སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་གསར་བརྗེ་གཏིང་ཟབ་ཅིག་ཡིན་པས། ཏང་གི་སྲིད་སྐྱོང་རྒྱལ་དར་དང་འབྲེལ་བ་ཡོད་པ་དང་། མི་དམངས་བདེ་སྐྱིད་ཁམས་བཟང་དང་འབྲེལ་བ་ཡོད་པ། ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་དང་འབྲེལ་བ་ཡོད་པ་ཡིན”ཞེས་བསྟན་ཡོད། ཆོད་གཏམ་གལ་ཆེན་འདིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ནུས་པ་གལ་ཆེན་གསལ་སྟོན་གཏིང་ཟབ་བྱས་ཡོད།
བཅོས་སྒྱུར་སྒོ་འབྱེད་བྱས་རྗེས། ང་ཚོའི་ཏང་གིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་ཁྲིམས་ཡོད་ཀྱང་བརྩི་སྲུང་མི་བྱེད་པ་དང་། ཁྲིམས་ལག་བསྟར་ནན་མོ་མི་བྱེད་པ། ཁྲིམས་འཛིན་དྲང་གཞག་མི་བྱེད་པ། ཁྲིམས་དང་འགལ་ཡང་རྩད་གཅོད་མི་བྱེད་པ་སོགས་ཀྱི་གནད་དོན་ཚབས་ཆེན་གནས་ཡོད་པས། ཁྲིམས་སྐྱོང་གི་དབང་ཟིལ་ལ་གནོད་པ་ཚབས་ཆེན་བཟོས་བ་དང་སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་བཞིན་ཡོད། ལོ་རྒྱུས་ཀྱི་ཉམས་མྱོང་དང་བསླབ་བྱ་ལས་ང་ཚོའི་ཏང་ལ་ཁྲིམས་སྐྱོང་དར་ན་རྒྱལ་ཁབ་དར་རྒྱས་ཡོང་བ་དང་། ཁྲིམས་སྐྱོང་ཉམས་ན་རྒྱལ་ཁབ་ཟང་ཟིང་དུ་འགྱུར་ངེས་ཡིན་པའི་ངོས་འཛིན་ཟབ་མོ་བྱུང་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་ཁྲིམས་སྐྱོང་གཏན་འཁེལ་དང་། ཁྲིམས་སྐྱོང་བཀོད་སྒྲིག ཁྲིམས་སྐྱོང་ལག་བསྟར་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ཁྲོད་བཞག་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་བཞག་སྟེ་ཇུས་འགོད་དང་སྐུལ་འདེད་བཏང་བས། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་འགོ་ཁྲིད་དང་སྐུལ་འདེད་གཏོང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཞིང་། བསམ་བློ་དང་རིགས་པའི་གཞུང་ལུགས་སྟེང་གཅིག་སྡུད་སྒོས་མཚོན་པ་ནི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་གྲུབ་པ་དེ་རེད། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ནི་མར་ཁེ་སིའི་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ཀྱི་གསར་སྐྲུན་འཕེལ་རྒྱས་གལ་ཆེན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་བཅས་ཡིན་པ་རེད། ང་ཚོས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རང་རྟོགས་སྒོས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་འདིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་སྟོན། བྱ་བར་སྐུལ་འདེད་བཅས་བྱེད་པ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་དང་། ལག་ལེན་གྱི་དོན་སྙིང་། ལོ་རྒྱུས་ཀྱི་དོན་སྙིང་བཅས་སྔར་ལས་ལེགས་པར་སྟངས་འཛིན་བྱས་ནས། དུས་རབས་གསར་བར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལེའུ་གསར་བ་ཞིག་རྩོམ་དགོས།
དང་པོ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་ང་ཚོའི་ཏང་གིས་ཚན་རིག་དང་མཐུན་པར་སྲིད་སྐྱོང་དང་། དམངས་གཙོའི་སྲིད་སྐྱོང་། ཁྲིམས་ལྟར་སྲིད་སྐྱོང་བཅས་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་འགོད་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་ང་ཚོའི་ཏང་གིས་རྒྱལ་སྐྱོང་སྲིད་གཉེར་བྱེད་པའི་ཐད་ཀྱི་རང་ཉིད་འཐུས་ཚང་དང་རང་ཉིད་མཐོར་འདེགས་གཏོང་བ་དེ་ཡིན་པས། ང་ཚོའི་ཏང་གིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་འགོ་ཁྲིད་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ལག་བསྟར་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ་དང་། ཚན་རིག་དང་མཐུན་པར་སྲིད་སྐྱོང་དང་། དམངས་གཙོས་སྲིད་སྐྱོང་། ཁྲིམས་ལྟར་སྲིད་སྐྱོང་བཅས་བྱེད་པའི་ཆུ་ཚད་ ཇེ་མཐོར་བཏང་སྟེ། ཏང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་པར་འགན་ལེན་བྱེད་དགོས། ཏང་གི་འགོ་ཁྲིད་ལམ་ལུགས་ཀྱི་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་གཏན་འབེབས་དང་ལག་བསྟར་བྱེད་རྒྱུ་དེ་ཏང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་བྱེད་སྒོ་སྤེལ་བ་དང་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་། སྔར་ལས་རང་རྟོགས་སྒོས་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་ཏང་གི་སྲིད་སྐྱོང་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ། ཁྲིམས་སྐྱོང་ལ་བརྟེན་ནས་རྩ་བ་ཇེ་བརྟན་དུ་གཏོང་བ་དང་སྔོན་དཔག་བརྟན་པོ་བྱེད་པ། ཕུགས་ལ་ཕན་པ་བཅས་ཀྱི་འགན་སྲུང་ནུས་པ་འདོན་སྤེལ་བྱས་ཏེ། ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་ཏང་གི་དུས་རབས་གསར་བ་དང་སྐྱོད་ལམ་གསར་པའི་ཐོག་གི་འགན་འཁྲི་དང་ལས་འགན་རྒྱལ་ཁའི་ངང་མངོན་འགྱུར་བྱེད་པར་འགན་སྲུང་སྔར་ལས་ལེགས་པོ་བྱེད་དགོས།
གཉིས་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། མི་དམངས་མང་ཚོགས་ཀྱི་དབང་ཆ་སྣ་ཚོགས་མངོན་འགྱུར་བྱེད་པར་འགན་སྲུང་དང་སྐུལ་འདེད་གཏོང་བའི་བླང་བྱ་གལ་ཆེན་ཡིན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་མི་དམངས་ཀྱི་ཁེ་ཕན་མཚོན་པ་དང་། མི་དམངས་ཀྱི་རེ་འདུན་མཚོན་པ། མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པ། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་བཅས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཁྱབ་ཁོངས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱས་ཏེ། མི་དམངས་ཀྱིས་ཏང་གི་འགོ་ཁྲིད་འོག་ཐབས་ལམ་དང་བྱེད་སྟངས་སྣ་ཚོགས་བརྒྱུད་དེ་རྒྱལ་ཁབ་ཀྱི་ལས་དོན་ལ་དོ་དམ་དང་། དཔལ་འབྱོར་དང་རིག་གནས་ལས་དོན་ལ་དོ་དམ། སྤྱི་ཚོགས་ཀྱི་ལས་དོན་ལ་དོ་དམ་བཅས་བྱེད་པར་འགན་ལེན་བྱེད་པ་དང་། མི་དམངས་ཀྱིས་ཁྲིམས་ལྟར་རྒྱ་ཆེ་བའི་ཁེ་དབང་དང་རང་དབང་ལོངས་སུ་སྤྱོད་པ་དང་། འཁུར་དགོས་པའི་འོན་འགན་འཁུར་བར་འགན་ལེན་བྱེད་དགོས། མིག་སྔར། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་འབྱུང་བཞིན་ཡོད་པ་དང་། མི་དམངས་མང་ཚོགས་ཀྱི་དམངས་གཙོ་དང་། ཁྲིམས་ལུགས། དྲང་གཞག དྲང་བདེན། བདེ་འཇགས། ཁོར་ཡུག་སོགས་ཐད་ཀྱི་རེ་བ་ཉིན་བཞིན་ཇེ་མཐོར་འགྲོ་བཞིན་ཡོད། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་། ཁྲིམས་སྐྱོང་ནི་དམངས་ཆེད་དུ་ཡིན་པ་དང་། མི་དམངས་ལ་བརྟེན་པ། མི་དམངས་ལ་བདེ་སྐྱིད་སྐྲུན་པ། མི་དམངས་ལ་སྲུང་སྐྱོབ་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས། མི་དམངས་མང་ཚོགས་ལ་བཅའ་ཁྲིམས་ཀྱི་ལམ་ལུགས་རེ་རེ་དང་། ཁྲིམས་འཛིན་གྱི་གཏན་འབེབས་རེ་རེ། ཁྲིམས་འཛིན་གྱི་གྱོད་གཞི་རེ་རེ་བཅས་ཀྱི་ཁྲོད་ནས་དྲང་གཞག་དྲང་བདེན་ཚོར་དུ་འཇུག་པ་དང་། ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་འགན་སྲུང་སྔར་ལས་ལེགས་པོ་བྱེད་དགོས།
གསུམ་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བར་འགན་ལེན་ཏན་ཏིག་བྱེད་པ་བཅས་ཀྱི་རྩ་བའི་བླང་བྱ་ཡིན། རང་རྒྱལ་གྱི་རྩ་ཁྲིམས་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ལག་བསྟར་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། མིག་སྔར། འཛམ་གླིང་ལ་ལོ་ངོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། རྒྱལ་སྤྱིའི་ཁོར་ཡུག་གི་བརྟན་བརླིང་མིན་པའི་རང་བཞིན་དང་ངེས་གཏན་མེད་པའི་རང་བཞིན་མངོན་གསལ་སྒོས་ཆེ་རུ་འགྲོ་བ། རྒྱལ་ནང་གི་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་ལས་འགན་ཉིན་བཞིན་ཇེ་ལྗིད་དུ་འགྲོ་བ། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ཁྲོད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གོ་གནས་སྔར་ལས་མངོན་གསལ་ཡིན་པ་དང་། ནུས་པ་སྔར་ལས་གལ་ཆེ་བ་རེད། ཏང་ཀྲུང་དབྱང་གིས་དོ་ཁུར་ཆེན་པོ་བྱེད་པ་དང་། མི་དམངས་མང་ཚོགས་ལ་བསམ་འཆར་ཆེན་པོ་ཡོད་པའི་འབུར་ཐོན་གནད་དོན་དང་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་བརྒྱུད་རིམ་ཞན་སར་དམིགས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་ལས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བ་དང་། ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་འཕྲད་པའི་གནད་དོན་གལ་ཆེན་རབ་དང་རིམ་པ་ཐག་གཅོད་བྱེད་པ། ཁྲིམས་བཟང་སྐྱོང་མཁས་ལ་བརྟེན་ནས་སྤྱི་ཚོགས་དྲང་གཞག་དྲང་བདེན་ཡོང་བར་ཡར་སྐུལ་དང་། སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ཡོང་བར་སྲུང་སྐྱོང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་དར་རྒྱས་གོང་འཕེལ་ཡོང་བར་འགན་སྲུང་སྔར་ལས་ལེགས་པོ་བྱེད་དགོས།
ཡིག་སྒྱུར་བ།སྒྲོལ་མ་སྐྱིད།