དྲི་བ་ང་བརྒྱད་པ། ཁྲིམས་འཛིན་དྲང་གཞག་ནི་སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྲུང་སྐྱོང་བྱེད་པའི་མཇུག་མཐའི་འགོག་སྲུང་འཛིང་རགས་ཡིན་ཞེས་པར་གོ་བ་ཇི་ལྟར་ལེན་དགོས་སམ།
2023.04.10 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 26

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“་ཁྲིམས་འཛིན་དྲང་གཞག་ནི་སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྲུང་སྐྱོང་བྱེད་པའི་མཇུག་མཐའི་འགོག་སྲུང་འཛིང་རགས་ཡིན་”ཞེས་བསྟན་ཡོད། རྒྱས་བཤད་གལ་ཆེན་འདི་ལས་ཁྲིམས་འཛིན་དྲང་གཞག་གིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྲུང་སྐྱོང་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་གསལ་སྟོན་ཟབ་མོ་བྱས་ཡོད་ལ། དུས་རབས་གསར་པའི་ཁྲིམས་འཛིན་བྱ་བ་ལེགས་པོར་སྒྲུབ་པ་དང་། ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་ཟབ་མོ་བྱེད་པར་ཁ་ཕྱོགས་གསལ་སྟོན་དང་བླང་བྱ་ཡང་དག་བཏོན་ཡོད།

དང་པོ།    ཁྲིམས་འཛིན་དྲང་གཞག་ནི་མཇུག་མཐའི་འགོག་སྲུང་འཛིང་རགས་ཡིན་པས། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྲུང་སྐྱོང་བྱེད་པར་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ལྡན། ཁྲིམས་འཛིན་དྲང་གཞག་ཞེས་པ་ནི་བཙན་གནོད་ཐེབས་པའི་ཁེ་དབང་ལ་ངེས་པར་དུ་སྲུང་སྐྱོབ་དང་རོགས་སྐྱོབ་ཐོབ་པ་དང་། ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་ངེས་པར་དུ་ཆད་གཅོད་དང་ཉེས་ཆད་གཅོད་དགོས་པ་དེ་ཡིན། ཁྲིམས་སྐྱོང་གི་བྱ་རིམ་སོ་སོའི་ནང་དུ་ཁྲིམས་འཛིན་གྱིས་ཐག་གཅོད་བྱས་པར་མཇུག་མཐའི་རང་བཞིན་གྱི་ནུས་པ་ལྡན། ཁེ་དབང་གི་མཇུག་མཐའི་རོགས་སྐྱོབ་དང་རྩོད་གཞིའི་མཐར་ཐུག་གི་ཐག་གཅོད་དེ་ཁྲིམས་འཛིན་གྱི་བྱ་རིམ་དུ་གནས་ཡོད། གལ་ཏེ་འགོག་སྲུང་གི་འཛིང་རགས་དེ་གཏོར་ནས་ཁྲིམས་འཛིན་དྲང་གཞག་མིན་པའི་སྣང་ཚུལ་བྱུང་ན། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་གཏོར་བརླག་ཚབས་ཆེན་ཐེབས་ངེས་རེད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབྱིན་ཇིའི་མཚན་ཉིད་རིག་པ་བ་ཕེ་ཀེན་གྱི་གསུང་བཤད་ཅིག་དྲངས་ནས། ཁྲིམས་འཛིན་དྲང་གཞག་མིན་པའི་གནོད་འཚེའི་རང་བཞིན་གསལ་བཤད་གནང་ཡོད་པ་སྟེ།“དྲང་གཞག་མིན་པའི་འདྲི་གཅོད་ཐེངས་གཅིག་གི་མཇུག་འབྲས་ནི་ཐ་ན་ཉེས་གསོག་ཐེངས་བཅུ་ལས་བརྒལ་ཡོད། དེ་གང་ཡིན་ཞེ་ན། ཉེས་གསོག་ནི་བཅའ་ཁྲིམས་སྣང་མེད་དུ་བཏང་བ་ཞིག་ཡིན་ཏེ། ཆུ་བོར་སྦགས་བཙོག་བཟོས་པ་དང་འདྲ་མོད། འོན་ཀྱང་དྲང་གཞག་མིན་པའི་འདྲི་གཅོད་ཀྱིས་བཅའ་ཁྲིམས་ལ་གཏོར་བརླགས་བྱས་པ་དེ་ཆུ་མགོ་བཙོག་པར་བཟོས་པ་ལྟ་བུ་རེད།” དེའི་ནང་གི་གནས་ལུགས་ནི་ཧ་ཅང་གཏིང་ཟབ་མོ་ཞིག་ཡིན་ཞིང་།  ཁྲིམས་འཛིན་དྲང་གཞག་བྱེད་རྒྱུ་དེ་མི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་། སྤྱི་ཚོགས་དྲང་སྙོམས་དྲང་བདེན་དང་སྤྱི་ཚོགས་འཆམ་མཐུན་དང་རྒྱལ་ཁབ་བརྟན་འཇགས་ཡོང་བ་དང་འབྲེལ་བ་ཡོད་པ་ཞིག་རེད། གལ་ཏེ་མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱི་གོ་རིམ་བརྒྱུད་དེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཁག་ཐེག་བྱེད་མ་ཐུབ་ན།  ཁྲིམས་འཛིན་ལ་ལྡན་དགོས་ངེས་ཀྱི་སྤྱིའི་ཡིད་རྟོན་ཤོར་ཞིང་། མི་དམངས་མང་ཚོགས་ཀྱིས་ཀྱང་ཁྲིམས་འཛིན་ལ་ཡིད་ཆེས་བྱེད་མི་སྲིད། མི་དམངས་མང་ཚོགས་ཀྱིས་ཐེངས་རེ་རེ་བཞིན་དུ་རེ་བ་ཞུས་པར་སྒོ་མེད་པ་དང་། ཐེངས་རེ་རེ་བཞིན་དུ་མ་ཉེས་ཁག་གཡོགས་ཀྱི་གྱོད་གཞི་དང་གྱོད་གཞི་རྫུན་མ། གྱོད་གཞི་ནོར་འཁྲུལ་ཅན་བཅས་བྱུང་བ་དེ་ནི་དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཐེབས་པ་ཞིག་ཡིན་པ་མ་ཟད། བཅའ་ཁྲིམས་ཀྱི་ལ་རྒྱ་དང་སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་ལའང་གཏོར་བརླགས་ཚབས་ཆེན་ཐེབས་ནས། རང་རེའི་ཏང་གིས་སྲིད་སྐྱོང་བའི་མང་ཚོགས་ཀྱི་རྨང་གཞི་དང་ལམ་ལུགས་ཀྱི་རྨང་གཞིར་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད།

གཉིས་པ།   ཁྲིམས་འཛིན་དྲང་བཞག་ལ་སྐུལ་འདེད་དང་སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་རྒྱུ་ནི། རང་རེའི་ཏང་གིས་མི་དམངས་ལ་བདེ་སྐྱིད་དོན་གཉེར་བྱེད་པ་དང་། མི་རིགས་བསྐྱར་དར་ཡོང་བར་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི།  བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་བཅས་གཅིག་བསྡུས་ཀྱིས་མཚོན་པ་རེད། “རྒྱལ་ཁབ་སྐྱོང་བའི་གནད་འགག་ནི་དྲང་སྙོམས་དྲང་བདེན་ལ་ཐུག་ཡོད།” རང་རེའི་ཏང་གིས་མི་དམངས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་དང་སྤྱི་ཚོགས་ཡུན་རིང་བརྟན་འཇགས་ཀྱི་ཁྱད་མཚར་བའི་བྱས་རྗེས་ཆེན་པོ་གཉིས་བསྐྲུན་པ་དང་། དེ་ལས་ཆེས་གལ་ཆེ་བ་ཞིག་ནི་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་དེ་བྱ་བ་སོ་སོའི་མགོ་རྩོམ་ས་དང་རྐང་འཛུགས་སར་བརྩིས་ནས། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་རྒྱུན་ཆད་མེད་པར་མངོན་འགྱུར་དང་སྲུང་སྐྱོང་། འཕེལ་རྒྱས་ལེགས་པོར་གཏོང་དགོས། རང་རྒྱལ་