སྲིད་ཇུས་ལག་ཏུ་བསྟར།། མང་ཚོགས་སེམས་སུ་བཟུང་།
2023.04.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར་དྲ་བ། ཀློག་གྲངས། 12

རིན་ཆེན་ཚེ་དབང་གིས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་སྒྲོག་འགྲེལ་རྒྱུ་ཆ་བཟུང་སྟེ་རྟ་ཝམ་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་དུ་སོང་།

རིན་ཆེན་ཚེ་དབང་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་འཕེལ་རྒྱས་བཅོས་བསྒྱུར་ཅུས་ཡིད་རྟོན་ལྟེ་གནས་ཀྱི་ཀྲུའུ་རིན་ཡིན་ལ། 2021ལོར་རྩ་འཛུགས་ཀྱིས་བྲག་དཀར་ཡུལ་ཚོ་རྟ་ཝམ་སྡེ་བར་བདམས་མངགས་བྱས་ཏེ“ཧྲུའུ་ཅི་དང་པོ”ཡི་ལས་འགན་འཁུར་ཞིང་ད་ལྟའི་བར་དུ་ལོ་གསུམ་འགོར་ཡོད།

“ད་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་ཕྱོགས་དགུ་ལ་དམིགས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་རྒྱུའི་བཀོད་སྒྲིག་བྱས་པ་དང་། ཞིང་སྡེ་གཞི་རིམ་གྱི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པས། ང་ཚོ་སྡེ་བའི་ཏང་ཀྲི་པུའུ་ཡིས་ཀྱང་ཡིག་ཆའི་དགོངས་དོན་གཏིང་ཟབ་སྒོས་དོན་འཁྱོལ་དངོས་འབེབས་བྱས་ཏེ། ཚང་མའི་འཚོ་བ་ཡར་ངོའི་ཟླ་ལྟར་འཕེལ་བར་སྣེ་ཁྲིད་བྱེད་དགོས”ཞེས་རིན་ཆེན་ཚེ་དབང་གིས་ཁ་བརྡའི་མགོ་གླེང་མ་ཐག་དེ་ལྟར་བཤད་བྱུང་།

བསྟུད་མར་ཉིན་འགའི་རིང་ལ། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་དེ་རྒྱ་ཆེ་ལ་གཏིང་ཟབ་པའི་ངང་སྒྲོག་འགྲེལ་བྱེད་པ་དང་། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི“སྒྲོག་འགྲེལ་གཅིག་དང་བརྟན་བརླིང་གཉིས། སྐུལ་འདེད་གསུམ”གྱི་ལས་བྱེད་པ་ཁྲི་ལྷག་གཞི་རིམ་དུ་སྐྱོད་པའི་བྱ་འགུལ་ཧུར་ཐག་གིས་དང་ལེན་བྱེད་ཆེད།  བྲག་དཀར་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གིས་སྡེ་ཁག་གི་མི་སྣ་མགྱོགས་མྱུར་གྱིས་རྩ་འཛུགས་བྱས་ཏེ་ཆེད་དོན་སྐུལ་འདེད་གྲོས་ཚོགས་བསྡུས་པ་དང་། “སྒྲོག་འགྲེལ་གཅིག་དང་བརྟན་བརླིང་གཉིས། སྐུལ་འདེད་གསུམ”གྱི་བྱ་འགུལ་གཟབ་ནན་གྱིས་བཀོད་སྒྲིག་བྱས་པར་མ་ཟད།  དངོས་ཡོད་ལ་དམིགས་པ་དང་སྔ་མོ་ནས་ཇུས་འགོད་བྱེད་པ། རང་འགུལ་གྱི་བྱེད་སྟངས་བཅས་ཀྱིས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་དཔེ་དབྱིབས་གསར་པ་ཧུར་ཐག་གིས་གསར་སྐྲུན་བྱས།

ཆེ་རྒྱུ་མེད་པའི་ཏང་ཡོན་བྱ་འགུལ་ཁང་དུ་མི་ཚོགས་ཀྱིས་ཁེངས་པ་དང་། ཚང་མ་མཉམ་དུ་འཛོམས་ཤིང་བློ་རྩེ་གཅིག་སྒྲིམ་གྱིས་སྒྲོག་འགྲེལ་ལ་ཉན་བཞིན་འདུག རིན་ཆེན་ཚེ་དབང་གིས་མང་ཚོགས་ལ་ཡིག་ཆའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། སྒྲོག་འགྲེལ་གྱི་ནང་དོན་ཕུན་སུམ་ཚོགས་ལ“ས་གནས་ཀྱི་ཁྱད་ཆོས”ཀྱང་འཛོམས་ཡོད།

“དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་བསྐྱེད་དགོས་ལ། ཡང་བསྐྱར་དབུལ་བོར་འགྱུར་བ་སྔོན་འགོག་བྱེད་པའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་དབུལ་སྐྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཡང་བསྐྱར་དབུལ་བོར་འགྱུར་བ་དང་དབུལ་བོར་འགྱུར་སླ་བའི་མི་གྲངས་དུས་ཐོག་ཏུ་ཤེས་རྟོགས་དང་དབུལ་སྐྱོར་བྱས་ཏེ།  ཡང་བསྐྱར་དབུལ་བོར་འགྱུར་བའི་གནས་ཚུལ་མང་པོ་འབྱུང་བར་སྔོན་འགོག་བྱེད་པའི་ཚད་མཐའ་བརྟན་སྲུང་བྱེད་དགོས།”

སྐབས་དེར་རིན་ཆེན་ཚེ་དབང་གིས་སྒྲོག་འགྲེལ་བྱེད་མཚམས་བཞག་སྟེ་ཚང་མ་དང་མཉམ་དུ་ཁ་བརྡ་བྱས་བྱུང་།

“ཉི་བུ་ཚེ་རྒྱལ། ད་ལོར་སྡེ་བའི་ནང་གི་བུལ་ཕྱེ་ལས་སྣོན་བཟོ་གྲྭ་ལེགས་འགྲུབ་བྱུང་སྟེ་ཐོན་སྐྱེད་བྱེད་མགོ་བརྩམ་རྒྱུ་རེད།  ཁྱོད་དེར་སོང་ནས་ལས་ཀ་བཙལ་ཆོག དེའི་ལས་ཀ་ཡང་ལ་རང་ཁྱིམ་དང་ཐག་ཉེ་བར་མ་ཟད། གླ་ཕོགས་ཀྱང་ལེན་ཐུབ”ཅེས་རིན་ཆེན་ཚེ་དབང་གིས་སེམས་ཁུར་ངང་དེ་ལྟར་བཤད་།

མ་གཞི་ཉི་བུ་ཚེ་རྒྱལ་ནི་སྡེ་བའི་ནང་གི་འབྲོག་པ་ཏང་ཡོན་ཞིག་ཡིན་པ་དང་། ཁོའི་དཔལ་འབྱོར་གྱི་ཡོང་སྒོ་གཙོ་བོ་ནི་ཕྱུགས་འཚོས་ནས་བཤས་རར་བཙོང་བའི་ཡོང་སྒོ་དེ་ཡིན། ཁོ་ནི་གཞུང་རྒྱུད་དྲང་ལ་ལས་ཀར་ནན་མོ་ཞིག་ཡིན་མོད། འོན་ཀྱང་འཚོ་བ་སྔར་བཞིན་ཐབས་ཆག་ཅིག་རོལ་བཞིན་འདུག

“བུལ་ཕྱེ་བཟོ་གྲྭ་ནི་སྡེ་བའི་ནང་གི་ཡུལ་བབ་དང་བསྟུན་ནས་འཕེལ་རྒྱས་གཏོང་བའི་ཐོན་ལས་གསར་པ་ཞིག་ཡིན་ལ། དེ་ལེགས་འགྲུབ་བྱུང་སྟེ་ཐོན་སྐྱེད་བྱེད་མགོ་བརྩམས་རྗེས། སྡེ་བའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་ཐུབ་པར་མ་ཟད། མང་ཚོགས་ཡང་བསྐྱར་དབུལ་བོར་འགྱུར་བའི་རྣམ་པ་སྔོན་འགོག་ཀྱང་བྱེད་ཐུབ། དེ་དང་ཆབས་ཅིག་སྡེ་བའི་ནང་གི་ལས་ཞུགས་གནད་དོན་འགའ་ཐག་བཅད་དེ།  ད་ལོའི་གཙོ་གནད་བྱ་བའི་གྲས་སུ་བགྲང་ཆོག”ཅེས་རིན་ཆེན་ཚེ་དབང་གིས་དེ་ལྟར་བཤད།

“ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ལས་འབྲུ་རིགས་དང་ཞིང་ཕྱུགས་ཐོན་རྫས་གཙོ་བོ་ཐོན་སྐྱེད་བརྟན་བརླིང་དང་མཁོ་འདོན་འགན་ལེན་བྱེད་པ་དམ་འཛིན་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ། བདེ་སྡོད་ལས་ཞུགས་ལ་འཚམ་པ་དང་མཛེས་སྡུག་གི་ཞིང་སྡེ་འཛུགས་སྐྲུན་ལ་ཏན་ཏིག་གིས་སྐུལ་འདེད་བྱེད་པ། ཏང་རྩ་འཛུགས་མགོ་ཁྲིད་ཀྱི་ཞིང་སྡེ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། སྲིད་ཇུས་འགན་སྲུང་དང་སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་ལ་ཤུགས་སྣོན་བྱེད་དགོས་པ་བཅས་བཏོན་ཡོད་པས། ངས་རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་མཛུབ་སྟོན་དུ་འཛིན་པ་དང་། མང་ཚོགས་ཀྱི་དགོས་མཁོ་ཁྲིད་ཕྱོགས་སུ་བཟུང་སྟེ། ཏང་ཡོན་གྱི་འགན་འཁྲི་ལག་བསྟར་བྱེད་རྒྱུ་ཡིན་ལ། དམངས་ཀྱི་མགྲིན་ཚབ་བྱེད་པ་དང་། དམངས་ཀྱི་དཀའ་སྡུག་སེལ་བ། དམངས་ལ་བདེ་སྐྱིད་འཚོལ་སྙེག་བཅས་བྱས་ཏེ། གྲོང་གསེབ་དར་སྤེལ་ཁྲོད་དུ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་རྒྱུ་ཡིན”ཞེས་བསོད་ནམས་ཚེ་འཕེལ་གྱིས་སྒྲོག་འགྲེལ་ལ་ཉན་རྗེས་མྱོང་ཚོར་ཟབ་མོས་དེ་ལྟར་བཤད།

ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་ཁྱབ་བསྒྲགས་བྱས་པ་ནས་བཟུང་། བྲག་དཀར་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གིས་དེར་ཚད་མཐོན་པོས་མཐོང་ཆེན་དང་མགྱོགས་མྱུར་གྱིས་ལག་ལེན་བྱེད་པ། སྔ་མོ་ནས་ཇུས་འགོད་བཅས་བྱས་ཡོད། ལས་བྱེད་པ་རྩ་འཛུགས་བྱས་ནས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་ལ་ཆེད་དོན་སློབ་སྦྱོང་བྱས་པ་དང་། ཡིག་འབྲུ་རེ་རེ་དང་ཚིག་འབྲུ་རེ་རེ་བཞིན་ཞིབ་འཇུག་དང་ཀློག་འདོན་བྱས་ཤིང་། དགོངས་དོན་གྱི་ངོ་བོ་དང་སྲིད་ཇུས་ཀྱི་ཁྲིད་ཕྱོགས་ཁོང་དུ་ཆུད་པར་བྱས་ཏེ། ཡིག་ཆའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་པར་མ་ཟད།  ཡུལ་ཚོའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ།     བོད་རྒྱ“སྐད་གཉིས”ཀྱི་ལས་བྱེད་པ12འདེམས་སྒྲུག་སྐོང་འཐེན་བྱས་ཏེ་སྒྲོག་འགྲེལ་ཚན་ཆུང3བཙུགས་པ་དང་། སྒྲོག་འགྲེལ་རྒྱུ་ཆ20ལྷག་དང་དྲིལ་སྒྲོག་ལག་དེབ500ལྷག་དཔར་སྐྲུན་བྱས་ལ། བྱ་འགུལ་གྱི་གྲ་སྒྲིག་བྱ་བ་ནུས་ལྡན་ངང་ཇུས་འགོད་བྱས་ཏེ། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་རྨང་གཞི་བརྟན་པོ་བཏིངས།

སྒྲོག་འགྲེལ་པ་ཚོས་འབྲི་སྟོད་ཀྱི་དངོས་ཡོད་ལ་ཟུང་འབྲེལ་བྱས་ཏེ། མང་ཚོགས་ཀྱི་སེམས་ཀྱི་དོགས་གཞི་བློ་གཅིག་སེམས་གཅིག་གིས་སེལ་བ་དང་།  འབྲོག་ཁུལ་ཐོན་ལས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ། བདེ་སྡོད་ལས་ཞུགས་ལ་འཚམ་པའི་ཞིང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ།  ཏང་རྩ་འཛུགས་མགོ་ཁྲིད་ཀྱི་ཞིང་སྡེ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཕྱོགས་སོ་སོ་ནས་སྒྲོག་འགྲེལ་བྱེད་མགོ་བརྩམས་པར་མ་ཟད། ཚང་མས་གྲོང་གསེབ་དར་སྤེལ་གྱི་གོ་སྐབས་དམ་འཛིན་དང་། འབྲི་སྟོད་རྫོང་གི་ཞིང་ཕྱུགས་ཐོན་ལས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱས་ཏེ།  ཧུར་ཐག་གིས་འབྱོར་ཕྱུག་དང་མཛེས་སྡུག འཆམ་མཐུན་གྱི་འབྲི་སྟོད་འཛུགས་སྐྲུན་བྱེད་དགོས་པའི་འབོད་སྐུལ་བཏང་།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།