སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“རྒྱལ་ཁབ་འཐབ་ཇུས་ཀྱི་འཇོན་མའི་སྟོབས་ཤུགས་མགྱོགས་མྱུར་སྒོས་འཛུགས་དགོས”ཞེས་བསྟན་ཡོད། དེ་ནི་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་གི་ལོ་རྒྱུས་ཀྱི་ལས་འགན་ལ་རྐང་བཙུགས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་བྱས་ལ་དོན་སྙིང་གལ་ཆེན་ལྡན། དེ་ལ་གོ་བ་ཟབ་མོ་ལེན་པ་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས།
དང་པོ། རྒྱལ་ཁབ་འཐབ་ཇུས་ཀྱི་འཇོན་མའི་སྟོབས་ཤུགས་མགྱོགས་མྱུར་སྒོས་འཛུགས་རྒྱུ་ནི་མི་རིགས་དར་རྒྱས་ཡོང་བ་དང་རྒྱལ་སྤྱིའི་འགྲན་རྩོད་ཀྱི་རང་འགུལ་ཐོབ་པར་བྱེད་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གསར་སྐྲུན་ལ་བརྟེན་ནས་སྐུལ་འདེད་གཏོང་བའི་ངོ་བོ་ནི་འཇོན་མིར་སྐུལ་བ་ཡིན།” “འཇོན་མི་ནི་མི་རིགས་དར་རྒྱས་དང་རྒྱལ་སྤྱིའི་འགྲན་རྩོད་ཀྱི་རང་འགུལ་ཐོབ་པའི་འཐབ་ཇུས་ཐོན་ཁུངས་ཡིན”ཞེས་ནན་བཤད་གནང་ཡོད། འཇོན་མི་ནི་རྒྱལ་ཁབ་ཅིག་གི་ཕྱོགས་བསྡུས་རྒྱལ་སྟོབས་ལ་བསྡུར་ཞིབ་བྱེད་པའི་དམིགས་ཚད་གལ་ཆེན་ཞིག་ཡིན་པ་དང་། ཕྱོགས་བསྡུས་རྒྱལ་སྟོབས་ཀྱི་འགྲན་རྩོད་ནི་མཐར་གཏུག་ནས་བཤད་ན་འཇོན་མའི་འགྲན་རྩོད་རེད། ལོ་རྒྱུས་ལས་སུ་ལ་གསར་སྐྲུན་འཇོན་མི་རྩེ་གྲ་ཡོད་པ་དང་ཚན་རིག་པ་རྩེ་གྲ་ཡོད་ཚེ་རྒྱལ་སྤྱིའི་འགྲན་རྩོད་ཁྲོད་ཁྱད་སྟོབས་ལྡན་པ་ར་སྤྲོད་ཐུབ་ཡོད། འཐབ་ཇུས་ཀྱི་འཇོན་མི་ནི་རྒྱལ་སྤྱིའི་ཚན་རྩལ་མདུན་ཕྱོགས་སུ་ལངས་པ་དང་། ཚན་རྩལ་རང་བརྟེན་གསར་སྐྲུན་ལ་ཁྲིད་སྟོན་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་ལས་འགན་འཁུར་བ། རང་རྒྱལ་གྱི་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ལ་འདེགས་སྐྱོར་བྱེད་པ་བཅས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་རེད། དུས་རབས་གསར་པའི་ལོ་ངོ་བཅུ་ཡི་རིང་། རང་རྒྱལ་གྱི་འཇོན་མི་འཕེལ་རྒྱས་གཏོང་བའི་ཁོར་ཡུག་རྒྱུན་མི་ཆད་པར་ཇེ་ལེགས་སུ་བཏང་བ་དང་