ཟླ4པའི་ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བརྒྱད་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་བསྐྲུན་ནས།མ་འོངས་པའི་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་དམ་འཛིན་བྱེད་དགོས》ཞེས་པ་སྤེལ་ཡོད།
རྩོམ་ཡིག་ནང་རང་རྒྱལ་གྱི་མི་གྲངས་དུང་ཕྱུར14ལྷག་ཁྱོན་ཡོངས་ནས་དེང་རབས་ཅན་གྱི་སྤྱི་ཚོགས་སུ་བསྐྱོད་པ་དང་། གཞི་ཁྱོན་ད་ཡོད་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་མི་གྲངས་བསྡོམས་འབོར་ལས་བརྒལ་ཞིང་། དེའི་དཀའ་ཚེགས་རང་བཞིན་དང་རྙོག་འཛིང་རང་བཞིན་སྔར་བྱུང་མ་མྱོང་བ་ཞིག་ཡིན་པས། ངེས་པར་དུ་འཕེལ་རྒྱས་ཀྱི་གཙོ་ཁྲིད་དབང་ཆ་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས། རང་རྒྱལ་ནི་གཞི་ཁྱོན་ཤིན་ཏུ་ཆེ་བའི་དཔལ་འབྱོར་དངོས་ཕུང་ཞིག་ཡིན་ཞིང་། ཚད་བརྒལ་གཞི་ཁྱོན་ཆེ་བའི་དཔལ་འབྱོར་དངོས་ཕུང་གིས་ནང་ཁུལ་དུ་འཁོར་སྐྱོད་བྱས་ཆོག་ལ་ངེས་པར་དུ་ནང་ཁུལ་དུ་འཁོར་སྐྱོད་ཀྱང་བྱེད་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་བསྐྲུན་པ་ནི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པར་དམིགས་ཏེ་བཏོན་པའི་འཐབ་ཇུས་ཀྱི་ཇུས་ཆོད་ཅིག་ཡིན་པ་དང་། མ་འོངས་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་དམ་འཛིན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ཅིག་རེད། ང་ཚོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་བསྐྲུན་ཚེ། གཞི་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་བདེ་འཇགས་རང་བཞིན་དང་བརྟན་བརླིང་རང་བཞིན་ཤུགས་ཆེར་གཏོང་ཐུབ་ལ། གཞི་ནས་སྔོན་དཔག་ཐུབ་པ་དང་སྔོན་དཔག་དཀའ་བའི་དྲག་ཆར་རླུང་འཚུབ་དང་རྦ་རླབས་ཆེན་པོ་སྣ་ཚོགས་ཀྱི་ཁྲོད་རང་རྒྱལ་གྱི་འཚོ་གནས་ནུས་པ་དང་འགྲན་རྩོད་ནུས་པ། འཕེལ་རྒྱས་ནུས་པ། རྒྱུན་མཐུད་ནུས་པ་བཅས་ཤུགས་ཆེར་གཏོང་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་འཕེལ་རིམ་འགོར་འགྱངས་མི་བྱེད་པ་དང་ཐ་ན་མཚམས་མི་ཆད་པའི་འགན་ལེན་བྱེད་ཐུབ་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་རྒྱལ་ཁའི་ངང་མངོན་འགྱུར་ཡོང་ཐུབ་ཅེས་ནན་གྱིས་བསྟན་ཡོད།
རྩོམ་ཡིག་ནང་། ལོ་གཉིས་ལྷག་གི་རིང་ལ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཏན་ཏིག་གིས་འཛུགས་པར་སྐུལ་འདེད་བཏང་བ་དང་གྲུབ་འབྲས་ཀྱང་མི་དམན་པ་ཞིག་བླངས་ཡོད། མུ་མཐུད་དུ་བསམ་བློའི་ངོས་འཛིན་གཅིག་མཐུན་དང་བྱ་བའི་རྨང་གཞི་བརྟན་པོར་གཏོང་བ། སྲིད་ཇུས་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་མོད། ད་དུང་འབུར་དུ་ཐོན་པའི་གནད་དོན་སྐོར་ཞིག་གནས་ཡོད། སྤྱིའི་ཆ་ནས་བལྟས་ན། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་རྒྱུ་དེ་ད་དུང་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་ཡོད