དྲི་བ་ང་བཞི། ཧུར་ཐག་གིས་གཞི་རིམ་གྱི་དམངས་གཙོ་འཕེལ་རྒྱས་སུ་གཏོང་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།
2023.04.10 ཁུངས། ཏང་གི་ཚོགས་ཆེན་ཐངས་ཉི་ཤུ་བའི་སྙན་ཞུའི་སློབ་སྦྱོང་དང་དྲི་བ་བརྒྱ་རྩ། ཀློག་གྲངས། 12

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“ཧུར་ཐག་གིས་གཞི་རིམ་གྱི་དམངས་གཙོ་འཕེལ་རྒྱས་སུ་གཏོང་དགོས”ཞེས་བསྟན་ཡོད། གཞི་རིམ་གྱི་དམངས་གཙོ་ནི་བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོའི་མཚོན་ཚུལ་གལ་ཆེན་ཞིག་ཡིན། རྒྱ་ཆེའི་མི་དམངས་མང་ཚོགས་ཐད་ཀར་ཆབ་སྲིད་ལ་ཟབ་ཞུགས་བྱེད་པ་དེ་གཙོ་བོ་གཞི་རིམ་དུ་ཡོད་ཅིང་། ཆེས་ཐད་ཀའི་རང་ཁྱིམ་རང་བདག་གི་མྱོང་ཚོར་ཡང་གཙོ་བོ་གཞི་རིམ་དུ་ཡོད། གཞི་རིམ་གྱི་དམངས་གཙོ་འཕེལ་རྒྱས་སུ་གཏོང་རྒྱུ་ནི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བའི་བརྗོད་གཞིའི་ཁྲོད་ཀྱི་དོན་སྙིང་རེད། བཀོད་སྒྲིག་གལ་ཆེན་འདི་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་རེད།

ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ། ང་ཚོའི་ཏང་གིས་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་སྡེ་དམངས་རང་སྐྱོང་ལམ་ལུགས་དང་། སྡོད་དམངས་རང་སྐྱོང་ལམ་ལུགས་སོགས་ནང་དོན་གཙོ་བོ་ཡིན་པའི་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་བཙུགས་ཏེ། རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཀྱི་གྲས་ཤིག་ཏུ་གྱུར་ཡོད། གཞི་རིམ་གྱི་དམངས་གཙོ་བཙུགས་པ་དང་འཕེལ་རྒྱས་སུ་བཏང་བས། གཞི་རིམ་མང་ཚོགས་ཀྱི་རང་གིས་རང་ལ་དོ་དམ་དང་། རང་གིས་རང་ལ་ཞབས་ཞུ། རང་གིས་རང་ལ་སློབ་གསོ། རང་གིས་རང་ལ་ལྟ་སྐུལ་བཅས་མངོན་འགྱུར་བྱུང་བ་དང་། གཞི་རིམ་མང་ཚོགས་ཀྱིས་རྒྱ་ཁྱབ་དང་ཐད་ཀར། ནུས་ལྡན་བཅས་ཀྱི་སྒོ་ནས་དམངས་གཙོའི་དབང་ཆ་སྤྱོད་པར་འགན་སྲུང་བྱས་ཤིང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་རྒྱ་ཁྱབ་རང་བཞིན་དང་དོན་དངོས་རང་བཞིན། ཕན་ནུས་རང་བཞིན་བཅས་མངོན་པར་བྱས་ཏེ། རང་རྒྱལ་གྱི་སྤྱི་ཚོགས་དུས་ཡུན་རིང་པོར་འཆམ་མཐུན་དང་བརྟན་བརླིང་ཡོང་བར་ཁག་ཐེག་བྱེད་པའི་ཆབ་སྲིད་ཀྱི་རྨང་གཞི་དང་ལམ་ལུགས་ཀྱི་འགན་སྲུང་གལ་ཆེན་དུ་གྱུར་ཡོད།