གྱི་ཁྲིམས་འཛིན་ལམ་ལུགས་ནི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ཡུན་རིང་གི་ལག་ལེན་ཁྲོད་དུ་མགོ་བརྩམས་པ་དང་འཕེལ་རྒྱས་སུ་བཏང་བ་ཞིག་ཡིན་ཞིང་། སྤྱིའི་ཆ་ནས་རང་རྒྱལ་གྱི་གནས་ཚུལ་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་འཚམ་པོ་ཡོད། བཅོས་སྒྱུར་སྒོ་འབྱེད་ཀྱི་ཚུན་དུ། རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་ཐེབས་པས་གནད་དོན་ཁ་ཤས་ཀྱང་གནས་ཡོད། དེ་ཡང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གྲོས་འཆམ་བྱུང་བའི་《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ནང་དུ་“ཁྲིམས་ཡོད་ཀྱང་བརྩི་སྲུང་མི་བྱེད་པ་དང་། ཁྲིམས་ལག་བསྟར་ནན་མོ་མི་བྱེད་པ། ཁྲིམས་འཛིན་དྲང་གཞག་མིན་པ། ཁྲིམས་ལས་འགལ་ཡང་རྩད་གཅོད་མི་བྱེད་པ་སོགས་ཀྱི་གནད་དོན་ཚབས་ཆེན་གནས་པ་དང་། ཁྲིམས་འཛིན་རུལ་སུངས་རྟག་ཏུ་འབྱུང་བ།  ཁྲིམས་བསྟར་ཁྲིམས་འཛིན་མི་སྣ་ཁ་ཤས་ཀྱིས་སྒེར་དོན་སྒྲུབ་པར་ཁྲིམས་དང་འགལ་བ།  ཐ་ན་ཉེས་ཅན་གྱི་སྐྱོབ་གདུགས་བྱས་ཏེ་ཁྲིམས་སྐྱོང་གི་དབང་ཟིལ་ལ་གནོད་འཚེ་ཚབས་ཆེན་གཏོང་བ་དང་། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་ཤུགས་རྐྱེན་ཚབས་ཆེན་གཏོང་གི་ཡོད་"ཅེས་བསྟན་ཡོད་པ་དང་།    ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ནུས་ལྡན་གྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་སྲིད་ཁྲིམས་ཁྱབ་ཁོངས་སུ་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་བ་དང་།  ཁྲིམས་འཛིན་བྱ་འགུལ་ལ་ལྟ་སྐུལ་དང་ཚོད་འཛིན་བྱེད་པར་ཤུགས་སྣོན་བྱས་པ། སྲིད་ཁྲིམས་དཔུང་ཁག་ལ་སློབ་གསོ་དག་ཐེར་བྱས་པ། མ་ཉེས་ཁ་གཡོགས་ཀྱི་གྱོད་གཞི་ཁྲིམས་ལྟར་ཡོ་བསྲང་བྱས་པ། ཁྲིམས་བསྟར་ཁྲིམས་འཛིན་དྲང་གཞག་དང་སྤྱོད་གཙང་། ལས་ཕྱོད་ཆེ་བ། དབང་ཟིལ་ལྡན་པ་བཅས་ལ་འགན་ལེན་བྱས་པར། མི་དམངས་མང་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་པ་དང་སྤྲོ་སེམས་འཁོལ་བའི་ངང་བརྩི་སྲུང་བྱེད་བཞིན་ཡོད།  དུས་རབས་གསར་པ་དང་སྐྱོད་ལམ་གསར་བའི་སྟེང་སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་ཞེས་པའི་ཁྲིམས་སྐྱོང་གི་རིན་ཐང་དོན་གཉེར་དེ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ནས། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ་རྒྱུན་འཁྱོངས་ཀྱིས་མི་དམངས་མང་ཚོགས་ཀྱི་དམངས་གཙོ་དང་ཁྲིམས་ལུགས། དྲང་གཞག  དྲང་བདེན། བདེ་འཇགས། ཁོར་ཡུག་སོགས་ཐད་ཀྱི་ཉིན་བཞིན་ཇེ་མང་དུ་འགྲོ་བཞིན་པའི་དོ་ཁུར་གསར་པ་དང་བླང་བྱ་གསར་པ། རེ་སྒུག་གསར་པ་བཅས་ལ་ཨ་ལན་སློག་པ་དང་ཁོ་ཚོའི་རེ་འདུན་ལེགས་པོར་བསྐང་དགོས།

