སེམས་གཏད་ཕྱོགས་དང་དུས་ཀྱི་འཁོར་ཕྱོགས་ཀྱིས་མིའི་རིགས་ཀྱི་མདུན་ལམ་འོད་ཟེར་ལྡན་པ་ཞིག་གཏན་འཁེལ་བྱས་ཡོད། ཕྱོགས་གཞན་ཞིག་ནས། བཙན་པོའི་རྒྱབ་བརྟེན་དང་བཙན་འཕྲོག རྒྱལ་ཕམ་གྱི་འགྲན་རྩོད་སོགས་བཙན་དབང་དང་བཙན་པོའི་བྱ་སྤྱོད་ཀྱིས་གནོད་འཚེ་ཚབས་ཆེན་བཟོས་པ་དང་། ཞི་བདེའི་མཚལ་ཡིག་དང་འཕེལ་རྒྱས་ཀྱི་མཚལ་ཡིག བདེ་འཇགས་ཀྱི་མཚལ་ཡིག བཅོས་སྐྱོང་གི་མཚལ་ཡིག་བཅས་ཇེ་མང་དུ་སོང་བས། མིའི་རིགས་ཀྱི་སྤྱི་ཚོགས་ལ་སྔར་བྱུང་མ་མྱོང་བའི་འགྲན་སློང་དང་འཕྲད་ཡོད། འཛམ་གླིང་ནི་སླར་ཡང་ལོ་རྒྱུས་ཀྱི་བཞི་མདོ་རུ་འགྲེང་སྟེ། ག་འགྲོ་འདི་འགྲོ་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་གདམ་ག་བྱས་པར་རག་ལས་ཡོད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ནི་འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་མདུན་ལམ་ཞིག་ཡིན་པ་ངེས་པར་དུ་ངོས་འཛིན་ཟབ་མོ་བྱེད་དགོས། རྒྱལ་ཁབ་སོ་སོ་གནམ་འོག་གི་ལམ་ཆེན་ཐོག་བསྐྱོད་པ་དང་། འཆམ་མཐུན་མཉམ་གནས་དང་མཉམ་ལས་གཉིས་རྒྱལ་བྱུང་ན་དར་རྒྱས་གཞི་ནས་རྒྱུན་སྲིང་ཐུབ་པ་དང་བདེ་འཇགས་གཞི་ནས་འགན་སྲུང་བྱེད་ཐུབ། ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་དང་། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བའི་ཕྱི་འབྲེལ་སྲིད་ཇུས་ཀྱི་དམིགས་ཡུལ་རྒྱུན་འཁྱོངས་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་བར་ཤུགས་རྒྱག་པ། ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོ་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་བྱ་དགོས།

ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་ན་ཡར་ཐོན་ཡོང་བ་དང་ཕྱི་བཀག་ནང་སྡོམ་བྱས་ན་རྗེས་སུ་ལུས་སྲིད།  རང་རྒྱལ་གྱི་འཕེལ་རྒྱས་ཐད་ལེགས་ཆ་ཐོབ་པ་དང་རང་འགུལ་ཐོབ་པ། མ་འོངས་པ་ཐོབ་པ་བཅས་བྱེད་པར་ངེས་པར་དུ་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དང་བསྟུན་པ་དང་། རང་རྒྱལ་གྱི་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་རའི་ཁྱད་སྟོབས་ལ་བརྟེན་ནས་སྔར་ལས་དགེ་མཚན་ལྡན་པ་དང་རང་འགུལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱེད་དགོས། སྐྱོད་ལམ་གསར་པའི་སྟེང་། ང་ཚོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོར་བརྟེན་ནས་འཛམ་གླིང་ཡོངས་ཀྱི་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་འགུགས་པ། རྒྱལ་ནང་དང་རྒྱལ་སྤྱིའི་ཚོང་ར་གཉིས་དང་ཐོན་ཁུངས་གཉིས་ཀྱི་མཉམ་འགུལ་ཕན་འབྲས་ཆེ་རུ་གཏོང་བ། སྒྲིག་སྲོལ་དང་ལམ་སྲོལ། དོ་དམ། ཚད་གཞི་སོགས་ཀྱི་ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་པོའི་ངང་རྒྱ་ཆེར་གཏོང་བ་དང་། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་པ།“རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། གོ་ལ་ཧྲིལ་པོའི་ཁྲོམ་ར་དང་ཐོན་ཁུངས་ལ་བརྟེན་ནས་རང་ཉིད་འཕེལ་རྒྱས་གཏོང་ལ་འཛམ་གླིང་ཐུན་མོང་འཕེལ་རྒྱས་ལའང་སྐུལ་འདེད་བཏང་སྟེ། ཀྲུང་གོའི་འཕེལ་རྒྱས་གསར་པས་འཛམ་གླིང་ལ་གོ་སྐབས་གསར་པ་རྒྱུན་ཆད་མེད་པར་བསྐྲུན་དགོས།