། འཇོན་མིའི་གསར་སྐྲུན་གསོན་ཤུགས་སྐུལ་སྤེལ་ནུས་ལྡན་བྱས་པ། གོ་ལ་ཧྲིལ་བོའི་མཐོང་རྒྱ་དང་རྒྱལ་སྤྱིའི་ཆུ་ཚད་ལྡན་པའི་འཐབ་ཇུས་ཀྱི་ཚན་རིག་པ་དང་། ཚན་རྩལ་སྣེ་ཁྲིད་འཇོན་མི། ན་གཞོན་ཚན་རྩལ་འཇོན་མི། རྩལ་ནུས་འཇོན་མི། ཆུ་ཚད་མཐོ་བའི་གསར་སྐྲུན་ཚོགས་པ་བཅས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་། ཁོང་ཚོས་གསར་སྐྲུན་བྱེད་ཕོད་པ་དང་ལེགས་སྐྱེས་འབུལ་འདོད་ཆེ་བ། ཚད་རྡུལ་ཆ་འཕྲིན་དང་ཕྲ་ཕུང་གཙོ་བོ། ཀླད་པའི་ཚན་རིག་སོགས་མདུན་ཕྱོགས་ཀྱི་ཁ་ཕྱོགས་ཐད་གསར་སྐྲུན་ཀྱི་གྲུབ་འབྲས་གལ་ཆེན་ཁག་གཅིག་ཐོབ་པ་དང་། མཚོ་གཏིང་དང་མཁའ་དབྱིངས། ས་སྟེང་། གནམ་སྔོན་པོ་སོགས་ཀྱི་ཁྱབ་ཁོངས་སུ་ཚན་རྩལ་གྱི་མཐོ་གནོན་བཙན་ས་ཧུར་ཐག་གིས་བཟུང་སྟེ། རང་རྒྱལ་གྱི་ཚན་རྩལ་ལས་དོན་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཐོག ང་ཚོས་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བརྗིད་ཆེའི་དམིགས་འབེན་མངོན་འགྱུར་བྱ་རྒྱུར་དེ་བས་ཉེ་བཅར་ཐུབ་པ་མ་ཟད། ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་འཇོན་མིར་སྔར་ལས་རེ་བ་ཆེན་པོ་བྱེད་ཀྱིན་ཡོད། རྒྱལ་ཁབ་འཕེལ་རྒྱས་གཏོང་བར་འཇོན་མིར་བརྟེན་དགོས་པ་དང་། མི་རིགས་དར་རྒྱས་གཏོང་བར་འཇོན་མིར་བརྟེན་དགོས། འཇོན་མི་ནི་ཐོན་ཁུངས་ཨང་དང་པོ་ཡིན་པ་རྒྱུན་འཁྱོངས་དང་། འཇོན་མིར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་ཡིན་པའི་འཐབ་ཇུས་ལག་བསྟར་ནན་མོ་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་འཇོན་མིའི་སྟོབས་ཤུགས་འཛུགས་སྐྲུན་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེན་དུ་བཟུང་ནས་དམ་འཛིན་བྱེད་པ་དང་། འཇོན་མིས་རང་བདག་གསོ་སྐྱོང་བྱེད་པའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། གསར་སྐྲུན་འཇོན་མི་རྩེར་སོན་སྐྱེད་སྲིང་བྱེད་པར་ཤུགས་སྣོན་པ། གནམ་འོག་གི་འཇོན་མི་ཕུལ་བྱུང་བསྡུ་རུབ་བྱས་ནས་བཀོལ་སྤྱོད་བྱེད་པ་བཅས་བྱས་ན། རང་རྒྱལ་འཇོན་མིའི་ཐོན་ཁུངས་འགྲན་རྩོད་ཀྱི་ཁྱད་སྟོབས་དང་རྒྱལ་སྤྱིའི་འགྲན་རྩོད་ཀྱི་རང་འགུལ་ལས་རྒྱལ་ཐུབ།
