བརྗོད་དོན་སློབ་གསོའི་ཁྲོད་དུ་བསམ་བློའི་སྟོབས་ཤུགས་ཚོར་ཞིང་འབད་འབུངས་དངོས་སྒྲུབ་ཁྲོད་དུ་བདེན་དོན་གྱི་སྟོབས་ཤུགས་བསྡུ་ལེན་བྱེད་དགོས།
2023.04.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 25

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་སློབ་གསོའི་བྱ་བའི་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་དུ་ཚུར་སྣང་དྲག་པོ་བྱུང་།

ཉེ་ལམ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱ་བའི་ཚོགས་འདུ་པེ་ཅིན་དུ་འཚོགས་ཤིང་།   ཚོགས་འདུའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བར་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་དུ་ཚུར་སྣང་དྲག་པོ་བྱུང་།  ཚང་མས་རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྟོབས་གཅིག་སྒྲིལ་བྱེད་པ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། བློ་སྟོབས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བརྗིད་ཆེའི་དམིགས་འབེན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས་ཞེས་བསྟན།

སློབ་སྦྱོང་དང་དོན་འཁྱོལ་མཐར་ཕྱིན་བྱེད་པར་སྐུལ་འདེད་གཏོང་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།  རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཙོར་བཟུང་སྟེ།  ཏང་ཡོངས་སུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ཏང་ཡོངས་ཀྱི་བསམ་བློ་གཅིག་གྱུར་དང་ཏང་ནང་དུ་གནས་པའི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པ། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཛིན་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན།

“ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་གཏན་ལ་ཕབ་པའི་འཐབ་ཇུས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་དགོས་ན།  རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ལྷག་པར་དུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་སྔར་ལས་གཏིང་ཟབ་བྱེད་རྒྱུ་དེ་དགོས་གལ་ཤིན་ཏུ་ཆེ།” ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཀྲིག་ཞའེ་ཝུའུ་ཡིས་སློབ་སྦྱོང་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་སློབ་སྦྱོང་དང་ལག་བསྟར་བྱེད་པར་སློབ་གསོའི་ཁྲིད་སྟོན་བྱས་ཏེ། དེའི་ཁྲོད་དུ་འདུས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། རང་རྟོགས་སྒོས་རང་ཉིད་ཀྱི་བསམ་བློ་དེའི་ནང་དུ་འདྲེས་པ་དང་འགན་འཁྲི་དེའི་ཁྲོད་དུ་འདྲེས་པ། ལས་དོན་དེའི་ནང་དུ་འདྲེས་པར་བྱས་ཏེ། ཤེས་སྤྱོད་ཟུང་འབྲེལ་གྱི་རང་རྟོགས་ལ་ཤུགས་སྣོན་བྱས་ནས།  མཐུན་སྒྲིལ་འབད་འཐབ་ཀྱི་སྒུལ་ཤུགས་བསྡུ་ལེན་བྱེད་པ། ཏང་གཤིས་བློ་སྦྱོང་མཐོར་འདེགས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་འདོད་བློ་གཅིག་གྱུར། འགུལ་སྐྱོད་གཅིག་གྱུར་བྱས་ནས། སྐྱོད་ལམ་གསར་བར་ལེགས་པར་བསྐྱོད་དེ་རླབས་ཆེན་གྱི་གྲུབ་འབྲས་གསར་སྐྲུན་བྱེད་དགོས་ཟེར།

