སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“གྲོས་མོལ་དམངས་གཙོ་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བྱེད་པའི་རྣམ་པ་གལ་ཆེན་ཞིག་ཡིན། གྲོས་མོལ་དམངས་གཙོའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྲིད་ཏང་གི་གྲོས་མོལ་དང་དམངས་འཐུས་ཚོགས་ཆེན་གྱི་གྲོས་མོལ། སྲིད་གཞུང་གི་གྲོས་མོལ། སྲིད་གྲོས་ཀྱི་གྲོས་མོལ། མི་དམངས་ཚོགས་པའི་གྲོས་མོལ། གཞི་རིམ་གྱི་གྲོས་མོལ། དེ་མིན་སྤྱི་ཚོགས་རྩ་འཛུགས་ཀྱི་གྲོས་མོལ་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ལམ་ལུགས་ཅན་གྱི་གྲོས་མོལ་སྟེགས་བུ་སྣ་ཚོགས་འཐུས་ཚང་དུ་གཏོང་བ། གྲོས་མོལ་དམངས་གཙོ་རྒྱ་ཆེ་ཞིང་རིམ་པ་མང་ལ་ལམ་ལུགས་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས”ཞེས་བསྟན་ཡོད། འདིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་བར་ཕྱོགས་ཡོངས་ནས་གྲོས་མོལ་དམངས་གཙོ་འཕེལ་རྒྱས་སུ་གཏོང་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། དེ་ལ་གཤམ་གྱི་ཕྱོགས་འགའི་ཐད་ནས་གོ་བ་བླངས་ཆོག
གྲོས་མོལ་དམངས་གཙོའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ་ནི་གྲོས་མོལ་དམངས་གཙོ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན། གྲོས་མོལ་དམངས་གཙོ་ནི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྒྱལ་ཁབ་བཅོས་སྐྱོང་ནུས་ལྡན་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་ལེན་བྱེད་པའི་ལམ་ལུགས་ཀྱི་ཇུས་འགོད་གལ་ཆེན་ཞིག་ཡིན། འདེམས་བསྐོ་དམངས་གཙོ་དང་ཕན་ཚུན་ཁ་གསབ་དང་ཕན་ཚུན་བརྗེ་རེས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་ཆོས་དང་དགེ་མཚན་མཉམ་དུ་གྲུབ་པ་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་གྱི་ཉམས་མྱོང་དང་ཆོས་ཉིད་ཕྱོགས་སྡོམ་ཟབ་མོ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཕེལ་རྒྱས་གཏོང་བའི་ཐད་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་པ་དང་། གྲོས་མོལ་དམངས་གཙོ་རྒྱ་ཆེ་ཞིང་རིམ་པ་མང་ལ་ལམ་ལུགས་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་གྲོས་མོལ་དམངས་གཙོའི་མ་ལག་ཅིག་གྲུབ་པར་བྱས་ཡོད། དུས་རབས་གསར་པ་དང་སྐྱོད་ལམ་གསར་བར། ང་ཚོའི་ཏང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།གནས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ། གྲོས་མོལ་དམངས་གཙོའི་མ་ལག་འཐུས་ཚང་དུ་གཏོང་བ་དང་གྲོས་མོལ་དམངས་གཙོ་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཚེ། མི་དམངས་མང་ཚོགས་གོ་རིམ་ལྡན་པའི་ངང་ཆབ་སྲིད་ཁྲོད་ཟབ་ཞུགས་བྱེད་ཚད་ཆེ་རུ་གཏོང་བ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་དབང་ཆ་སྔར་ལས་ལེགས་པར་མངོན་འགྱུར་བྱེད་པར་ཕན་པ་དང་། ཚན་རིག་དང་མཐུན་ཞིང་དམངས་གཙོ་ཡིན་ལ་ཁྲིམས་ལྟར་ཇུས་ཐག་གཅོད་པར་སྐུལ་འདེད་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་ཕན་པ། འགལ་བ་དང་གདོང་གཏུག་ཐག་གཅོད་བྱེད་པ་དང་། སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ཡོང་བར་སྐུལ་འདེད་བྱེད་པར་ཕན་པ། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་སྲུང་འཛིན་དང་། ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དང་རྒྱ་སྐྱེད་པར་ཕན་པ། རང་རྒྱལ་གྱི་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་འདོན་སྤེལ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གྱི་རང་རྟོན་དང་རིགས་པའི་གཞུང་ལུགས་ཀྱི་རང་རྟོན། ལམ་ལུགས་ཀྱི་རང་རྟོན། རིག་གནས་ཀྱི་རང་རྟོན་བཅས་ཆེ་རུ་གཏོང་བར་ཕན་པ་ཡོད།
གྲོས་མོལ་དམངས་གཙོའི་མ་ལག་འཐུས་ཚང་དུ་གཏོང་བར། སྲིད་ཏང་གི་གྲོས་མོལ་དང་དམངས་འཐུས་ཚོགས་ཆེན་གྱི་གྲོས་མོལ། སྲིད་གཞུང་གི་གྲོས་མོལ། སྲིད་གྲོས་ཀྱི་གྲོས་མོལ། མི་དམངས་ཚོགས་པའི་གྲོས་མོལ། གཞི་རིམ་གྱི་གྲོས་མོལ་དང་དེ་མིན་སྤྱི་ཚོགས་རྩ་འཛུགས་ཀྱི་གྲོས་མོལ་བཅས་ལ་ངེས་པར་དུ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཀྲུང་གོ་གུང་ཁྲན་ཏང་དང་དམངས་གཙོའི་ཏང་ཁག་སོ་སོའི་བར་ཆབ་སྲིད་གྲོས་མོལ་བྱེད་པར་ཤུགས་སྣོན་བྱེད་དགོས། རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་གྱིས་ཇུས་ཐག་གལ་ཆེན་མ་བཅད་གོང་དགོས་མཁོར་གཞིགས་ནས་གྲོས་མོལ་གང་ལེགས་བྱས་ཏེ། སྔར་ལས་ལྷག་པར་དམངས་ཀྱི་བློ་གྲོས་གཅིག་སྡུད་དང་དམངས་ཀྱི་འདོད་བློར་ཉན་པ། མི་དམངས་ཀྱིས་མི་དམངས་འཐུས་མིའི་ཚོགས་ཆེན་བརྒྱུད་དེ་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པར་རྒྱབ་སྐྱོར་དང་འགན་ལེན་བྱེད་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་ཚན་རིག་དང་མཐུན་ཞིང་དམངས་གཙོ་ཡིན་པ་དང་ཁྲིམས་ལྟར་ཇུས་ཐག་གཅོད་པར་སྐུལ་འདེད་ནུས་ལྡན་བྱེད་པར་དམིགས་ནས་གྲོས་མོལ་ལ་ཤུགས་སྣོན་བྱེད་པ་དང་། ཇུས་ཐག་གཅོད་པའི་མངོན་གསལ་གྱི་ཚད་དང་སྤྱི་དམངས་ཟབ་ཞུགས་ཀྱི་ཚད་ཇེ་མཐོར་བཏང་སྟེ། སྲིད་གཞུང་གི་བཅོས་སྐྱོང་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