གཉིས་པ། རྒྱལ་ཁབ་ཀྱི་འཐབ་ཇུས་འཇོན་མའི་སྟོབས་ཤུགས་མགྱོགས་མྱུར་སྒོས་འཛུགས་རྒྱུ་ནི་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་མངོན་འགྱུར་བྱེད་པའི་དགོས་གལ་ཆེན་པོ་ཞིག་རེད། དེང་སྐབས་འཛམ་གླིང་སྟེང་ལོ་ངོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། ཚན་རྩལ་གསར་སྐྲུན་བྱ་རྒྱུ་དེ་རྒྱལ་སྤྱིའི་འཐབ་ཇུས་འགྲན་རྩོད་ཀྱི་གཡུལ་ས་གཙོ་བོར་གྱུར་པ་དང་། ཚན་རྩལ་གྱི་མཐོ་གནོན་བཙན་ས་འགྲན་རྩོད་བྱེད་པར་དམིགས་ནས་སྔར་ན་མེད་པའི་ཛ་དྲག་གི་གནས་སུ་གྱུར་ཡོད། ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་བྱེད་ཐེངས་གསར་པ་བྱ་འཕུར་བ་ལྟར་གོང་དུ་འཕེལ་བ་དང་། ཚན་རྩལ་གསར་སྐྲུན་བྱེད་རྒྱུ་མངོན་གསལ་གྱིས་ཆེ་རུ་འགྲོ་བ། ཚན་རྩལ་གསར་སྐྲུན་གཏིང་ཟབ་ཏུ་སྤེལ་བ། ཚན་རྩལ་གསར་སྐྲུན་གྱི་མྱུར་ཚད་མངོན་གསལ་སྒོས་ཇེ་མགྱོགས་སུ་འགྲོ་བ། ཚན་རྩལ་གསར་སྐྲུན་གྱི་ཞིབ་ཚད་ལ་ཤུགས་སྣོན་མངོན་གསལ་བྱེད་པ་བཅས་བྱ་དགོས། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་མངོན་འགྱུར་བྱ་རྒྱུ་ནི་རྒྱུད་རིམ་ལྡན་པའི་བཟོ་སྐྲུན་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་འཇོན་མིའི་སྟོབས་ཤུགས་ནི་མེད་དུ་མི་རུང་བའི་མ་ལག་གི་གྲུབ་ཆ་ཞིག་ཡིན་ལ། རང་བདག་གསར་སྐྲུན་གྱི་གནད་འགག་ཡིན་པས་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་རང་བཞིན་ལྡན། རྒྱལ་ཁབ་ཀྱི་འཐབ་ཇུས་འཇོན་མིའི་སྟོབས་ཤུགས་ནང“འགག་རྩའི་ཉུང་ཤས”དང་ཚན་རིག་གི་འཇོན་མི་མཁས་ཅན་དང་འཐབ་ཇུས་ཚན་རིག་པ་ཚུད་ཡོད་ལ། རྒྱལ་ཁབ་ཀྱི་ཚན་རྩལ་ལས་འགན་གལ་ཆེན་ཁྲོད་རྐང་འཛིན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་བཞིན་པའི་ཚན་རྩལ་སྣེ་ཁྲིད་འཇོན་མི་དང་གསར་སྐྲུན་དཔུང་ཁག་རྩེ་གྲ་ཚུད་ཡོད། དེའི་ནང་རྒྱལ་ཁབ་ཀྱི་གསར་སྐྲུན་གསོན་ཤུགས་གནས་