གཞི་རིམ་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་སྲོལ་འཐུས་ཚང་དུ་བཏང་ན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བར་ཕན་ཐོགས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། ང་ཚོའི་ཏང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱེད་ཤུགས་རྒྱུན་མི་ཆད་པར་ཆེ་རུ་བཏང་བ་དང་། གཞི་རིམ་གྱི་ཐད་ཀའི་དམངས་གཙོའི་ལམ་ལུགས་ཀྱི་མ་ལག་དང་བྱ་བའི་མ་ལག་འཛུགས་པར་ཤུགས་བརྒྱབ་པས། གཞི་རིམ་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་སྲོལ་ཆགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། རྒྱ་ཆེའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་རྣམས་ཀྱིས་དམངས་གཙོའི་ཐོག་ནས་སྡེ་དམངས(སྡོད་དམངས)ཨུ་ཡོན་ལྷན་ཁང་གི་ཁོངས་མི་བདམས་ཐོན་བྱུང་པ་དང་། རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ཐོག་ནས་དམངས་གཙོའི་གྲོས་མོལ་བྱེད་པ། སྡེ་བའི(སྡོད་དམངས)གྲོས་ཚོགས་སམ་སྡེ་བའི(སྡོད་དམངས)འཐུས་མིའི་གྲོས་ཚོགས་བརྒྱུད་དེ་སྡེ་ཁུལ་གྱི་སྤྱི་པའི་ལས་དོན་དང་སྤྱི་ཕན་ལས་དོན་ལ་དམངས་གཙོས་ཇུས་ཐག་བཅད་པ་དང་། སྡེ་བའི(སྡོད་དམངས)རང་སྐྱོང་གི་སྒྲིག་ཡིག་དང་། སྡེ་སྲོལ་དམངས་ཆིངས། སྡོད་དམངས་སྤྱི་ཆིངས་སོགས་གཏན་འབེབས་བྱེད་པར་བརྟེན་ནས་དམངས་གཙོས་དོ་དམ་བྱས་ཤིང་། སྡེ་བའི(སྡོད་དམངས)ལས་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་སྡེ་བའི(སྡེ་ཁུལ)ལས་དོན་དང་སྡེ་བའི(སྡོད་དམངས)སྤྱི་ཕན་ལས་དོན་ཡོངས་བསྒྲགས་ལམ་ལུགས་ཀྱི་དམངས་གཙོའི་ལྟ་སྐུལ་དངོས་འབེབས་བྱས་ལ། ཁྲིམས་ལྟར་ཐད་ཀའི་དམངས་གཙོའི་ལམ་ལུགས་ལག་བསྟར་བྱས་པ། ཁྲིམས་ལྟར་གཞི་རིམ་གྱི་སྤྱི་པའི་ལས་ཀ་དང་སྤྱི་ཕན་ལས་དོན་ལ་དོ་དམ་བྱས་པས་གྲུབ་འབྲས་མངོན་གསལ་བླངས་ཡོད། དེའི་ཐད་ཀྱི་བྱ་བར་མུ་མཐུད་དུ་ཤུགས་སྣོན་བརྒྱབ་སྟེ། གཞི་རིམ་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་སྲོལ་རྒྱུན་མི་ཆད་པར་འཐུས་ཚང་དུ་གཏོང་རྒྱུ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད།

གཞི་རིམ་གྱི་ཚོགས་སྤྱི་སོ་སོ་གོ་རིམ་ལྡན་པའི་ངང་གཞི་རིམ་བཅོས་སྐྱོང་ནང་ཞུགས་པའི་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ་དེ་མི་དམངས་ཀྱིས་གཞི་རིམ་གྱི་སྤྱི་པའི་ལས་ཀ་དང་སྤྱི་ཕན་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱ་རྒྱུར་ཕན་པ་ཡོད། ཧུར་ཐག་གིས་གཞི་རིམ་གྱི་དམངས་གཙོ་འཕེལ་རྒྱས་སུ་གཏོང་དགོས་ན། སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེའི་མང་ཚོགས་གཞི་རིམ་བཅོས་སྐྱོང་ནང་ཞུགས་པའི་དམངས་གཙོའི་ཐབས་ལམ་ངེས་པར་