ཞིང་ཆེན་ཞིབ་དཔྱོད་ཁང་ཏང་ཙུའུ་ཡི་ཁོངས་མིའམ་ཆབ་སྲིད་པུའུ་ཡི་ཀྲུའུ་རིན་ཆིག་ཝུན་ལིས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དུས་རབས་གསར་པའི་རླབས་ཆེན་འཕོ་འགྱུར་གྱིས་ར་སྤྲོད་བྱས་པའི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཤིག་ཡིན་པ་དང་།  ཏང་དང་མི་དམངས་འབད་འབུངས་ཡར་བརྩོན་གྱིས་སྐྱོད་ལམ་གསར་བར་སྐྱོད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཀྱང་ཡིན།ང་ཚོས་“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་རང་རྟོགས་ཀྱིས་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས།  དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཕུགས་བསམ་ཇེ་བརྟན་དུ་གཏོང་བ་དང་ཏང་གཤིས་སྦྱོང་བརྡར་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱས་ཏེ།  ནུས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་བྱ་བ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་ལེའུ་འབྲི་བར་སྔར་ལས་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་བརྗོད་དོན་སློབ་གསོ་སྤེལ་བར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད།” མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ལེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དངོས་སུ་ཕེབས་ནས་གཟིགས་ཞིབ་མཛུབ་སྟོན་དང་། ལྷག་པར་དུ་དམིགས་བསལ་ཀྱིས་ཐུགས་ཁུར་བྱ་ཡུལ་ཡིན་པའི་ངོས་ནས་ཧུའུ་ཀྲུའུ་རྫོང་གིས་ངེས་པར་དུ“བསམ་བློའི་སློབ་སྦྱོང་དང་ཏང་གཤིས་ཤུགས་ཆེར་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་ཐད་མིག་དཔེ་སྟོན་དགོས་པ་དང་། བརྗོད་དོན་སློབ་གསོ་ཡག་པོར་སྤེལ་རྒྱུ་དང་བྱ་བ་གཙོ་བོ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐད་འབད་བརྩོན་བྱས་ཏེ།  རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕན་འབྲས་གསར་པར་བརྟེན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་བྱེད་པའི་གྲུབ་འབྲས་གསར་པ་མངོན་པར་བྱེད་དགོས་ཟེར།

སློབ་སྦྱོང་དང་བསམ་གཞིགས་རྒྱུན་མཐུད་དང་ཤེས་རྟོགས་དང་ཡིད་རྟོན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  ཐེངས་འདིའི་བརྗོད་དོན་སློབ་གསོའི་ཐད“བསམ་བློའི་སློབ་སྦྱོང་དང་ཏང་གཤིས་ཤུགས་ཆེར་གཏོང་བ། ལག་ལེན་ལ་མཐོང་ཆེན་དང་བྱས་རྗེས་གསར་པ་འཇོག་པའི”སྤྱིའི་བླང་བྱ་ཡང་དག་པར་ཁོང་དུ་ཆུད་པར་བྱེད་དགོས།  ཐེངས་འདིར་བརྗོད་དོན་སློབ་གསོ་སྤེལ་བའི་རྩ་བའི་ལས་འགན་ནི་སློབ་སྦྱོང་དང་བསམ་གཞིགས་རྒྱུན་མཐུད་དང་ཤེས་རྟོགས་དང་ཡིད་རྟོན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ།  དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་ཕུགས་བསམ་བརྟན་པོ་དང་ཏང་གཤིས་སྦྱོང་བརྡར། ལག་ལེན་ལ་ཁྲིད་སྟོན་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོར་བསྒྱུར་ནས། ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་གཅིག་གྱུར་གྱི་བསམ་བློ་དང་བློ་རྩ་བརྟན་པོ། མཐུན་སྦྱོར་གྱི་བྱ་སྤྱོད། འཐབ་ནུས་ཆེན་པོ་བཅས་རྒྱུན་འཁྱོངས་བྱས་ཏེ་འབད་བརྩོན་ཆེན་པོས་སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་བསྐྲུན་པ་དང་སློབ་སྦྱོང་ལ་བརྟེན་ནས་བློ་རིག་འཕེལ་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་བཟང་དར་སྤེལ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དངོས་གནས་གྲུབ་འབྲས་ཐོབ་པར་བྱེད་དགོས།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་ལས་ཁུངས་ཏང་ཨུའི་ལས་བྱེད་པ་ལུའུ་ཧྥུན་ཐའོ་ཡིས་བཤད་རྒྱུར། དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱི་ན་གཞོན་ཏང་དོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས།  ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ནས་སློབ་སྦྱོང་དང་བསམ་གཞིགས་རྒྱུན་མཐུད་དང་ཤེས་རྟོགས་དང་ཡིད་རྟོན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ནས། སློབ་སྦྱོང་གི་ཁྲོད་དུ་བྱ་བ་བསྒྲུབ་པ་དང་བྱ་བ་བསྒྲུབ་པའི་ཁྲོད་དུ་སློབ་སྦྱོང་བྱས་ནས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྟོབས་གཅིག་སྒྲིལ་དང་ཏང་གཤིས་སྦྱོང་བརྡར། ལག་ལེན་ལ་མཛུབ་སྟོན་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ལས་འགན་གཙོ་བོར་དམ་པོར་དམིགས་ནས་དམངས་འཐུས་ཚོགས་ཆེན་གྱི་བྱ་བ་སྒྲུབ་པ་དང་། ཏང་ཡོན་ལས་བྱེད་པར་སློབ་གསོ་གཏོང་བ་དང་དོ་དམ་བྱེད་པ།  ལྟ་སྐུལ་དང་ཞབས་ཞུ་སོགས་བྱ་བ་སོ་སོའི་ཁྲོད་དུ་ཏང་གི་བྱ་བ་སྒྲུབ་མཁན་གྱི་རང་སྟོབས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་ནུས་པ་ཆེ་རུ་གཏོང་བ་དང་སྔོན་ཐོན་དང་ཕུལ་བྱུང་ཧུར་ཐག་གིས་བརྩོན་ལེན་བྱས་ཏེ། བརྗོད་དོན་སློབ་གསོ་སྤེལ་ཚད་ཇེ་མགྱོགས་སུ་འགྲོ་བར་སྐུལ་འདེད་བྱེད་པར་རོགས་རམ་བྱེད་དགོས་ཟེར།