ས་དང་ཚན་རྩལ་འཕེལ་རྒྱས་ཀྱི་རེ་བ་བྱ་ཡུལ་གྱི་ན་གཞོན་ཚན་རྩལ་ཤེས་ལྡན་པ་ཚུད་ཡོད་ཅིང་། ཚན་རྩལ་གསར་སྐྲུན་ཁྲོད་ཀྱི་རྙོག་འཛིང་ཆེ་བའི་བཟོ་སྐྲུན་ལག་རྩལ་གནད་དོན་ཐག་གཅོད་བྱ་རྒྱུ་དང་། ཁྱད་དུ་འཕགས་པའི་བཟོ་སྐྲུན་པ་དང་། རྒྱལ་ཁབ་ཆེན་པོའི་ལག་ཤེས་པ། རྩལ་ནུས་མཐོ་བའི་འཇོན་མི་བཅས་ཀྱིས་མཚོན་པའི་ཤེས་བྱའི་རྣམ་པ་དང་། ལག་རྩལ་རྣམ་པ། གསར་སྐྲུན་རྣམ་པའི་ངལ་རྩོལ་པའི་དཔུང་ཆེན་བཅས་ཚུད་ཡོད།
གསུམ་པ། རྒྱལ་ཁབ་ཀྱི་འཐབ་ཇུས་འཇོན་མིའི་སྟོབས་ཤུགས་མགྱོགས་མྱུར་སྒོས་འཛུགས་རྒྱུ་ནི་རང་རྒྱལ་གྱི་འཇོན་མིའི་དཔུང་ཁག་གྲུབ་ཚུལ་ལེགས་སྒྱུར་བྱ་རྒྱུའི་དགོས་གཏུག་ཆེ་བའི་དགོས་མཁོ་རེད། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་དང་བསྡུར་ན། རང་རྒྱལ་གྱི་འཇོན་མིའི་དཔུང་ཁག་གི་གྲུབ་ཚུལ་རང་བཞིན་གྱི་འགལ་བ་ད་དུང་ཅུང་འབུར་ཐོན་ཡིན་པ་དང་། འཐབ་ཇུས་ཀྱི་འཇོན་མི་སྔར་བཞིན་མི་འདང་བས། རྒྱལ་ཁབ་ཀྱི་ཚན་རྩལ་ལས་འགན་གལ་ཆེན་འཁུར་ཐུབ་པ་དང་། འགག་རྩའི་ལྟེ་བའི་ལག་རྩལ་ཐག་གཅོད་ཐུབ་པ། རྨང་གཞིའི་ཞིབ་འཇུག་བྱེད་པ་སོགས་ཐད་ཀྱི་འཐབ་ཇུས་འཇོན་མིའི་དཔུང་ཁག་སྟོབས་ཆེར་གཏོང་རྒྱུ་དགོས་གལ་ཆེན་པོ་ཡོད། མཁས་པ་དང་འཐབ་ཇུས་ཀྱི་ཚན་རིག་པ་གསོ་སྐྱོང་ཤུགས་ཆེན་བྱེད་པ་དང་། ལག་ལེན་གྱི་ཚད་གཞི་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་ཀྱི་ཚན་རྩལ་ལས་འགན་གལ་ཆེན་གྱི་སྣེ་ཁྲིད་མཁན་གྱི་ཁྲོད་དུ་གཏིང་ཟབ་པའི་ཚན་རིག་གི་བྱང་ཚད་ཡོད་པ་དང་། ཚན་ཞིབ་ཀྱི་ལས་ཡུལ་དང་པོར་ཡུན་རིང་འབད་འཐབ་བྱེད་པ། མཐོང་རྒྱ་ཆེ་བ། རྒྱང་ལྟའི་རང་བཞིན་གྱི་བརྡར་ཤ་གཅོད་ནུས་དང་རིག་གཞུང་ཚན་ཁག་ལས་བརྒལ་བའི་གོ་བ་ལེན་ནུས། དཔུང་ཚོགས་ཆེན་པོའི་དམག་འཐབ་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་ནུས་ཆེ་བ་བཅས་ཀྱི་ཚན་རིག་པ་ཤེས་རྟོགས་ཐུབ་པར་བྱ་དགོས། དེ་དང་ཆབས་ཅིག