སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་པར་ཐོག་མར་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་ལྟར་སྲིད་སྐྱོང་བ་རྒྱུན་འཁྱོངས་བྱེད་པར་ཐོག་མར་རྩ་ཁྲིམས་ལྟར་སྲིད་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས”ཞེས་བསྟན་ཡོད། ཆོད་གཏམ་གལ་ཆེན་འདིས་རྒྱལ་སྲིད་སྐྱོང་ལུགས་ཁྲོད་ཀྱི་རྩ་ཁྲིམས་ཀྱི་ནུས་པ་གལ་ཆེན་གསལ་སྟོན་ནན་མོ་བྱས་པ་དང་། ཕྱོགས་ཡོངས་ནས་རྩ་ཁྲིམས་ལག་བསྟར་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་དང་རྨང་གཞིའི་རང་བཞིན་གྱི་བྱ་བ་ཡིན་ལ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ནང་དོན་གལ་ཆེན་ཞིག་ཡིན་པ་གསལ་སྟོན་གནང་ཡོད།
2022ལོ་ནི་རང་རྒྱལ་གྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་རྩ་ཁྲིམས་ཏེ1982ལོའི་རྩ་ཁྲིམས་ཁྱབ་བསྒྲགས་ལག་བསྟར་བྱས་ནས་ལོ40འཁོར་བའི་ལོ་ཡིན།རྩ་ཁྲིམས་འདི་ནི་1954ལོ་དང་། 1975ལོ། 1978ལོ་བཅས་རྩ་ཁྲིམས3གྱི་རྗེས་སུ། རང་རྒྱལ་གྱིས་བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་དུས་སྐབས་གསར་པའི་ནང་གཏན་འབེབས་བྱས་པའི་རྩ་ཁྲིམས་གསར་པ་ཞིག་ཡིན། ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག རྒྱལ་ཡོངས་དམངས་ཆེན་གྱིས1988ལོ་དང་། 1993ལོ། 1999ལོ། 2004ལོ། 2018ལོ་བཅས་སྔ་རྗེས་སུ་རྩ་ཁྲིམས་ཀྱི་དོན་ཚན་རེ་ཟུང་དང་ནང་དོན་ཁག་ཅིག་ལ་དགོས་ངེས་ཀྱི་བཟོ་བཅོས་ཐེངས5བྱས་པ་དང་། རྩ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན52ལ་གྲོས་འཆམ་བྱུང་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྩ་ཁྲིམས་ལག་བསྟར་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འབུར་ཐོན་གྱི་གོ་གནས་སུ་བཞག་ནས་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་དེ། བབ་བསྟུན་མདུན་སྐྱོད་ཀྱིས་རྩ་ཁྲིམས་བཟོ་བཅོས་དང་། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་བྱ་བར་ཤུགས་སྣོན་པ། རྩ་ཁྲིམས་ཀྱི་ལ་རྒྱ་དང་དབང་གྲགས་སྲུང་སྐྱོང་བཅས་བྱས་པས། རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་གྲུབ་འབྲས་གལ་ཆེན་ཐོབ་ཡོད། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ40ལྷག་ཙམ་རིང་གི་འཕེལ་རྒྱས་ལོ་རྒྱུས་དང་། ལྷག་པར་དུ་དུས་རབས་གསར་པའི་ལོ་བཅུའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོག་ནས་རང་རྒྱལ་གྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་རྩ་ཁྲིམས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་ནུས་ལྡན་བྱས་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་རྒྱུར་འགན་ལེན་ནུས་ལྡན་བྱས་པ། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་ཀྱི་འཕེལ་རིམ་ལ་སྐུལ་འདེད་ནུས་ལྡན་བཏང་བ། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་བརླིང་བཅས་སྲུང་སྐྱོང་ནུས་ལྡན་བྱས་པ་ར་སྤྲོད་གང་ལེགས་བྱས་ཡོད། ང་ཚོས་རྩ་ཁྲིམས་ལ་བརྩི་འཇོག་ནན་མོ་དང་ལག་བསྟར་ནུས་ལྡན་བྱས་ན། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་ལེན་བྱེད་ཐུབ་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་བདེ་བླག་ངང་འཕེལ་རྒྱས་ཡོང་ཐུབ། དེ་ལས་ལྡོག་སྟེ། གལ་ཏེ་རྩ་ཁྲིམས་ལ་སྣང་ཆུང་དང་ཉམས་དམས་སུ་བཏང་བ་དང་ཐ་ན་གཏོར་བརླག་བཏང་བ་ཡིན་ན། མི་དམངས་ཀྱི་ཁེ་དབང་དང་རང་དབང་འགན་ལེན་བྱེད་ཐབས་མེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་བར་ཆད་འབྱུང་ངེས་རེད།