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་བསྐྲུན་པར་ཚད་གཞི་གཉིས་ཀྱི་ཐོག་ནས་ཞིབ་འཇུག་དང་བཀོད་སྒྲིག་བྱེད་དགོས་པ་སྟེ། གཅིག་ནི་སྔར་ལས་དམིགས་ས་ཡོད་པའི་སྒོ་ནས་རང་རྒྱལ་གྱི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་ཞན་ཆ་གསབ་ཚད་ཇེ་མགྱོགས་སུ་བཏང་ནས། རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོའི་ནང་གནས་སྒུལ་ཤུགས་དང་། བློས་འགེལ་ཆོག་པའི་རང་བཞིན་ཆེ་རུ་བཏང་ནས། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་འཁོར་རྒྱུག་གི་ཡིད་དབང་འཕྲོག་ཤུགས་དང་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད།
རྩོམ་ཡིག་ནང་། གནད་དོན་གྱི་ཁྲིད་ཕྱོགས་དང་མ་ལག་འདུ་ཤེས་ངེས་པར་དུ་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་དགུས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པའི་འགལ་བ་དང་གནད་དོན་གཙོ་བོའི་བཀག་སྡོམ་གཏོར་ནས། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། གསར་སྐྲུན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བ་དང་ལམ་ལུགས་གསར་སྐྲུན་བྱེད་པ། མུ་མཐུད་དུ་ཁྱད་སྟོབས་དར་སྤེལ་དང་ཞན་ཆ་ཁ་གསབ། ཉམས་ཞན་གྱི་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་དགོས། དང་པོ། ནང་མཁོ་རྒྱ་ཆེར་གཏོང་བ་དང་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བར་གཅིག་སྒྱུར་འཆར་འགོད་སྔར་ལས་ལེགས་པ་བྱས་ནས། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོའི་སྒུལ་ཤུགས་དང་བློས་འགེལ་ཆོག་པའི་རང་བཞིན་ཆེ་རུ་གཏོང་དགོས་པ་དང་། ཕྱོགས་གཉིས་ནས་མཉམ་ཤུགས་འདོན་པ་དང་མཐུན་སྦྱོར་ཟུང་འབྲེལ་བྱེད་དགོས་ལ། འདོན་སྤྲོད་ལ་སྣེ་ཁྲིད་པ་དང་འདོན་སྤྲོད་གསར་སྐྲུན་གྱི་ཆུ་ཚད་སྔར་ལས་མཐོ་བའི་འདྲ་མཉམ་གྱི་རྣམ་པ་ཆགས་སུ་བཅུག་ནས། རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་ལེགས་པོ་མངོན་འགྱུར་བྱེད་དགོས། གཉིས་པ། ཚན་རྩལ་རང་སྟོབས་རང་སྤེལ་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ཕྱི་རྒྱལ་གྱིས་གཙོ་གནད་ལག་རྩལ་བཀག་འགོག་བྱེད་པའི་གནད་དོན་ཐག་གཅོད་བྱེད་དགོས། གསུམ་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཐོན་ལས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། བཞི་པ། གྲོང་ཁྱེར་དང་གྲོང་གསེབ། ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོའི་ཁྱབ་ཚད་ཆེ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་མངོན་འགྱུར་བྱུང་ན། རྒྱལ་ནང་གི་འཁོར་སྐྱོད་བར་སྟོང་སྔར་ལས་རྒྱ་ཆེ་བ་དང་སྔར་ལས་འདང་ཚིམ་པ་མངོན་འགྱུར་བྱེད་ཐུབ། ལྔ་པ། བཅོས་སྒྱུར་སྒོ་འབྱེད་སྔར་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་ཕྱི་ནང་གི་འཁོར་རྒྱུག་ཆེན་པོའི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད།