“དགོངས་པར་སློབ་སྦྱོང་དང་། ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་ཡང་དག་པར་ཁོང་དུ་ཆུད་དགོས།
2023.04.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་སློབ་གསོའི་བྱ་བའི་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས།

“ཐེངས་འདིའི་བརྗོད་དོན་སློབ་གསོའི་ནང‘དགོངས་པར་སློབ་སྦྱོང་དང་། ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་པ་འཇོག་པའི’སྤྱིའི་བླང་བྱ་ཡང་དག་པར་ཁོང་དུ་ཆུད་པ་བྱེད་དགོས།”  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱར་འཆད་འགྲེལ་ཟབ་མོ་གནང་ཞིང་། དགོངས་པར་སློབ་སྦྱོང་དང་ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་པ་འཇོག་པ་བཅས་ཀྱི་ཐོག་ནས་ང་ཚོའི་ཏང་གི་ངོས་འཛིན་དང་ལག་ལེན་ཟུང་འབྲེལ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཕན་ཚུན་ཟུང་འབྲེལ། རང་སྣང་གི་འཇིག་རྟེན་བསྒྱུར་བཀོད་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་བསྒྱུར་བཀོད་ཕན་ཚུན་གཅིག་གྱུར་བཅས་ཀྱི་ཐོག་མཐའ་བར་གསུམ་གྱི་བླང་བྱ་མཚོན་ཡོད་པས་དེ་ནི་འབྲེལ་བ་དམ་ཟབ་དང་། ཕན་ཚུན་སྦྲེལ་མཐུད། ནང་གནས་གཅིག་གྱུར་བཅས་ཀྱི་ཚོགས་སྤྱི་ཞིག་ཡིན་པས། སྤྱིའི་བླང་བྱ་དེ་ཐེངས་འདིའི་བརྗོད་དོན་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས།

ཏང་གི་རིགས་པའི་གཞུང་ལུགས་གསར་སྐྲུན་གོམ་གང་མདུན་དུ་སྤོས་ན། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པའི་གོམ་སྟབས་ཀྱང་གོམ་གང་མདུན་དུ་སྤོ་ཐུབ་ངེས་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་མཆོང་སྐྱོད་གསར་པ་མངོན་འགྱུར་བྱུང་བ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན། རྣམ་པ་གསར་བ་བཅས་གཏོད་པས། ནང་དོན་དུ་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གསུམ་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་སོགས་ཕྱོགས་གང་ཅིའི་ཐད་ལ་ཁྱབ་ནས་ཚན་རིག་གི་མ་ལག་ཆ་ཚང་ཞིག་གྲུབ་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས“གསལ་པོ་བཅུ”དང་།“རྒྱུན་འཁྱོངས་བཅུ་བཞི།”“ཕྱོགས་བཅུ་གསུམ་གྱི་གྲུབ་འབྲས”བཅས་ཀྱི་ཐོག་ནས་དགོངས་པ་འདིའི་ནང་དོན་གཙོ་བོ་སྙིང་བསྡུས་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་རིགས་པའི་གཞུང་ལུགས་གསར་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བའི་ཚན་རིག་དང་མཐུན་པའི་བྱེད་ཐབས་བཏོན་པ་སྟེ། ངེས་པར་དུ་མི་དམངས་ནི་བླ་ན་མེད་པ་རྒྱུན་འཁྱོངས་དང་། རང་ལ་ཡིད་ཆེས་དང་རང་ཚུགས་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་བདེན་སྲུང་གསར་སྐྲུན་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་བློ་ཁོག་ཏུ་གནམ་འོག་བཅངས་བ་རྒྱུན་འཁྱོངས་བཅས་བྱ་དགོས། “ངེས་པར་དུ་རྒྱུན་འཁྱོངས་བྱ་དགོས་པ་དྲུག”ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ཀྱི་མཚོན་ཚུལ་གལ་ཆེན་ཞིག་རེད། དགོངས་པར་སློབ་སྦྱོང་བྱེད་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་ལེན་པ་དང་། དགོངས་པ་དེའི་གཞི་རྩའི་ལྟ་བ་དང་ཚན་རིག་གི་མ་ལག་ལ་ཕྱོགས་ཡོངས་ནས་དམ་འཛིན་བྱེད་པ། དགོངས་པ་དེའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བར་དམ་འཛིན་ཡག་པོ་བྱེད་པ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ་དང་བྱ་ཐབས་བཅས་རྒྱུན་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱི་ཆབ་སྲིད་མོས་མཐུན་དང་། བསམ་བློའི་མོས་མཐུན། རིགས་པའི་གཞུང་ལུགས་ཀྱི་མོས་མཐུན། བརྩེ་སེམས་ཀྱི་མོས་མཐུན་བཅས་མུ་མཐུད་དུ་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས་པ་དང་། མར་ཁེ་སི་རིང་ལུགས་ཀྱི་སྲོག་ཤིང་གཙོ་བོ་སློབ་སྦྱོང་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་བྱ་བ་སྣ་ཚོགས་རང་འགུལ་སྒོས་བཀོལ་སྤྱོད་བྱེད་དགོས།

