ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་སློབ་གསོའི་སྐོར་གླེང་བ།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་བྱ་བའི་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་དོན་སྙིང་གལ་ཆེན་དང་དམིགས་འབེན་བླང་བྱ་རྒྱས་བཤད་གཏིང་ཟབ་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེ་གཟིགས་རྒྱང་རིང་ཞིང་མཐོང་རྒྱ་ཡངས་པ། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པས་ང་ཚོར་མགོ་རྩོམ་ས་མཐོ་བ་དང་ཚད་གཞི་མཐོ་བ། སྤུས་ཚད་མཐོ་བའི་བརྗོད་དོན་སློབ་གསོ་སྤེལ་བར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བླང་བྱར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་བརྗོད་དོན་སློབ་གསོ་ཏན་ཏིག་ངང་སྤེལ་བར་སྐུལ་སློང་དང་བཀོད་སྒྲིག་བྱས་ཡོད། ང་ཚོས་བརྗོད་དོན་སློབ་གསོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། བསམ་བློ་དང་ཆབ་སྲིད་ཀྱི་བྱ་སྤྱོད་ཐད་སྔར་ལས་རང་རྟོགས་ཀྱིས་ཏང་ཀྲུང་དབྱང་དང་གཅིག་གྱུར་ཡོང་བ་བྱེད་དགོས།
ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་མགོ་རྩོམ་པའི་ལོ་ཡིན་ཞིང་། མགོ་རྩོམ་པའི་ལོ་འདིར་བརྗོད་དོན་སློབ་གསོ་སྤེལ་བའི་མགོ་ཡང་བརྩམས་པས་དུས་སྐབས་དམིགས་བསལ་ཡིན་ལ་དོན་སྙིང་ཟབ་མོ་ལྡན། དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་སྣ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་དང་། བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་བཅས་ཀྱི་དཀའ་ཚེགས་ཆེ་བའི་ལས་འགན་ལྗིད་མོ་དང་། ངེས་གཏན་མེད་པའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་བཅས་ཀྱི་མདུན་དུ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་གཏན་འབེབས་བྱས་པའི་འཐབ་ཇུས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཏང་ཡོངས་ཀྱི་བློ་མཐུན་རྣམས་ལ་ཏང་གི་ལས་འགན་གཙོ་བོ་ལེགས་འགྲུབ་བྱེད་པར་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་སློང་བྱེད་དགོས་ཤིང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་སྤྱི་དང་ལྷག་པར་དུ་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། སྔར་ལས་ལྷག་པར་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བྱེད་པ་དང་། སྔར་ལས་རང་རྟོགས་ཀྱི་སྒོས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“དགོས་ངེས་ཀྱི་བླང་བྱ་གསུམ་”ལ་བརྟེན་ནས་བརྗོད་དོན་སློབ་གསོ་སྤེལ་བ་དེས་ཏང་ཡོངས་ཀྱི་བསམ་བློ་དང་འདོད་བློའི་བྱ་སྤྱོད་གཅིག་གྱུར་ཡོང་བ་དང་། ཏང་ཡོངས་ཀྱིས་ཧུར་ཐག་གིས་འགན་འཁྲི་འཁུར་བར་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་ཀྱི་ཆབ་སྲིད་ཀྱི་དོན་སྙིང་དང་ལག་ལེན་གྱི་དོན་སྙིང་། འཐབ་ཇུས་ཀྱི་དོན་སྙིང་བཅས་གསལ་སྟོན་གཏིང་ཟབ་གནང་ཡོད། ཐེངས་འདིར་བརྗོད་དོན་སློབ་གསོ་སྤེལ་བ་ནི་ཏང་ཡོངས་ཀྱི་བསམ་བློ་དང་འདོད་བློའི་བྱ་སྤྱོད་གཅིག་གྱུར་བྱེད་པ་དང་། ཏང་གི་གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་གི་ནུས་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན་ལ། ཏང་ཡོངས་ཀྱིས་ཧུར་ཐག་གིས་བྱས་རྗེས་འཇོག་པར་སྐུལ་འདེད་གཏོང་བ་དང་བྱ་གཞག་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་སྐྲུན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་ཏང་གི་རང་ངོས་གསར་བརྗེ་ཡིས་སྤྱི་ཚོགས་གསར་བརྗེ་ལ་ཁྲིད་སྟོན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན་པས། ཏང་ཡོངས་ཀྱི་བསམ་བློ་གཅིག་གྱུར་དང་ཏང་ནང་ཁུལ་དུ་གནས་པའི་མངོན་གསལ་གྱི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པ། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་སུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན།
བརྗོད་དོན་སློབ་གསོའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པར་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པར་ཤུགས་སྣོན་བྱེད་པའི་ཐད་མུ་མཐུད་དུ་འབད་བརྩོན་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཡོད་པ་ནི་རང་རེའི་ཏང་གི་དད་སེམས་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ལོ་རྒྱུས་ཀྱི་རང་འགུལ་ཡང་དག་པར་ཁོང་དུ་ཆུད་པའི་རྩ་བའི་གནས་ས་ཡིན་ཞིང་། སྐྱོད་ལམ་གསར་བའི་སྟེང་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པའི་ལས་འགན་སྔར་བཞིན་ལྗིད། བརྗོད་དོན་སློབ་གསོ་སྤེལ་བར་བརྟེན་ནས་ཏང་ཡོན་ལས་བྱེད་པར་བསམ་བློའི་སྟེང་གཞི་སྒྱུར་རྩ་སྒྱུར་དང་རྩ་བ་བརྟན་གཏོང་གི་ཁྲིད་སྟོན་བྱེད་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་དད་སེམས་ཀྱི་“སེམས་”དང་། རྦད་དེ་བློ་དཀར་སེམས་དཀར་གྱི་“བླ་སྲོག་”རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ།“གཏན་འཁེལ་གཉིས་”དང་“སྲུང་སྐྱོང་གཉིས་”ཡིད་ལ་གསལ་བོར་བཅངས་པ་དང་ཁྲག་རྒྱུན་གྱི་ཁྲོད་དུ་འདྲེས་པར་བྱས་ནས། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་ཤེས་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
བརྗོད་དོན་སློབ་གསོའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་བསྐྱར་དར་གྱི་སྐྱོད་ལམ་གསར་བའི་སྟེང་འགན་འཁྲི་འཁུར་ཕོད་པ་བྱེད་དགོས། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་དམིགས་འབེན་གྱིས་མི་སེམས་ལ་སྐུལ་སློང་དང་འབད་འབུངས་ཡར་བརྩོན་བྱེད་པར་སྐུལ་མ་ཐེབས་པ་ཞིག་རེད། ང་ཚོ་མི་རབས་འདིའི་གུང་ཁྲན་ཏང་མིའི་ལས་འགན་ནི་གཟི་བརྗིད་ལྡན་ལ་འགན་འཁྲི་ལྗིད་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་འཆར་འགོད་བྱས་པའི་བརྗིད་ཆེའི་དམིགས་འབེན་དེ་དངོས་སུ་མངོན་འགྱུར་བྱེད་པར་མུ་མཐུད་དུ་འབད་བརྩོན་ཆེན་པོ་བྱེད་དགོས། བརྗོད་དོན་སློབ་གསོ་སྤེལ་བ་བརྒྱུད་ནས་ཏང་ཡོན་ལས་བྱེད་པར་ཡང་དག་པའི་དབང་ཆའི་ལྟ་བ་དང་སྲིད་སྐྱོང་གི་བྱས་རྗེས་ལྟ་བ། བྱ་གཞག་གི་ལྟ་བ་བཅས་འཛུགས་པར་ཁྲིད་སྟོན་བྱས་ནས།“དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲི་འཁུར་སེམས་དང་དགོས་གཏུག་གི་བསམ་པ་ཆེ་རུ་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། མང་ཚོགས་ལ་ཞབས་འདེགས་ཞུ་བ། ཉེན་ཁ་འགོག་ཟོན་བཅས་ཀྱི་འཇོན་ཐང་ཆེ་རུ་བཏང་སྟེ་འགན་འཁྲི་འཁུར་འདོད་པ་དང་འགན་འཁྲི་འཁུར་ཕོད་པ། འགན་འཁྲི་ལེགས་པོར་འཁུར་བ་བཅས་ཀྱི་སྙིང་སྟོབས་འཕེལ་བར་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་དང་རང་ས་ཁུལ་དང་རང་སྡེ་ཁག རང་ལས་ཁུངས་བཅས་ཀྱི་བྱ་བར་གྲུབ་འབྲས་ཏན་ཏིག་ཐོབ་པར་སྐུལ་འདེད་གཏོང་དགོས།
བརྗོད་དོན་སློབ་གསོའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཏེ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ལྷོད་གཡེང་ཅུང་ཙམ་ཡང་བྱེད་མི་རུང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་ནི་ཏང་ལ་ནམ་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་རྒྱུགས་སྤྲོད་ཀྱི་ལམ་བུ་གསར་པའི་སྟེང་དུ་ཡག་པོ་སྐྱོད་པར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན་པས། ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་ཁག་ཐག་གཅོད་བྱེད་པའི་བློ་རིག་གསལ་བོ་དང་བློ་བརྟན་འགྱུར་མེད་རྒྱུན་འཁྱོངས་བྱེད་དགོས། བརྗོད་དོན་སློབ་གསོ་སྤེལ་བ་བརྒྱུད་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བྱེད་རྒྱུ་དེ་སྔར་ལས་མངོན་གསལ་གྱི་གནས་བབ་སྟེང་བཞག་ནས། ཏང་ཡོན་ལས་བྱེད་པས་རང་རྟོགས་ཀྱིས་ཏང་གི་སྒྲིག་ཡིག་དང་བསྡུར་ནས་ཧེ་བག་འཚོལ་བ་དང་མང་ཚོགས་ཀྱི་རེ་སྒུག་དང་བསྡུར་ནས་ཧེ་བག་འཚོལ་བ། ཆབ་སྲིད་དང་བསམ་བློ། ནུས་པ། ཀུན་སྤྱོད། སྒྲིག་ཁྲིམས་སོགས་ཐད་ཀྱི་རང་ངོས་ཀྱི་ནད་གཞི་གཙང་སེལ་བྱེད་པ་དང་། རང་ངོས་དྭངས་གཙང་དང་རང་ངོས་ལེགས་བཅོས། རང་ངོས་མཐོར་གཏོང་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ། མི་རིགས་ས་ཁུལ་གྱི་ཏང་གི་སྲིད་སྐྱོང་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ། སྐྱོད་ལམ་གསར་པའི་སྟེང་བརྩོན་པས་བསྐྱོད་དེ་དུས་རབས་གསར་པ་བསྐྲུན་པར་སྟོབས་དང་ལྡན་པའི་ཆབ་སྲིད་ཀྱི་སྣེ་ཁྲིད་དང་ཆབ་སྲིད་ཀྱི་འགན་ལེན་འདོན་སྤྲོད་བྱེད་དགོས།
བརྗོད་དོན་སློབ་གསོར་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཟབ་མོ་ལྡན་པས། ང་ཚོས་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་དངོས་གཉེར་གྱི་བྱ་བའི་བྱེད་ཐབས། སྒྲིག་ཁྲིམས་ཀྱི་སྤྱོད་ཚུལ་ནན་མོ་བཅས་ཀྱི་སྟེང་ནས། བརྗོད་དོན་སློབ་གསོར་ཕན་འབྲས་དངོས་ཐོབ་པར་སྐུལ་འདེད་གཏོང་བ་དང་། བརྗོད་དོན་སློབ་གསོའི་སྐུལ་སློང་ལ་བརྟེན་ནས་བྱུང་བའི་ཡིད་ཆེས་དང་ངར་ཤུགས། སྟོབས་ཤུགས་དེ་དྲིན་གཟོ་ཡར་བརྩོན་དང་མཐུན་སྒྲིལ་འབད་འཐབ་བྱེད་པའི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཞིག་འབྲི་དགོས།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།