དྲི་བ་ང་ལྔ་བ། ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་སྐུལ་སློང་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་བྱ་བ་བསྒྲུབ་པར་གོ་བ་ཇི་ལྟར་ལེན་དགོས་སམ།
2023.04.06 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 27

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“མི་སེམས་ནི་ཆབ་སྲིད་ཆེ་ཤོས་ཡིན་པ་དང་། འཐབ་ཕྱོགས་གཅིག་གྱུར་ནི་མི་སེམས་གོང་བུར་འགྲིལ་བ་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པའི་ནོར་བུ་རིན་ཆེན་ཞིག་ཡིན། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་བྱ་བའི་རྣམ་པ་འཐུས་ཚང་དུ་གཏོང་བ་དང་། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས་བྱེད་པ། ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་སྐུལ་སློང་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་བྱ་བ་བསྒྲུབ་དགོས”ཞེས་བསྟན་ཡོད། འདི་ནི་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བར་བཏོན་པའི་ཆོད་གཏམ་གསར་པ་དང་བླང་བྱ་གསར་པ་རེད། དེར་བརྟེན་དེ་ལ་གཤམ་གྱི་ཕྱོགས་འགའི་ཐད་ནས་གོ་བ་བླངས་ཆོག

ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཉེ་རབས་ནས་བཟུང་ཆེས་རླབས་ཆེན་གྱི་ཕུགས་འདུན་ཞིག་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱི་ཐུན་མོང་གི་ཕུགས་འདུན་ཞིག་རེད། ཀྲུང་ཧྭ་མི་རིགས་ནི་འཛམ་གླིང་གི་མི་རིགས་རླབས་ཆེན་ཞིག་ཡིན་ཞིང་།  ལོ་ངོ་5000ལྷག་གི་ཡུན་རིང་བའི་དཔལ་ཡོན་ལོ་རྒྱུས་ལྡན་པ་དང་། མིའི་རིགས་ཀྱི་ཤེས་རིག་ཡར་ཐོན་ཡོང་བའི་ཐད་བསུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད། 1840ལོའི་ཉལ་ཐའི་དམག་འཁྲུག་གི་རྗེས་སུ། ཀྲུང་གོ་རིམ་བཞིན་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་སུ་གྱུར་ཅིང་། རྒྱལ་ཁབ་ལ་བརྙས་བཅོས་དང་མི་དམངས་ལ་སྡུག་བསྔལ་སྐྱེད་པ། དཔལ་ཡོན་ལ་ཐལ་རྡུལ་བསླངས་པ་བཅས་ཀྱིས་ཀྲུང་ཧྭ་མི་རིགས་ལ་སྔར་བྱུང་མ་མྱོང་པའི་གོད་ཆག་ཚབས་ཆེན་བྱུང་བ་རེད། དུས་དེ་ནས་བཟུང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ཆེས་རླབས་ཆེན་གྱི་ཕུགས་འདུན་ཞིག་ཏུ་གྱུར་ཡོད།  ཕུགས་འདུན་འདིར་མི་རབས་འགའི་ཀྲུང་གོ་བའི་བསམ་འདུན་འདུས་ཡོད་པ་དང་། ཀྲུང་ཧྭ་མི་རིགས་དང་ཀྲུང་གོའི་མི་དམངས་ཀྱི་སྤྱིའི་ཁེ་ཕན་མཚོན་ཡོད་པས། དེ་ནི་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱི་ཐུན་མོང་གི་རེ་འདུན་ཡིན།

རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོའི་མཐུན་སྒྲིལ་འབད་འཐབ་ལ་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་བརྗིད་ཆེའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་རྒྱུ་དེ་ནི་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་རྩ་བའི་ལས་འགན་ཞིག་ཡིན། འཐབ་ཕྱོགས་གཅིག་གྱུར་ནི་ཏང་གིས་དགྲ་འདུལ་གཡུལ་རྒྱལ་དང་སྲིད་སྐྱོང་རྒྱལ་དར་གྱི་ཐབས་མཆོག་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ལ་མཐུན་སྒྲིལ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན། ལོ་100ལྷག་ཙམ་གྱི་རིང་དུ། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཕྱོགས་གཅིག་གྱུར་གོ་གནས་གལ་ཆེན་སྟེང་བཞག་ནས་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་རྒྱུན་འཁྱོངས་བྱས་ནས།  གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་རླབས་ཆེན་རྒྱལ་ཁ་ཡང་ཡང་ཐོབ་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་འཐབ་ཕྱོགས་གཅིག་གྱུར་བྱ་བར་མཐོང་ཆེན་བྱས་ཏེ།  སྔ་རྗེས་སུ་ཚོགས་འདུ་གལ་ཆེན་རབ་དང་རིམ་པ་བསྡུས་པ་དང་། འབྲེལ་ཡོད་ཁྲིམས་སྲོལ་ཡིག་ཆ་གལ་ཆེན་བཏོན་ནས།  འཐབ་ཕྱོགས་གཅིག་གྱུར་བྱ་བར་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པར་གནང་བ་དང་། འཐབ་ཕྱོགས་གཅིག་གྱུར་བྱ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་བ་བཅས་བྱས་པས་འཐབ་ཕྱོགས་གཅིག་གྱུར་ལ་མཐུན་སྒྲིལ་དང་ཧུར་བརྩོན། གསར་གཏོད། གསོན་ཉམས་ལྡན་པ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་མངོན་འགྱུར་བྱེད་པར་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་དེ་བས་ཉེ་བ་དང་། དེ་བས་ཡིད་ཆེས་དང་ནུས་པ་ལྡན། དམིགས་འབེན་དང་བར་ཐག་ཇི་ཙམ་ཉེ་ན་གནས་བབ་དེ་ལས་རྙོག་འཛིང་ཆེ་ཞིང་ལས་འགན་དེ་ལས་དཀའ་ཚེགས་ཆེ་བས། སྔར་ལས་རྒྱ་ཁྱབ་ཏུ་སེམས་ཤུགས་གཅིག་སྒྲིལ་བྱ་དགོས་པ་དང་ཕྱོགས་གང་ཅིའི་ཐད་ནས་སྔར་ལས་ཕྱར་བ་གྲུ་འདེགས་བྱ་དགོས། འདིས་ང་ཚོར་ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་དང་། རིགས་སོ་སོའི་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་དང་རྒྱལ་ཡོངས་མི་དམངས་ཀྱི་མཐུན་སྒྲིལ། ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱི་མཐུན་སྒྲིལ་ཆེན་པོ་བཅས་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱི་བློ་ཁ་ཕྱོགས་གཅིག་ཏུ་ཕྱོགས་པ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་འདོན་པ། མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་བཅས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་སྔར་ལས་ལྷག་པར་ཆགས་པར་བྱ་དགོས་པའི་བླང་བྱ་བཏོན་ཡོད།

ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་སྐུལ་སློང་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་བྱ་བ་བསྒྲུབ་ནས།  ངེས་པར་དུ་ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས། ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཏང་ལམ་ལུགས་གསར་པའི་ལེགས་ཆ་འདོན་སྤེལ་བྱེད་པ། ཡུན་རིང་མཉམ་གནས་དང་ཕན་ཚུན་ལྟ་སྐུལ། གཅིག་སེམས་གཅིག་གཏད། ཁྲེལ་གྲགས་མཉམ་འཁུར་བཅས་རྒྱུན་འཁྱོངས་བྱེད་པ། དམངས་གཙོའི་ཏང་ཁག་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་དང་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་གཙོའི་ཏང་ཁག་གིས་རང་ངོས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགན་ནུས་སྔར་ལས་ལེགས་པོར་བསྒྲུབ་པར་རྒྱབ་སྐྱོར་བྱ་དགོས།

ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་བཟུང་སྟེ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་བུའི་སྟེང་བསྐྱོད་དེ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཏང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཧུར་ཐག་གིས་ཁྲིད་སྟོན་བྱེད་དགོས། ཏང་ཕྱིའི་ཤེས་ཡོན་ཅན་གྱི་བསམ་བློ་དང་ཆབ་སྲིད་ཀྱི་བྱ་བར་ཤུགས་སྣོན་བྱེད་པ་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་བྱ་བ་ལེགས་པོར་བསྒྲུབ་པ། མཉམ་དུ་འབད་འཐབ་བྱེད་པའི་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས། སྲིད་ཚོང་གི་འབྲེལ་བ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་ཏེ།  སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་གཏོང་དགོས།  ཕྱི་རྒྱལ་གྱི་རྒྱལ་གཅེས་སྟོབས་ཤུགས་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས་ཀྲུང་གོར་ཤེས་རྟོགས་དང་མཛའ་གྲོགས་ཀྱི་སྟོབས་ཤུགས་གསོ་སྐྱོང་བྱས་ཏེ། ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་དཔལ་ཡོན་ཕན་ཚུན་བརྗེ་རེས་དང་སློབ་སྦྱོང་ལ་སྐུལ་འདེད་གཏོང་དགོས། དྲ་རྒྱའི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ཡག་པོར་བསྒྲུབ་ནས་དྲ་རྒྱའི་མང་ཚོགས་ལམ་ཕྱོགས་སུ་ལེགས་པོར་བསྐྱོད་དགོས།

མདོར་ན། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བར་ལ་སྐུལ་འདེད་གཏོང་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་།   ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱེད་པ། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ། དཀྱིལ་སྙིང་ལ་དམིགས་པ་དང་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་པ།  དུས་བསྟུན་མདུན་སྐྱོད་དང་དྲང་སྲུང་གསར་གཏོད། བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།   མི་སེམས་གོང་བུར་འགྲིལ་བ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་ཆབ་སྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། སྲིད་ཏང་བར་གྱི་འབྲེལ་བ་དང་མི་རིགས་བར་གྱི་འབྲེལ་བ། ཆོས་ལུགས་བར་གྱི་འབྲེལ་བ། རིམ་གྲས་བར་གྱི་འབྲེལ་བ། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླའི་བར་གྱི་འབྲེལ་བ་བཅས་འཆམ་མཐུན་ཡོང་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་འདེད་བཅས་བྱས་ཏེ།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་པར་རྔམ་བརྗིད་ལྡན་པའི་རླབས་ཆེན་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས།

                                                                                      ཡིག་སྒྱུར་བ། གཡང་འབུམ་རྒྱལ།