མིག་རྒྱང་རིང་བ་རྒྱུན་འཁྱོངས་བྱེད་པའི་འཐབ་ཇུས་ཚན་རིག་པའི་སྦས་ཤུགས་ཀྱི་ནུས་པ་ལྡན་པའི་རིམ་པ་མཐོ་བའི་འཇོན་མི་སྔར་ལས་མང་བ་ཤེས་རྟོགས་དང་གསོ་སྐྱོང་བྱས་ནས། འཐབ་ཇུས་ཚན་རིག་པའི་འཚར་ལོངས་ཀྱི་སྐས་རིམ་ལྟ་བུའི་ཤེས་ལྡན་པ་ཞིག་ཆགས་པར་བྱེད་དགོས། ཚན་རྩལ་སྣེ་ཁྲིད་འཇོན་མི་དང་གསར་སྐྲུན་དཔུང་ཁག་རྩེ་གྲ་འབོར་ཆེན་བཏོད་དེ་རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་དང་། རྒྱལ་ཁབ་ཀྱི་ཚན་ཞིབ་ལས་ཁུངས། ཆུ་ཚད་མཐོ་བའི་ཞིབ་འཇུག་རྣམ་པའི་སློབ་ཆེན། ཚན་རྩལ་སྣེ་ཁྲིད་ཁེ་ལས་བཅས་ཀྱི་རྒྱལ་ཁབ་རུ་ཁག་གི་ནུས་པ་འདོན་སྤེལ་བྱེད་པ་དང་། རྒྱལ་ཁབ་ཀྱི་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ཐོན་ལས་ལ་དམིགས་ཏེ་ཐོན་སློབ་ཞིབ་གསུམ་མཐུན་སྦྱོར་མཁྲེགས་གཏོར་སྒྲིག་འཛུགས་བྱེད་དགོས། སྣེ་ཁྲིད་འཇོན་མི་འཚོལ་རྙེད་ལམ་སྲོལ་དང་རྣམ་གྲངས་ཚོགས་པ་གདམ་གསེས་ལམ་སྲོལ་ལེགས་སྒྱུར་བྱས་ཏེ། སྣེ་ཁྲིད་འཇོན་མིའི་སྐས་རིམ་མ་ལག་ཆ་ཚང་དང་། ཚན་ཞིབ་ཆ་རྐྱེན་ཆ་ཚང་། དོ་དམ་ལམ་སྲོལ་ཆ་ཚང་བཅས་ཀྱི་དམིགས་བསལ་སྲིད་ཇུས་ལག་བསྟར་བྱེད་དགོས། གཞི་ཁྱོན་ཆེ་བའི་ན་གཞོན་ཚན་རྩལ་འཇོན་མིའི་དཔུང་ཁག་སྐྱེད་སྲིང་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་འཇོན་མིའི་སྟོབས་ཤུགས་སྐྱེད་སྲིང་བྱེད་པའི་སྲིད་ཇུས་ཀྱི་གཙོ་གནད་དེ་ན་གཞོན་ཚན་རྩལ་འཇོན་མིའི་སྟེང་དུ་འཇོག་དགོས་པ་དང་། ན་གཞོན་འཇོན་མིའི་འགན་གཙོ་བོ་འཁུར་བ་དང་མི་སྣ་གཙོ་བོ་བྱེད་པར་རྒྱབ་སྐྱོར་བྱ་དགོས། ཕུལ་དུ་བྱུང་བའི་བཟོ་སྐྲུན་པ་དང་། རྒྱལ་ཁབ་ཆེན་པོའི་ལག་ཤེས་པ། རྩལ་ནུས་ཆེ་བའི་འཇོན་མི་འབོར་ཆེན་གསོ་སྐྱོང་བྱས་ཏེ། ཧུར་ཐག་གིས་ཏང་ལ་དགའ་བ་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བ། ལས་བཀུར་ལེགས་སྐྱེས་འབུལ་བ། ལག་རྩལ་གསར་སྐྲུན་གྱི་ནུས་པ་མངོན་གསལ་ཡིན་པ། རྙོག་འཛིང་ཆེ་བའི་བཟོ་སྐྲུན་གནད་དོན་ཐག་གཅོད་བྱེད་མཁས་པ་བཅས་ཀྱི་འཇོན་མིའི་དཔུང་ཁག་འཛུགས་སྐྲུན་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱ་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།