དང་པོ། རྩ་ཁྲིམས་ནི་རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག་ཡིན་ཞིང་། དེར་བཅའ་ཁྲིམས་ཀྱི་གོ་གནས་དང་། བཅའ་ཁྲིམས་ཀྱི་དབང་གྲགས། བཅའ་ཁྲིམས་ཀྱི་ནུས་པ་མཐོ་ཤོས་བཅས་ཡོད། རང་རྒྱལ་གྱི་རྩ་ཁྲིམས་ནང་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་རྒྱལ་ཁབ་ཀྱི་རྩ་བའི་ལམ་ལུགས་དང་རྩ་བའི་ལས་འགན། རྒྱལ་ཁབ་ཀྱི་འགོ་ཁྲིད་སྲོག་ཤིང་དང་མཛུབ་སྟོན་བསམ་བློ། བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་དང་བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ལུགས་དང་། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་སྲིད་ལུགས། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། དེ་མིན་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྩ་དོན། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན། དེ་མིན་འགྲོ་བ་མིའི་ཐོབ་ཐང་འགན་ལེན་ལ་བརྩི་འཇོག་བྱེད་པའི་རྩ་དོན་སོགས་ཡོད། ལོ་རྒྱུས་ཀྱི་དུས་སྐབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་དཀྱིལ་སྙིང་དང་། གཞི་རྩའི་རྩ་དོན། བྱེད་ཕྱོགས་གལ་ཆེན། སྲིད་ཇུས་གལ་ཆེན་བཅས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་སྟེང་གི་མཚོན་ཚུལ་ཆེས་མཐོ་ཤོས་རེད།
གཉིས་པ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་རང་རྒྱལ་གྱི་རྩ་ཁྲིམས་ཀྱི་ཁྱད་ཆོས་མངོན་གསལ་ཡིན་པ་དང་། རང་རྒྱལ་གྱི་རྩ་ཁྲིམས་ནི་ང་ཚོའི་ཏང་གིས་དུས་ཡུན་རིང་པོར་སྲིད་དབང་སྐྱོང་བའི་རྩ་བའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡིན། རང་རྒྱལ་གྱི་རྩ་ཁྲིམས་ནང་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་འཛིན་གནས་བབ་གཏན་འཁེལ་བྱས་པ་དང་། ཏང་གིས་རྒྱལ་ཁབ་ཀྱི་སྲིད་དབང་གྲུབ་ཆའི་ཁྲོད་ཁྱོན་ཡོངས་ལ་གཅིག་འདོམས་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་ལྟེ་བའི་གནས་བབ་གཏན་འཁེལ་བྱས་ཡོད། དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་ཆེས་རྩ་བའི་འགན་ལེན་བཅས་རེད། ང་ཚོས་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་རྩ་ཁྲིམས་ལྟར་སྲིད་དབང་སྐྱོང་དགོས་ཞེས་བཤད་པ་དེ་ནི་ཏང་གི་འགོ་ཁྲིད་ཁས་མི་ལེན་པ་དང་འདོར་དགོས་པ་མིན་པར། རྩ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་གནས་བབ་ལ་གཡོ་འགུལ་མི་གཏོང་བ་དང་། རྩ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ལུགས་དང་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་སྲིད་དབང་སྒྲིག་སྲོལ་ལ་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