མིའི་རིགས་ནི་བདེ་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་ཚོགས་པ་ཡིན་པས། ཐུན་མོང་གི་འགྲན་སློང་ལ་ཁ་ཕྱོགས་སྐབས། ཕྱར་བ་གྲུ་འདེགས་དང་མཉམ་འཚོ་མཉམ་གནས་ཞེས་པའི་མདུན་ལམ་འདི་ཡོད་ན། དཀའ་ཚེགས་དང་ཀྱག་ཀྱོག་གང་ཞིག་གིས་ཀྱང་ལོ་རྒྱུས་མདུན་དུ་སྐྱོད་པར་བཀག་འགོག་བྱེད་མི་ཐུབ། སྐྱོད་ལམ་གསར་པའི་སྟེང་། ང་ཚོས་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་འགྲེང་པ་དང་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ཡོང་བའི་ཕྱོགས་སུ་འགྲེང་པ། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་པ། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་ལག་ལེན་བྱེད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་འཛུགས་སྐྲུན་བྱེད་པའི་ཁྲོད་ཧུར་ཐག་གིས་ཞུགས་པ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་དང་། ཉོ་ཚོང་དང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་བྱེད་པ། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འགོ་དོན་འཁྱོལ་ཡོང་བར་སྐུལ་འདེད་བཅས་བྱས་ཏེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་བརྟན་བརླིང་རང་བཞིན་དང་དྲང་ནུས་སྔར་ལས་མང་བ་བསྣན་ནས། རང་རྒྱལ་འཕེལ་རྒྱས་ཡོང་བར་རྒྱལ་སྤྱིའི་ཁོར་ཡུག་བཟང་པོ་བསྐྲུན་དགོས།

ང་ཚོ་ནི་འགྲན་རྩོད་ཀྱིས་ཁེངས་པའི་དུས་རབས་ཤིག་དང་རེ་བས་ཁེངས་པའི་དུས་རབས་ཤིག་ཏུ་གནས་ཡོད།ང་ཚོས་ཞི་བདེའི་འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱས་པར་བརྟེན་ནས་རང་ཉིད་འཕེལ་རྒྱས་གཏོང་དགོས་ལ། རང་ཉིད་འཕེལ་རྒྱས་གཏོང་བར་བརྟེན་ནས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱས་ཏེ། འཛམ་གླིང་སྟེང་གི་ཡར་ཐོན་སྟོབས་ཤུགས་མཐའ་དག་དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་ན། མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ཡོང་བར་བློ་གྲོས་དང་སྟོབས་ཤུགས་རྒྱུན་མི་ཆད་པར་ཕུལ་ནས། འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་དང་མཉམ་དུ་ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་འབྱེད་ཁོང་ཡངས། དྭངས་གཙང་མཛེས་སྡུག་བཅས་ལྡན་པའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ཐུབ་ངེས་རེད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།