གསུམ་པ།   སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་བྱེད་རྒྱུ་ནི་ཁྲིམས་འཛིན་སྒྲིག་སྲོལ་གྱི་གཅིག་བསྡུས་ཆ་སྒྲིག་བཅོས་སྒྱུར་ཟབ་མོ་བྱེད་པ་དང་། དྲང་གཞག་དང་ལས་ཕྱོད་ཆེ་བ། དབང་ཟིལ་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་མྱུར་དུ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དང་ཤུགས་རྒྱག་ས་ཡིན།  མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱི་གྱོད་གཞི་རེ་རེའི་ནང་དུ་དྲང་སྙོམས་དྲང་བདེན་ཚོར་དུ་འཇུག་རྒྱུ་ནི། རང་རྒྱལ་གྱི་ཁྲིམས་འཛིན་བྱ་བའི་ནང་གནས་དོན་གཉེར་དང་རིན་ཐང་གི་དམིགས་འབེན་རེད། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་བྱེད་པ་དང་སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་ལ་འགན་ལེན་དང་སྐུལ་འདེད་བྱེད་པར་དམ་པོར་དམིགས་ནས། དོན་གཉེར་བྱེད་པའི་རིན་ཐང་དེ་ཁྲིམས་འཛུགས་དང་ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་སོ་སོར་ཁྱབ་པར་བྱེད་དགོས།

ཁྲིམས་འཛིན་བྱ་བའི་སྟེང་ནས་མཚོན་པ་དེས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས།  ཁྲིམས་འཛིན་སྒྲིག་སྲོལ་གྱི་གཅིག་བསྡུས་ཆ་སྒྲིག་བཅོས་སྒྱུར་ཟབ་སྤེལ་བྱེད་པ། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་གནད་ལ་འཁེལ་བ། ཁྲིམས་འཛིན་དབང་ཆ་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ། ཚོད་འཛིན་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱི་རེ་ཞུ་ལ་ཁྲིམས་ལྟར་ལྟ་སྟངས་དྲང་གཞག་འཛིན་པ།  ཁྲིམས་འཛིན་དྲང་གཞག་ཡོང་བར་ཤུགས་རྐྱེན་ཐེབས་པ་དང་ཁྲིམས་འཛིན་ནུས་པར་ཚོད་འཛིན་ཐེབས་པའི་གཏིང་ཟབ་པའི་གནད་དོན་ཐག་གཅོད་བྱེད་པ།  མང་ཚོགས་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་མངོན་གསལ་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་མི་དམངས་མང་ཚོགས་ལ་དྲང་སྙོམས་དྲང་བདེན་ཁོ་ཚོའི་ཉེ་འགྲམ་དུ་ཡོད་པ་དངོས་སུ་ཚོར་ཐུབ་པར་བྱས་ནས།  སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་ཀྱི་དགེ་མཚན་རང་བཞིན་སྔར་ལས་ལེགས་པོའི་སྒོ་ནས་འདོན་སྤེལ་གང་ལེགས་བྱེད་དགོས།

                                                                                                             ཡིག་སྒྱུར་བ། གཡང་འབུམ་རྒྱལ།