དུ་རྒྱ་སྐྱེད་དང་སྟབས་བདེ་བཟོས་ཏེ། མང་ཚོགས་ཀྱི་དགོས་འདོད་སྔར་ལས་ལེགས་པ་དང་སྔར་ལས་བདེ་བ། སྔར་ལས་ཐད་ཀར་ཡིན་པ། སྔར་ལས་ཕན་ནུས་ལྡན་པ་བཅས་ཡོང་བར་བྱ་དགོས་ལ། དམངས་གཙོས་འདེམས་བསྐོ་དང་དམངས་གཙོས་གྲོས་མོལ། དམངས་གཙོས་ཇུས་ཆོད། དམངས་གཙོས་དོ་དམ། དམངས་གཙོས་ལྟ་སྐུལ་བཅས་བྱེད་པར་སྔར་ལས་ཀྱང་ཕན་ཐོག་པར་བྱེད་དགོས། ཉེ་བའི་ལོ་འགའི་རིང་ལ། ཧུར་ཐག་གིས་ས་གནས་སོ་སོས་གཞི་རིམ་གྱི་དམངས་གཙོ་གསར་སྐྲུན་ལ་སྐུལ་འདེད་བཏང་སྟེ། སྡེ་བའི(སྡོད་དམངས)གྲོས་རིམ་ཚོགས་འདུ་དང་། སྡེ་བའི(སྡོད་དམངས)གླེང་སྟེགས། དམངས་གཙོའི་སེམས་གཏམ་གླེང་བ། དམངས་གཙོའི་དཔང་ཉན་ཚོགས་འདུ་བཅས་ནས་ཏང་གི་འཐུས་མི་དང་། དམངས་ཆེན་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན་བཅས་སྡེ་ཁུལ་དུ་སྐྱོད་པ་དང་།“སྒོ་ར་ཆུང་ཆུང་གི་དོན་གྲོས་ཁང”ནས“རྐུབ་སྟེགས་དམངས་གཙོ”བར་དང་། དྲ་ཐོག་གི“སྒོར་ཅོག་ཚོགས་འདུ”ནས་དྲ་ཐོག་གི“དོན་གྲོས་ཚོགས་འདུ”བར། གཞི་རིམ་གྱི་ཚོགས་སྤྱི་རིགས་སོ་སོ་གོ་རིམ་ལྡན་པའི་སྒོ་ནས་གཞི་རིམ་བཅོས་སྐྱོང་ལ་ཟབ་ཞུགས་བྱེད་པའི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་སྟེ། གཞི་རིམ་གྱི་དམངས་གཙོ་འཕེལ་རྒྱས་ལ་སྒུལ་ཤུགས་དང་གསོན་ཤུགས་གསར་པ་བསྣན་ཡོད། གཞི་རིམ་གྱི་རིགས་སོ་སོའི་ཚོགས་སྤྱི་གོ་རིམ་ལྡན་པའི་ངང་གཞི་རིམ་བཅོས་སྐྱོང་ནང་ཞུགས་པའི་ཐབས་ལམ་རྒྱ་ཆེར་གཏོང་དགོས་ན། ངེས་པར་དུ་བྱ་བ་སྒྲུབ་རྒྱུ་ཡོངས་བསྒྲགས་བྱེད་པའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། སྔར་ལས་རྒྱ་ཆེ་བའི་སྡེ་བའི(སྡོད་དམངས)ལས་དོན་ཡོངས་བསྒྲགས་ལག་བསྟར་བྱེད་པ། མང་ཚོགས་ཀྱི་ལྟ་སྐུལ་རྒྱ་ཁྱབ་ཏུ་དང་ལེན་བཅས་བྱེད་དགོས།

ཁེ་ལས་དང་ལས་དོན་ལས་ཁུངས་ཀྱི་དམངས་གཙོའི་དོ་དམ་འཐུས་ཚང་དུ་བཏང་ན། ཁེ་ལས་ལས་ཁུངས་འཕེལ་རྒྱས་དང་ལས་བཟོ་པའི་ཁྲིམས་མཐུན་ཁེ་དབང་ལ་སྐུལ་འདེད་བྱེད་པར་ཕན། རང་རྒྱལ་གྱི་ཁེ་ལས་ལས་དོན་ལས་ཁུངས་སུ་ལས་བཟོ་པའི་འཐུས་མིའི་ཚོགས་ཆེན་གཞི་རྩའི་རྣམ་པར་འཛིན་པ་དང་། བཟོ་གྲྭའི་ལས་དོན་ཡོངས་བསྒྲགས་བྱེད་པའི་ལམ་ལུགས་དང་། ལས་བཟོ་པའི་རྐང་གཉེར་ལམ་ལུགས། ལས་བཟོ་པའི་ལྟ་ཞིབ་ལམ་ལུགས་བཅས་ནང་དོན་གཙོ་བོར་འཛིན་པའི་དམངས་གཙོའི་དོ་དམ་ལམ་ལུགས་ཡོངས་ཁྱབ་ཏུ་བཙུགས་ཡོད་པས། བཟོ་པའི་གྲལ་རིམ་གྱི་བདག་པོའི་གོ་གནས་དང་བློ་གཅིག་སེམས་གཅིག་གིས་བཟོ་པའི་གྲལ་རིམ་ལ་བརྟེན་པའི་བྱེད་ཕྱོགས་གང་ལེགས་ཀྱིས་མཚོན་ཡོད། ལས་བཟོ་བ་རྣམས་ཀྱིས་རང་ཉིད་ཡོད་སའི་ལས་ཁུངས་ལ་ཆེས་ཆ་རྒྱུས་ལོན་པ་དང་། རང་ལས་ཁུངས་ཀྱི་ཐབས་ཇུས་གལ་ཆེན་དང་ལྷག་པར་དུ་ལས་བཟོ་པ་རང་ཉིད་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པ་སོགས་ཀྱི་དོན་དག་གལ་ཆེན་སྟེང་། འགོ་ཁྲིད་ཀྱི་སྣེ་ལེན་ཉིན་མོ་དང་། འགོ་ཁྲིད་ཀྱི་ཡིག་སྒམ། ངལ་རྩོལ་འབྲེལ་བ་མཐུན་སྦྱོར་དང་སེམས་གཏམ་བཤད་རེས་ཀྱི་ཚོགས་འདུ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ལས་བཟོ་བའི་རེ་འདུན་ལ་ཐད་ཀར་ཉན་པ་དང་། དམངས་གཙོའི་དོ་དམ་ལམ་ལུགས་བརྒྱུད་ནས་ལས་བཟོ་བར་བསམ་འཆར་དང་གྲོས་འགོ་གང་ལེགས་སྒོས་འདོན་དུ་འཇུག་པ། ཧུར་ཐག་གིས་ཐབས་ཇུས་འདོན་པ། གོ་རིམ་ལྡན་པའི་སྒོ་ནས་ཐབས་ཇུས་འགོད་པར་ཞུགས་པ་བཅས་བྱས་ན། ཁེ་ལས་དང་ལས་དོན་ལས་ཁུངས་ཀྱི་ཚན་རིག་གི་ཇུས་ཆོད་འདོན་པར་ཕན་པ་དང་། ཁེ་ལས་དང་ལས་དོན་ལས་ཁུངས་རང་ངོས་འཕེལ་རྒྱས་དང་ལས་བཟོ་པའི་ཁྲིམས་མཐུན་ཁེ་ཕན་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཡོད།

བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་ན།  ངེས་པར་དུ་གཞི་རིམ་གྱི་དམངས་གཙོ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་རྨང་གཞིའི་རང་བཞིན་གྱི་ལས་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་སྐུལ་འདེད་གཏོང་དགོས། མི་དམངས་མང་ཚོགས་ཀྱི་དམངས་གཙོའི་སྙིང་སྟོབས་སྐྱེད་སྲིང་དང་། དམངས་གཙོའི་བྱང་ཚད་ཀྱི་སྦྱོང་བརྡར། དམངས་གཙོའི་ལག་ལེན་གྱི་བཀོལ་སྤྱོད་བཅས་ཕལ་ཆེ་བ་གཞི་རིམ་ནས་ཐོན་པ་དང་འཕེལ་རྒྱས་སུ་སོང་བ་མ་ཟད་ཞིབ་བཤེར་ཡང་ཐོབ་ཡོད། ཧུར་ཐག་གིས་གཞི་རིམ་གྱི་དམངས་གཙོ་འཕེལ་རྒྱས་སུ་གཏོང་བར་ངེས་པར་དུ་ཏང་གི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། གཞི་རིམ་གྱི་དམངས་གཙོའི་ཐབས་ལམ་རྒྱུན་མི་ཆད་པར་རྒྱ་ཆེར་གཏོང་བ། གཞི་རིམ་མང་ཚོགས་ཀྱི་དམངས་གཙོའི་འདུ་ཤེས་དང་དམངས་གཙོའི་ནུས་པ་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ། དམངས་གཙོས་འདེམས་བསྐོ་དང་དམངས་གཙོས་གྲོས་མོལ། དམངས་གཙོས་ཇུས་ཆོད། དམངས་གཙོས་དོ་དམ། དམངས་གཙོས་ལྟ་སྐུལ་བཅས་གཞི་རིམ་བཅོས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བཅས་བྱས་ནས་མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་འགན་འཁྲི་འཁུར་དགོས་པ། མི་ཚང་མར་གཞི་རིམ་བཅོས་སྐྱོང་གི་ཐུན་མོང་ཚོགས་པའི་ཁྲོད་ཞུགས་པར་སྐུལ་འདེད་གཏོང་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།