ཞིང་ལས་དང་ཞིང་སྡེ། ཞིང་བ་བཅས་ལ་ཞིང་ཕན་སྲིད་ཇུས་མང་པོ་ལག་བསྟར་བྱེད་པ་དང་། ཡུལ་སྲོལ་དཔལ་ཡོན་དང་ཐོན་ལས་དར་བ། འཚོ་བ་འབྱོར་ཕྱུག་ལྡན་པ། སྐྱོད་ལམ་གསར་བ་དང་རྣམ་པ་གསར་བ། གྲོང་གསེབ་དར་སྤེལ་གཏོང་བའི་ལས་དོན་སོགས་སྐད་གདངས་གསལ་ཞིང་རྣ་བར་སྙན་པའི་ཨ་རིག་གླུ་ཤགས་དེ་གནས་དེའི་རྩྭ་ཐང་གི་མཁའ་དབྱིངས་སུ་ཁྱབ་ཡོང་བས་མང་ཚོགས་ཀྱི་དགའ་བསུ་ཡང་ཡང་ཐོབ། ཉེ་ལམ། མདོ་ལ་རྫོང་ཨ་རིག་ཡུལ་ཚོའི་ཨ་རིག་གླུ་ཤགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་སྒོ་དེ་ཤུག་ལུང་རྟ་རྒྱུག་འགྲན་སྡུར་བྱེད་སར་སྤེལ།
ཁ་སང་སྐད་འཕྲིན་ཚོགས་པའི་ནང་ནས་ཧྲུའུ་ཅི་ལིས་ཧའེ་ལེན་གྱིས་དེ་རིང་ཨ་རིག་གླུ་ཤགས་ཀྱི་ལམ་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པ་དང་། དེའི་རིང་ད་དུང་རིག་རྩལ་རྟ་དམག་འཁྲབ་སྟོན་དང་རི་ཁུལ་རྟ་རྒྱུག་འགྲན་སྡུར་ཡང་ཡོད་ཟེར་བས་སྔ་མོ་ནས་གནས་འདིར་ཡོང་བ་ཡིན། ཁོ་ཚོས་ཏང་གི་སྲིད་ཇུས་བཟང་བོ་དང་གསུང་སྐད་སྙན་མོ་གླུ་ཚིག་ནང་བཞག་ནས་སྒྲོག་འགྲེལ་བྱས་པ་དང་། ས་གནས་རོང་འབྲོག་པའི་ངོས་ནས་བརྗོད་ན་དེ་ནི་མང་ཚོགས་ཀྱིས་གོ་སླ་ཞིང་འཛིན་བདེ་བའི་སྲིད་ཇུས་སྒྲོག་འགྲེལ་བྱེད་སྟངས་ཤིག་ཡིན་ལ། འདིའི་རིགས་ཧ་ཅང་ཡག་པོ་འདུག་པས་ང་ཧ་ཅང་དགའ་ཡོད་ཅེས་ཨ་རིག་ཡུལ་ཚོ་འགྲམ་ནག་སྡེ་བའི་ཏང་ཡོན་རྒན་པ་རིག་འཛིན་གྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དེ་ལྟར་བཤད།
ཨ་རིག་གླུ་ཤགས་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་མཚོན་བྱེད་གསར་བ་ཞིག་ཡིན་པའི་ཆ་ནས། ཏང་གི་གསུང་སྐད་སྙན་མོ་དང་། ཞིང་ཆེན་དང་ཁུལ། རྫོང་ཏང་ཨུའི་རོང་འབྲོག་ཁུལ་གྱི་བྱ་བའི་ཚོགས་འདུའི་དགོངས་དོན་དང་དེ་མིན་གྲོང་གསེབ་དར་སྤེལ། ཡ་རབས་སྲོལ་བཟང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཀྱི་ནང་དོན་དུས་ཐོག་ཏུ་གླུ་ཚིག་ཁྲོད་བཀོད་ནས་སྒྲོག་འགྲེལ་བྱེད་པ་དང་། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པ་དང་གོ་བདེ་ཤེས་སླའི་སྐད་ཆ། བབ་ཆགས་པའི་གནས་ལུགས་བཅས་ཀྱི་ཐོག་ནས་གླུ་ལེན་གར་རྩེད་རབ་དང་རིམ་པ་བྱས།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ། གྲོང་གསེབ་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད། ཞིང་བའི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་སྐྱེད། སྡོད་བདེ་ལས་འཚམ་དང་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་བཅས་བསྟན་ཡོད། འགྲམ་ནག་སྡེ་བའི་ཧྲུའུ་ཅི་དང་པོ་མཱ་ཁྲུན་ཆིང་གིས་ཡུལ་མི་ཚོར་ལྗང་མདོག་གསོ་སྤེལ་དང་རོང་འབྲོག་པའི་ལས་ཞུགས་འབབ་འཕར། བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་སོགས་ཀྱི་སྲིད་ཇུས་གཙོ་གནད་དུ་བཟུང་ནས་སྒྲོག་འགྲེལ་བྱས་ཤིང་། གཏམ་བཟང་དེ་དག་ཐོས་རྗེས་དེ་གར་ཡོད་པའི་མང་ཚོགས་ཀྱིས་དགའ་སྤྲོའི་ངང་ཐལ་མོ་རྡེབ་ནས་ང་ཚོས་ཕྱུག་འགྱུར་བྱས་ཏེ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུའི་ཡིད་ཆེས་སྔར་ལས་ཆེ་རུ་ཕྱིན་སོང་ཞེས་དེ་ལྟར་བཤད།
ཨ་རིག་གླུ་ཤགས་ཀྱི་རྒྱུད་འཛིན་པ་གུ་རུས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད་རྒྱུར། ཨ་རིག་གླུ་ཤགས་ནི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་དང་ཨ་རིག་མི་དམངས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན་པ་དང་། ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ལྡན་པ། བོད་རིགས་ས་ཁུལ་གྱི་རིག་གནས་སྒྱུ་རྩལ་གྱི་མཆོག་གྱུར་ནོར་བུ་ཞིག་ཡིན་པས་མ་འོངས་པར་ང་ཚོས་ཐོན་སྐྱེད་དང་འཚོ་བ་དམ་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག ཨ་རིག་གླུ་ཤགས་སྔར་ལས་དར་སྤེལ་དང་རྒྱུན་འཛིན་བྱས་ཏེ་ང་ཚོའི་མི་རིགས་རིག་གནས་དར་རྒྱས་གོང་འཕེལ་གཏོང་དགོས་ཟེར།
ཨ་རིག་གླུ་ཤགས་ལས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་བསྔགས་བརྗོད་བྱས་པའི་གླུ་སྐད་རེ་ཞིག་མཚམས་བཞག་པ་དང་ཆབས་ཅིག རིག་རྩལ་རྟ་དམག་གིས་འཁྱེར་ཡོང་བའི་ཞབས་བྲོ《ལོ་བརྒྱའི་མི་བརྒྱའི་ཕུགས་འདུན》དང《མཛེས་སྡུག་ལྡན་པའི་འཚོ་བ》སོགས་ཞབས་བྲོའི་ལམ་ནས་དུས་རབས་གསར་བའི་འཚོ་བ་འཁྲབ་སྟོན་བྱས། དུས་རབས་གསར་བའི་དཔའ་ངར་ཆེར་བསྐྱེད་ཀྱི་འགྱུར་ཁུག་རེ་རེར་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྤྲོ་སྣང་དང་དགའ་སྤྲོས་ཕྱུག་ཡོད་ལ། ཏང་ཀྲུང་དབྱང་གིས་ཞིང་ལས་ལ་མཐོང་ཆེན་དང་ཞིང་ལས་ལ་དགའ་ཞེན། ཞིང་ལས་དར་སྤེལ་གཏོང་བའི་བརྩེ་སེམས་དང་རེ་བ་བརྒྱུད་སྤྲོད་བྱས་ཡོད།
ཨ་རིག་ཡུལ་ཚོ་རུ་ཕྱོར་སྡེ་བའི་ལོ80ལ་སླེབས་པའི་སྡེ་མི་གཟུངས་བྷ་ནི་ཏང་ལོ50ཙམ་ལོན་པའི་ཏང་ཡོན་རྒན་པ་ཞིག་ཡིན་ཞིང་། ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་དང་གོ་བདེ་བའི་གླུ་ཤགས་ལ་བལྟས་རྗེས་ཁོས་ཏང་གི་སྲིད་ཇུས་སྔར་ལས་ཇེ་བཟང་ཇེ་ལེགས་ཡིན་པ་དང་ང་ཚོའི་འཚོ་བ་ཡང་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད། ང་ཚོ་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་བློ་ཡིད་ཚིམ་ཡོད་ཅེས་མྱོང་ཚོར་ཟབ་མོས་དེ་ལྟར་བཤད།