བྱེད་དགོས་པ་དེ་རེད། འདི་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་གཏོང་ལམ་གྱི་རྩ་བའི་རྩ་དོན་ཡིན་པས། ནུབ་ཕྱོགས་ཀྱི“ཁྲིམས་སྲིད”ཟེར་བ་དང་ངོ་བོའི་ཐོག་གི་ཁྱད་པར་ཡོད། མི་སུ་ཞིག་གིས་ཀྱང་ཁ་གཡར་ས་གང་རུང་ཞིག་ལ་བརྟེན་ནས་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཁས་མི་ལེན་པ་དེ་ནི་ནོར་འཁྲུལ་དང་གནོད་པ་ཡོད་པ་ཞིག་ཡིན་པས། ཚང་མ་དང་ལེན་གཏན་ནས་བྱེད་མི་ཐུབ་པ་ཞིག་ཡིན་ལ་རྩ་བའི་ཐོག་ནས་རྩ་ཁྲིམས་དང་འགལ་བ་ཞིག་ཀྱང་ཡིན།
གསུམ་པ། རང་རྒྱལ་གྱི་རྩ་ཁྲིམས་ནི་ཏང་དང་མི་དམངས་ཀྱི་འདོད་བློ་གཅིག་བསྡུས་ཀྱིས་མཚོན་པ་ཞིག་ཡིན་པ་དང་། ཀྲུང་གོའི་ལོ་རྒྱུས་ཐོག་གི་དོན་སྙིང་དངོས་ཀྱི་མི་དམངས་ཀྱི་རྩ་ཁྲིམས་ཨང་དང་པོ་ཡིན། རང་རྒྱལ་གྱི་རྩ་ཁྲིམས་ནང་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་དང་། རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་བ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་དམངས་གཙོ་དར་སྤེལ་དང་མི་དམངས་ཀྱི་བློ་གྲོས་གཅིག་སྡུད་བྱས་ནས་ཆེས་རྒྱ་ཆེའི་མི་དམངས་ཀྱི་བརྩི་བཀུར་ཐོབ་ཡོད། ལག་ལེན་གྱི་ཐོག་ནས་རང་རྒྱལ་དུ་ད་ལྟ་སྤྱོད་བཞིན་པའི་རྩ་ཁྲིམས་ནི་མི་དམངས་ཀྱི་ཐུན་མོང་གི་འདུན་པ་གང་ལེགས་ཀྱིས་མཚོན་པ་དང་། མི་དམངས་ཀྱི་དམངས་གཙོའི་ཁེ་དབང་འགན་སྲུང་གང་ལེགས་བྱེད་པ། མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་གང་ལེགས་བྱེད་པ་བཅས་ཀྱི་རྩ་ཁྲིམས་བཟང་པོ་ཞིག་དང་། རྒྱལ་ཁབ་འཕེལ་རྒྱས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པར་ཁག་ཐེག་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་འགན་སྲུང་བྱེད་པ་བཅས་ཀྱི་རྩ་ཁྲིམས་བཟང་པོ་ཞིག་ཡིན་ལ། ང་ཚོའི་རྒྱལ་ཁབ་དང་མི་དམངས་ཀྱིས་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ཀྱི་ཚོད་བགམ་ཐེག་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་བརྒྱུད་དེ་མདུན་དུ་སྐྱོད་པའི་རྩ་བའི་ཁྲིམས་ལུགས་ཀྱི་འགན་ལེན་ཞིག་བཅས་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད།
རྩ་ཁྲིམས་ཀྱི་སྲོག་རྩ་ནི་ལག་བསྟར་ལ་རག་ལས་ཡོད་ལ། རྩ་ཁྲིམས་ཀྱི་དབང་གྲགས་ཀྱང་ལག་བསྟར་ལ་རག་ལས་ཡོད། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྩ་ཁྲིམས་དང་བཅའ་ཁྲིམས་བཟོས་པ་དང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་བྱས་ཤིང་། ཏང་རང་ཉིད་ཀྱིས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་བྱ་འགུལ་སྤེལ་དགོས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་དང་། རྒྱལ་ཁབ་ཀྱི་ལས་ཁུངས་དང་དྲག་པོའི་སྟོབས་ཤུགས་མཐའ་དག སྲིད་ཏང་སོ་སོ་དང་སྤྱི་ཚོགས་ཀྱི་ཚོགས་པ་སོ་སོ། ཁེ་ལས་དང་ལས་དོན་རྩ་འཛུགས་སོ་སོ་བཅས་ཚང་མས་ངེས་པར་དུ་རྩ་ཁྲིམས་གཞི་རྩ་ཡིན་པའི་བྱ་འགུལ་ཚད་གཞིར་འཛིན་དགོས་པར་མ་ཟད། རྩ་ཁྲིམས་ཀྱི་གཟི་རྔམ་སྲུང་འཛིན་དང་རྩ་ཁྲིམས་ལག་བསྟར་བྱེད་པར་འགན་ལེན་བྱེད་པའི་འགན་འཁྲི་ཡང་འཁུར་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།