། མི་དམངས་སྲིད་གྲོས་ཀྱིས་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་ལམ་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཐུན་མོང་གི་ངོས་འཛིན་ཡོངས་ཁྱབ་ཏུ་གཅིག་སྒྲིལ་བྱས་ནས། གྲོས་མོལ་དམངས་གཙོ་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས། མི་དམངས་ཚོགས་པས་གནས་བབ་གསར་པའི་འོག་གི་ཏང་གི་མང་ཚོགས་ལས་དོན་ཡག་པོར་བསྒྲུབ་པར་དམིགས་ནས་གྲོས་མོལ་བྱེད་པ་དང་། འབྲེལ་གཏུག་བྱ་ཡུལ་གྱི་མང་ཚོགས་སྤྱི་པའི་ལས་དོན་ཁྲོད་ཞུགས་པར་སྔར་ལས་ལེགས་པར་རྩ་འཛུགས་དང་ཚབ་མཚོན་བྱེད་པ། མང་ཚོགས་ཀྱི་འདོད་བློ་དང་ཁེ་ཕན་གྱི་རེ་ཞུ་ནུས་ལྡན་སྒོས་མཚོན་པ་བཅས་བྱས་ཏེ། ཏང་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་སྦྲེལ་ཟམ་དང་སྦྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་དགོས། གཞི་རིམ་གྱི་གྲོས་མོལ་དེ་དམངས་ལ་གྲོས་མོལ་དང་དམངས་ཀྱི་ཆེད་དུ་གྲོས་མོལ་བྱེད་པའི་བླང་བྱ་ལྟར། མཐུན་སྦྱོར་མཉམ་འགུལ་གྱི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། གྲོས་མོལ་བརྟན་བརླིང་ངང་སྤེལ་བ། མི་དམངས་མང་ཚོགས་ཀྱི་དཀའ་ངལ་དང་གནད་དོན་དངོས་ཐག་གཅོད་སྔར་ལས་ལེགས་པོ་བྱས་ཏེ། སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་རྩ་འཛུགས་ཀྱི་གྲོས་མོལ་འཚོལ་ཞིབ་བྱས་ནས་སྤེལ་ཏེ། སྤྱི་ཚོགས་ལ་ཞབས་འདེགས་སྔར་ལས་ལེགས་པོ་ཞུ་དགོས། གྲོས་མོལ་གྱི་ཐབས་ལམ་སྣ་ཚོགས་གཅིག་གྱུར་གྱིས་འཆར་འགོད་བྱེད་པར་དོ་སྣང་དང་རང་སོ་སོའི་དགེ་མཚན་འདོན་སྤེལ་བྱས་ཏེ། འབྲེལ་མཐུད་དང་གཞོགས་འདེགས་ལེགས་པོ་བྱེད་དགོས།
གྲོས་མོལ་དམངས་གཙོའི་མ་ལག་འཐུས་ཚང་དུ་གཏོང་བར་ལམ་ལུགས་ཅན་གྱི་གྲོས་མོལ་ལས་སྟེགས་སྣ་ཚོགས་སྔར་ལས་འཐུས་ཚང་དུ་གཏོང་དགོས། སྲིད་ཏང་གི་གྲོས་མོལ་ལ་ཤུགས་སྣོན་བྱེད་དགོས་ན། གྲོས་མོལ་གྱི་ཚོགས་འདུའི་རྣམ་པ་དང་ཁ་ཆད་གླེང་མོལ་གྱི་རྣམ་པ། ཡིག་ཐོག་གི་མཐུན་སྦྱོར་གྲོས་མོལ་གྱི་རྣམ་པ་བཅས་འཐུས་ཚང་དུ་གཏོང་བ་དང་། དམངས་གཙོའི་ཏང་ཁག་གིས་བཏོན་པའི་གྲོས་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། གྲོས་མོལ་གྱི་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། དམངས་འཐུས་ཚོགས་ཆེན་གྱི་གྲོས་མོལ་སྤེལ་བའི་གཙོ་གནད་ནི་ཁྲིམས་འཛུགས་ལས་དོན་ཁྲོད་ཀྱི་གྲོས་མོལ་གཏིང་ཟབ་ཏུ་སྤེལ་བ་དང་། གྲོས་མོལ་དམངས་གཙོའི་ཁྲོད་ཀྱི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གཞི་རིམ་དམངས་འཐུས་ཚོགས་ཆེན་གྱིས་གྲོས་མོལ་རྣམ་པ་འཚོལ་ཞིབ་དང་གྲོས་མོལ་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་བསྔགས་སྐུལ་བཅས་བྱེད་དགོས། སྲིད་གཞུང་གི་གྲོས་མོལ་ལ་སྐུལ་འདེད་གཏོང་བར་གྲོས་མོལ་དོན་ཚན་གྱི་དཀར་ཆག་འཚོལ་ཞིབ་དང་གཏན་འབེབས་བྱེད་པ་མ་ཟད་ཁྱབ་བསྒྲགས་བྱས་ཏེ། གྲོས་མོལ་གྱི་རྒྱ་ཁྱབ་རང་བཞིན་དང་དམིགས་སའི་རང་བཞིན་ཆེ་རུ་བཏང་ནས་གྲོས་མོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། སྲིད་གྲོས་ཀྱི་གྲོས་མོལ་འཐུས་ཚང་དུ་གཏོང་བར་གྲོས་མོལ་གྱི་ནང་དོན་གཙོ་བོ་ཁ་གསལ་བཟོ་བ་དང་། སྲིད་གྲོས་ཀྱི་གྲོས་ཚོགས་དང་གྲོས་མོལ་བྱེད་སྟངས་གཞན་དག་འཐུས་ཚང་དུ་གཏོང་བ། ཏང་ཨུ་དང་སྲིད་གཞུང་གི་ལས་དོན་དང་ཕན་ནུས་ལྡན་པའི་ངང་ནས་འབྲེལ་མཐུད་བྱེད་པར་ཤུགས་སྣོན་བྱེད་པ། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱེད་པ་བཅས་བྱེད་དགོས། མི་དམངས་ཚོགས་པའི་གྲོས་མོལ་ལེགས་པོ་བྱེད་པར་མི་དམངས་ཚོགས་པ་ཐབས་ལམ་སྣ་ཚོགས་ཀྱི་གྲོས་མོལ་ལ་ཞུགས་པའི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། གོ་རིམ་ལྡན་པའི་སྒོ་ནས་མང་ཚོགས་ཀྱིས་གྲོས་མོལ་བྱེད་པར་རྩ་འཛུགས་དང་ཁྲིད་སྟོན་བྱེད་དགོས། བྱ་བའི་དགོས་མཁོ་དངོས་ལ་གཞིགས་ཏེ་གཙོ་གནད་ཡོད་པའི་སྒོ་ནས་ཡུལ་ཚོ་དང་གྲོང་རྡལ(སྲང་ལམ)དང་། སྡེ་བ(སྡེ་ཁུལ)། ཁེ་ལས་དང་ལས་དོན་སྡེ་ཁག་སོགས་གཞི་རིམ་གྱི་གྲོས་མོལ་ལ་བརྟན་བརླིང་ངང་སྐུལ་འདེད་གཏོང་དགོས། ཏང་དང་སྲིད་གཞུང་གིས་འབྲེལ་ཡོད་སྤྱི་ཚོགས་རྩ་འཛུགས་དང་འབྲེལ་གཏུག་བྱེད་པའི་བྱ་བའི་རྐྱེན་སྲོལ་དང་མཐུན་སྦྱོར་ཐབས་ལམ་འཐུས་ཚང་དུ་བཏང་སྟེ། སྤྱི་ཚོགས་རྩ་འཛུགས་ཀྱིས་གོ་རིམ་ལྡན་པའི་ངང་གྲོས་མོལ་བྱེད་པར་ཁྲིད་སྟོན་བྱེད་དགོས།
དུས་རབས་གསར་པ་དང་སྐྱོད་ལམ་གསར་བར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་བཏོན་པའི་ཐབས་ཇུས་དང་བཀོད་སྒྲིག་ལྟར། གྲོས་མོལ་དམངས་གཙོའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། གྲོས་མོལ་དམངས་གཙོ་རྒྱ་ཆེ་ཞིང་རིམ་པ་མང་ལ་ལམ་ལུགས་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏིང་ཟབ་གཏོང་བ། གྲོས་མོལ་དམངས་གཙོའི་ཚན་རིག་རང་བཞིན་དང་དངོས་ཕན་རང་བཞིན་དངོས་གནས་ཆེ་རུ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་ཆེད་རྒྱུན་ཆད་མེད་པར་སྐྱེ་སྟོབས་གསར་བ་སྣོན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་སྔར་ལས་ཡོངས་ཁྱབ་ཏུ་གཅིག་སྒྲིལ་བྱེད་དགོས།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།