རྣམ་པ་གསར་རྐྱང་གི་རི་ཁུལ་རྟ་རྒྱུག་འགྲན་སྡུར་ལས་འགྲམ་ནག་སྡེ་བའི་ན་གཞོན་ཏང་ཡོན་བཀྲ་ཤིས་ལ་མྱོང་ཚོར་ཟབ་མོ་བྱུང་། ཁོས་ཨ་རིག་ཡུལ་ཚོ་དྲག་ཆས་པུའི་པུའུ་ཀྲང་ལིས་ཧའེ་ལེན་ལ་བྱེད་སྟངས་འདིའི་རིགས་ཡག་པོ་འདུག ང་ཚོས་ཀྱང་ཡུལ་སྐོར་བར་རྟར་ཞོན་ནས་ལྟ་སྐོར་བྱེད་དུ་བཅུག་ཆོག་ཅེས་བཤད།
ལིས་ཧའེ་ལེན་གྱིས་དགའ་སྤྲོའི་ངང་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་། གྲོང་གསེབ་ཀྱི་བཟའ་བཏུང་ཉོ་སྒྲུབ་དང་རིག་གནས་ལུས་རྩལ། ཡུལ་སྐོར་སྤྲོ་གསེང་། ཆ་འཕྲིན་མཚམས་སྦྱོར་སོགས་འཚོ་བའི་ཞབས་ཞུ་འཕེལ་རྒྱས་གཏོང་དགོས་པ་བསྟན་ཡོད། ན་གཞོན་ཚོའི་བསམ་ཚུལ་ནི་ལེགས་པོ་ཞིག་རེད། དེ་རིང་གི་རྟ་རྒྱུག་འགྲན་སྡུར་འདི་ཡང་ང་ཚོས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་ཐབས་ལམ་གསར་བ་འཚོལ་ཞིབ་བྱེད་པའི་ནང་དོན་ཞིག་ཡིན་ལ། རྟའི་ཁྱད་ཆོས་གཙོ་བོར་བཟུང་ནས་ས་གནས་སོ་སོའི་ས་བབ་ལེགས་ཆ་དང་ཁྱད་ཆོས་ཟུང་འབྲེལ་བྱས་ཏེ་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་རྒྱུ་ཡིན་ཟེར།
ལིས་ཧའེ་ལེན་གྱི་སྐད་ཆ་དེར་ཉན་རྗེས། བཀྲ་ཤིས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གྱུར། ཁོས་བཤད་རྒྱུར། ཏང་གི་སྲིད་ཇུས་བཟང་པོའི་རོགས་སྐྱོར་དང་དེ་མིན་རྫོང་དང་ཡུལ་ཚོ་ཡིས་ང་ཚོར་བསམ་ཕྱོགས་བཏོད་དེ་ན་གཞོན་ཏང་ཡོན་ཞིག་ཡིན་པའི་ངོས་ནས་ངས་གྲོང་གསེབ་དར་སྤེལ་དང་ཐོན་ལས་འཕེལ་རྒྱས་སོགས་གཙོ་གནད་བྱ་བའི་ཐད་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ཕྱི་ལ་སློབ་སྦྱོང་བྱེད་པར་མང་ཙམ་བསྐྱོད་དེ་ཚང་མ་དང་མཉམ་དུ་འབད་བརྩོན་བྱས་ནས་ང་ཚོ་རྩྭ་ཐང་གི་སྡེ་བ་ཕྱུག་འགྱུར་ཡོང་བ་དང་སྟོབས་ཆེར་བཏང་སྟེ། ཡུལ་མི་ཚོའི་ཡོང་འབབ་ཇེ་མང་དུ་གཏོང་རྒྱུ་ཡིན་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་བའི་ཚུན་ལ། ཨ་རིག་ཡུལ་ཚོས་སྒྲོག་འགྲེལ་ཚན་ཆུང་གསུམ་དང་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གཅིག་བཙུགས་ཏེ། གཅིག་སྡུད་དང་ཁྱིམ་ཚང་དུ་བསྐྱོད་པ་དང་། རིག་རྩལ་དང་བཞུགས་མོལ་སོགས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་སྒྲོག་འགྲེལ་བྱས་པ་དང་། དུས་མཚུངས་སུ་དམངས་ཀྱི་གནས་ཚུལ་འདྲི་རྩད་དང་དམངས་ཀྱི་བསམ་འཆར་ལ་ཉན་པ། དམངས་ཀྱི་དཀའ་ངལ་སེལ་བ། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་ཀྱི་བྱ་བ་སྣ་ཚོགས་གཏིང་ཟབ་ཏུ་སྤེལ། མིག་སྔའི་བར་སྒྲོག་འགྲེལ་བྱེད་སྒོ་ཐེངས40ལྷག་སྤེལ་བ་དང་། མང་ཚོགས2000ལྷག་ལ་ཁྱབ་པ། འགལ་བ་དང་རྩོད་གཞི2གྲལ་བཤེར་འདུམ་འགྲིག་བྱས་ཤིང་། དོན་དངོས་སྒྲུབ་པ་དང་དཀའ་གནད50སེལ་ཡོད་པ་རེད།
རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།