“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཅིག་རེད།” མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཀྲ་ཤིས་རབ་བརྟན་གྱིས་“ང་ཚོས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྟོབས་གཅིག་སྒྲིལ་གྱིས་ཚན་རིག་དང་མཐུན་པའི་ཇུས་འགོད་དང་རྩ་འཛུགས་ཞིབ་ཚགས་བྱས་ཏེ། ཀོས་ནན་རྫོང་གི་ཏང་གཤིས་སློབ་གསོའི་རྟེན་གཞི་བེད་སྤྱོད་གང་ལེགས་བྱས་ཏེ་སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་བྱེད་པ་དང་།  གྲོང་གསེབ་ཀྱི་བཅོས་སྐྱོང་མ་ལག་དང་གྲངས་གཞིའི་གྲོང་གསེབ་འཛུགས་སྐྲུན་སོགས་བཅོས་སྒྱུར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། རང་འགན་གཙང་སྒྲུབ་བྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་དམངས་ཕན་བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབ་སྟེ། བརྗོད་དོན་སློབ་གསོར་ཕན་འབྲས་དངོས་ཐོབ་པར་ཁག་ཐེག་བྱེད་དགོས་ཟེར།

ཀྲུང་གོ་ལྕགས་ལམ་ཅུའུ་བཅོ་བརྒྱད་པའི་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཟི་ལིང་ནས་ཁྲིན་ཏུའུ་ལྕགས་ལམ་ལས་གཞི་པུའུ་ཡན་ལག་པུའུ་དང་པོའི་ཏང་ཀྲི་པུའུ་ཨུ་ཡོན་ཡང་ཅོན་གྱིས་བཤད་རྒྱུར།  ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཕུགས་བསམ་ཇེ་བརྟན་དུ་གཏོང་བ་དང་ཏང་གཤིས་སྦྱོང་བརྡར་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་ནས། སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་བསྐྲུན་པ་དང་སློབ་སྦྱོང་ལ་བརྟེན་ནས་བློ་རིག་འཕེལ་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་བཟང་དར་སྤེལ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དངོས་གནས་གྲུབ་འབྲས་ཐོབ་པར་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་རྒྱུན་ཆད་མེད་པར་ཁྲིད་སྟོན་བྱེད་དགོས་ཟེར།

ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་བྱ་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་འདིའི་བརྗོད་དོན་སློབ་གསོའི་དུས་མཚམས་དང་ལྷུ་ཚིགས་དབྱེ་བ་མེད་པར་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ཞིབ་བཤེར་དང་དག་ཐེར་ལ་ལྟ་བ་བཅས་སྦྲེལ་མཐུད་བྱས་ནས་མཉམ་འདྲེས་ནུས་ལྡན་དང་གཞི་གཅིག་ཅན་དུ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