སྲིད་དོན་ལེགས་པོར་སྐྱོང་དགོས་ན་རང་གཅུན་རྩ་བར་འཛིན་དགོས། ཏང་གཤིས་ནི་ཏང་ཡོན་དང་ལས་བྱེད་པས་རང་གནས་དང་། ལས་སྐྲུན། གཏམ་གླེང་། ཀུན་སྤྱོད་ལེགས་སྐྱོང་བཅས་བྱེད་པའི་རྨང་རྡོ་ལྟ་བུ་ཡིན། ཆབ་སྲིད་སྟེང་བརྟན་པོ་ཡོད་པ་དང་ཏང་གཤིས་སྟེང་བརྟན་པོ་ཡོད་པ་དེ་གཉིས་ཀ་རིགས་པའི་གཞུང་ལུགས་སྟེང་བརྟན་པོ་ཡོང་བ་དང་ཁ་བྲལ་ཐབས་མེད། ཏང་ཡོན་དང་ལས་བྱེད་པ་འཚར་ལོངས་ཡོང་བར་ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་དགོངས་པ་གལ་ཆེན་ཚུད་པ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་གཤིས་རྒྱུད་དང་། རིན་ཐང་དོན་གཉེར། བསམ་པའི་རྣམ་པ། སྤྱོད་ཚུལ་བརྩི་སྲུང་བཅས་ཀྱི་བླང་བྱའང་ཁྱབ་ཡོད། ཏང་གཤིས་ཇེ་དྲག་ཏུ་གཏོང་བ་ནི་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་རང་སྣང་འཇིག་རྟེན་སྒྱུར་བཀོད་བྱས་ནས་ཕུགས་བསམ་དད་སེམས་ཇེ་བརྟན་དུ་གཏོང་བ་དང་། བསམ་བློའི་གོ་རྟོགས་མཐོ་རུ་གཏོང་བ། ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་དགོངས་པ་རབ་དང་རིམ་པར་གོ་བ་ཟབ་མོ་བླངས་ནས། སྔ་ཕྱི་བར་གསུམ་དུ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་བཞིན་རྒྱུན་འཁྱོངས་བྱེད་དགོས།

མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ནི་ལག་ལེན་ལས་བྱུང་ལ་ལག་ལེན་ལ་སློབ་སྟོན་ཡང་གནང་བ་རེད།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི་བེད་སྤྱོད་གཏོང་རྒྱུ་དེ་ཡིན་པ་དང་། དགོངས་པ་དེ་རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་བྱེད་པའི་བསམ་བློའི་དྲག་ཆས་སྟོབས་ཆེན་ཞིག་ཏུ་འགྱུར་བར་བྱ་རྒྱུ་དེ་རེད། ཏང་ཡོན་དང་ལས་བྱེད་པ་དང་ལྷག་པར་དུ་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་བསམ་བློ་དེའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་རང་ཉིད་ཀྱི་བསམ་བློའི་མཚོན་ཆ་ཞིག་ཏུ་འགྱུར་བར་བྱས་ནས། ནང་སེམས་ལ་ཟུག་པ་དང་ཕྱིའི་བྱ་སྤྱོད་སྟེང་དོན་འཁྱོལ་བྱས་ཚེ། གཞི་ནས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་སྐྲུན་ཐུབ། ལག་ལེན་ལ་མཐོང་ཆེན་བྱེད་པ་ནི་རང་འགུལ་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་བསྟར་ནས། ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་སྒྱུར་བཀོད་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་དུས་རབས་ལ་ལྟ་ཞིབ་དང་། དུས་རབས་ཁོང་དུ་ཆུད་པ། དུས་རབས་ཀྱི་སྣེ་ཁྲིད་བཅས་བྱས་ཏེ་འགྱུར་ལྡོག་གཏོང་བར་ངོས་འཛིན་ཧུར་ཐག་བྱས་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཏང་འཛུགས་སྐྲུན་ཁྲོད་གནས་པའི་འགལ་བ་དང་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པ་དང་། ཉེན་ཁ་ཆེན་པོ་སེལ་རྒྱུར་དོགས་ཟོན་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་ལ་ཚད་བརྒལ་གསར་པ་འབྱུང་བར་སྐུལ་འདེད་བཅས་བྱེད་དགོས།