“ང་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་མ་ལག་དང་དོན་སྙིང་། ལག་ལེན་བླང་བྱ་བཅས་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་ལེན་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱད་དེ་གནས་ཚུལ་གསར་པར་ཞིབ་འཇུག་བྱེད་པ། གནད་དོན་གསར་པ་ཐག་གཅོད་བྱེད་པ་བཅས་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྲ་ཞིང་བརྟན་པའི་ཁྲིམས་སྐྱོང་གི་འགན་ལེན་མཁོ་འདོན་བྱེད་དགོས།” ཞིང་ཆེན་ཁྲིམས་ཁང་གཞུང་དོན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཏི་ཅོན་གྱིས་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་བླང་བྱ་ལྟར་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཆབ་སྲིད་ཀྱི་བྱང་ཚད། འཇོན་ཐང་། འགན་འཁྲི་འཁུར་ནུས། བྱ་བའི་སྤྱོད་ཚུལ། སྤྱོད་གཙང་རང་འདོམས་སོགས་ཕྱོགས་དྲུག་ཐད་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ།   མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དེ་གཞི་རྩའི་ཤན་འབྱེད་ཚད་གཞིར་བྱས་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་ཀྱི་ཕྱོགས་སུ་སྐྱོད་པ་དང་དོན་དངོས་ཀྱི་ཕྱོགས་སུ་སྐྱོད་པ། སེམས་སུ་ཟུག་པ་བཅས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་ཏང་ཨུའི་ཧྲུའུ་ཅི་བསོད་ནམས་སྟོབས་ཀྱིས་ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོའི་གོ་སྐབས་དམ་འཛིན་བྱས་ནས།  རྒྱ་ཆེའི་གཞི་རིམ་ཏང་ཡོན་དང་ལས་བྱེད་པར་ཡང་དག་པའི་དབང་ཆའི་ལྟ་བ་དང་སྲིད་དོན་བྱས་རྗེས་ལྟ་བ། བྱ་གཞག་ལྟ་བ་བཅས་འཛུགས་རྒྱུར་སློབ་གསོའི་ཁྲིད་སྟོན་བྱས་ཏེ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་། ཉེན་ཁ་སྔོན་འགོག་དང་ཐག་གཅོད་བྱེད་པའི་འཇོན་ཐང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།  ཞིང་ཆེན་ཡོངས་ཀྱི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་པའི་སྔོན་སྐྱོད་དཔེ་སྟོན་རྫོང་བསྐྲུན་རྒྱུར་མྱུར་དུ་སྐུལ་འདེད་གཏོང་བ་དང་།  དཔལ་འབྱོར་འཁོར་སྐྱོད་བརྟན་ལ་གོ་རིམ་ལྡན་པ་ཡོང་རྒྱུར་སྐུལ་འདེད་གཏོང་བ། སྤུས་ཚད་ནུས་ལྡན་ངང་མཐོ་རུ་གཏོང་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་བ་བཅས་བྱས་ནས།  མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས་ཞེས་བཤད།

“གཞི་རིམ་གྱི་ཏང་ཡོན་ཞིག་ཡིན་པའི་ངོས་ནས་གཤམ་གྱི་བརྗོད་དོན་སློབ་གསོའི་ཁྲོད་ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས།  སློབ་སྦྱོང་ལ་སྣེ་ཁྲིད་དང་སློབ་སྦྱོང་ལ་སྐུལ་འདེད་བྱེད་པའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ།   སྡེ་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་ལ་སློབ་སྦྱོང་བྱས་ནས་གྲུབ་འབྲས་ཐོབ་པར་བྱེད་དགོས།” ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུའུ་རྒྱལ་ཁའི་ལམ་སྲང་ལམ་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའམ་དོན་གཅོད་ཁང་གི་ཀྲུའུ་རིན་མཱ་ཧོས་ཧྥུན་གྱིས་ངར་ཤུགས་ཆེན་པོ་བསྐྱེད་དེ། ཆབ་སྲིད་ཀྱི་འགན་འཁྲི་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོས་མིག་སྔའི་བྱ་བ་སོ་སོ་དམ་འཛིན་ལྷོད་མེད་བྱས་ཏེ། ཏང་གི་དམངས་ཕན་སྲིད་ཇུས་སོ་སོ་དོན་འཁྱོལ་ཡག་པོ་བྱས་ནས་མང་ཚོགས་ཀྱི་བློས་ཐུབ་གྲོགས་པོ་ཞིག་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་མང་ཚོགས་སེམས་ལ་བཟུང་ནས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་སྐྱིད་སྡུག་ཤེས་པ་དང་སྙིང་ཐག་པ་ནས་མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་བྱེད་པ། གཞི་རིམ་ཏང་ཡོན་གྱི་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།  དུས་རབས་གསར་པའི་ཏང་ཡོན་གྱི་འོད་སྟོང་འཕྲོ་བའི་ལེའུ་གསར་པ་རྩོམ་པ་བཅས་བྱས་ནས་ཧུར་ཐག་འབད་བརྩོན་གྱིས་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས་ཟེར།

                                                                            ཡིག་སྒྱུར་བ། གཡང་འབུམ་རྒྱལ།