དེང་རབས་ཀྱི་ཀྲུང་གོས་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་ཆེས་རྒྱ་ཆེ་ཞིང་དམིགས་བསལ་གྱི་ལག་ལེན་གསར་སྐྲུན་བརྒྱུད་བཞིན་ཡོད་པ་དང་། བཅོས་སྒྱུར་དང་འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་ལས་འགན་ལྕི་པོ་དང་། འགལ་བ་དང་ཉེན་ཁ། འགྲན་སློང་མང་པོ་གནས་ཡོད་ལ། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཚོད་བགམ་བཅས་ཚང་མ་སྔར་བྱུང་མྱོང་མེད་པ་ཞིག་རེད། ང་ཚོར་ལེགས་ཆ་ཐོབ་པ་དང་། རང་འགུལ་ཐོབ་པ། མ་འོངས་པ་ཐོབ་པ་བཅས་བྱེད་པར་ངེས་པར་དུ་མར་ཁེ་སི་རིང་ལུགས་སྤྱད་དེ་དངོས་ཡོད་གནད་དོན་དབྱེ་ཞིབ་དང་ཐག་གཅོད་བྱེད་པའི་ནུས་པ་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་ང་ཚོས་འགྲན་སློང་ཆེན་པོར་ཁ་གཏད་འཇལ་བ་དང་། ཉེན་ཁ་ཆེན་པོ་འགོག་པ། འགོག་རྐྱེན་ཆེན་པོ་སེལ་བ། འགལ་ཟླ་ཆེན་པོ་སེལ་བ། གནད་དོན་གལ་ཆེན་ཐག་གཅོད་བྱེད་པ་བཅས་ཀྱི་མཛུབ་ཁྲིད་ནུས་པ་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས། བྱས་རྗེས་གསར་པ་འཇོག་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲོད་ནས་འབད་འབུངས་ཡར་བརྩོན་གྱི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་དེའི་ཁྲོད་ཀྱི་འགོ་ཁྲིད་བྱེད་ཐབས་དང་། བསམ་བློ་གཏོང་སྟངས། བྱ་བ་སྒྲུབ་སྟངས་བཅས་ཁོང་དུ་ཆུད་པ་བྱས་ནས། རང་འགན་གཙང་སྒྲུབ་ཀྱི་ནུས་པ་དང་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་བཏང་སྟེ། སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་བྱེད་པ། ལས་གནས་ལ་རྐང་བཙུགས་ནས་ལེགས་སྐྱེས་འབུལ་བ། ཧུར་ཐག་གིས་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་བསྐྲུན་དགོས།

མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་བས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་ཁྲིད་སྟོན། བྱ་བར་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱ་རྒྱུ་ནི་ང་ཚོའི་ཏང་གིས་ལོ་རྒྱུས་གསར་སྐྲུན་དང་། འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་པར་བྱེད་པའི་ཉམས་མྱོང་གལ་ཆེན་ཞིག་རེད།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས།“དགོངས་པར་སློབ་སྦྱོང་དང་། ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་ཡང་དག་པར་ཁོང་དུ་ཆུད་པ་བྱས་ཏེ། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཁྲོད་བེད་སྤྱོད་བྱས་ནས། བརྗོད་དོན་སློབ་གསོར་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་སྟེ། འབད་འབུངས་ཡར་བརྩོན་གྱིས་སྐྱོད་ལམ་གསར་པར་ཞུགས་ཆེད་སེམས་ནུས་གཅིག་སྒྲིལ་དང་། འབད་འབུངས་སྟོབས་ཆེན། ཞུམ་མེད་མདུན་སྐྱོད་བཅས་བྱས་ན། ང་ཚོས་རྒྱལ་ཁབ་སྟོབས་ཆེན་དང་། མི་རིགས་བསྐྱར་དར་གྱི་བྱ་གཞག་ཆེན་པོ་བསྐྲུན་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་ཐུབ་ངེས་རེད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།