སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“གོང་བུར་འགྲིལ་ཤུགས་དང་ཁྲིད་སྟོན་བྱེད་ཤུགས་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་སྐྲུན་བྱེད་དགོས”ཞེས་ནན་བཤད་གནང་ཡོད། འཐབ་ཇུས་ཀྱི་བཀོད་སྒྲིག་འདི་ང་ཚོས་འདུ་ཤེས་འཛིན་སྟངས་བྱ་བའི་གལ་ཆེའི་རང་བཞིན་ལ་གོ་བ་ཟབ་མོ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པ། ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཕེལ་རྒྱས་དང་རྒྱ་སྐྱེད་པ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།
འདུ་ཤེས་འཛིན་སྟངས་ཀྱིས་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་དང་འཕེལ་རྒྱས་ཀྱི་བགྲོད་ལམ་ཐག་གཅོད་བྱེད་ཀྱིན་ཡོད། འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་ནི་རྒྱལ་ཁབ་ལ་བསམ་བློ་སྩོལ་བ་དང་མི་རིགས་ལ་སེམས་ཤུགས་སྐྱེད་པའི་ལས་དོན་ཞིག་ཡིན་པས། ཏང་གི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པ་དང་། རྒྱལ་ཁབ་ཡུན་རིང་བདེ་འགོད་དང་འབྲེལ་བ་ཡོད་པ། མི་རིགས་གོང་བུར་འགྲིལ་ཤུགས་དང་བློ་སེམས་གཏད་ཕྱོགས་དང་འབྲེལ་བ་ཡོད་པ་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བླང་དོར་ཟུང་འབྲེལ་དང་བདེན་སྐྱོང་ངན་སྤོང་བྱས་ཏེ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ཁ་ཕྱོགས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནད་དོན་མང་པོར་བཀོད་སྒྲིག་བྱས་པ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་སྐབས་ཤིག་རིང་ཐོན་པའི་གཞན་དབང་གི་རྣམ་པ་རྩ་བ་ནས་ལེགས་སྒྱུར་བྱས་བས། རང་རྒྱལ་གྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གནས་བབ་ལ་ཁྱོན་ཡོངས་རང་བཞིན་དང་རྩ་བའི་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་རིག་གནས་ཀྱི་རང་རྟོན་མངོན་གསལ་སྒོས་ཆེ་རུ་ཕྱིན་པ། སྤྱི་ཚོགས་ཡོངས་ཀྱི་གོང་བུར་འགྲིལ་ཤུགས་དང་བློ་སེམས་གཏད་ཕྱོགས་ཆེས་ཆེར་འཕེལ་བ་བཅས་བྱུང་ནས། དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་རྣམ་པ་གསར་པ་གསར་གཏོད་བྱེད་པར་བསམ་བློའི་འགན་ལེན་དང་བསམ་པའི་སྟོབས་ཤུགས་ཆེན་པོ་འདོན་སྤྲོད་བྱས་ཡོད། དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་སྟེང་། ང་ཚོས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་རྣམ་པ་བཟང་པོ་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་། གོང་བུར་འགྲིལ་ཤུགས་དང་ཁྲིད་སྟོན་བྱེད་ཤུགས་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་རྒྱུན་ཆད་མེད་པར་འཛུགས་སྐྲུན་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་ཞབས་འདེགས་སྔར་ལས་ལེགས་པོ་ཞུ་བ་དང་། བསམ་བློ་གཅིག་གྱུར་དང་བློ་སྟོབས་གཅིག་སྒྲིལ་སྔར་ལས་ལེགས་པོ་བྱེད་དགོས། དེར་བརྟེན་གཤམ་གསལ་གྱི་ཕྱོགས་འགའ་ཤུགས་ཆེན་པོས་དམ་འཛིན་བྱེད་དགོས་སྟེ།
དང་པོ། ཏང་གིས་འདུ་ཤེས་འཛིན་སྟངས་ཀྱི་བྱ་བར་འགོ་ཁྲིད་བྱེད་པའི་དབང་ཆ་ཡང་དག་པས་ཁོང་དུ་ཆུད་པར་བྱེད་དགོས། དུས་རབས་གསར་པར་འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་བཟང་བོར་སྒྲུབ་པར་ངེས་པར་དུ་ཏང་གིས་འདུ་ཤེས་འཛིན་སྟངས་ཀྱི་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་བྱས་ཏེ། འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་འགོ་ཁྲིད་དབང་ཆ་ལག་ཏུ་དམ་པོར་འཛིན་པ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གཙོ་ཁྲིད་དབང་ཆ་དང་གཏམ་བཤད་དབང་ཆ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། འཛུགས་སྐྱོང་རྩ་བར་འཛིན་པ་དང་བླང་དོར་ཟུང་འབྲེལ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། དཔའ་སྤོབས་ཆེན་པོས་དུས་རབས་གསར་པར་བསྐྱོད་པའི་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་བ་བཅས་བྱས་ནས། མི་དམངས་ཡོངས་ཕུགས་བསམ་དད་སེམས་དང་། རིན་ཐང་ལྟ་བ། ཀུན་སྤྱོད་འདུ་ཤེས་བཅས་ཀྱི་ཐད་མཐུན་སྒྲིལ་དམ་ཟབ་ཡོང་བར་བྱེད་དགོས། འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་ཡག་པོར་སྒྲུབ་པའི་ཆབ་སྲིད་ཀྱི་འགན་འཁྲི་དང་འགོ་ཁྲིད་ཀྱི་འགན་འཁྲི་གཟབ་ནན་དུ་གཏོང་བ་དང་། གཡུལ་ས་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་བྱས་ཏེ། ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། ས་ཁོངས་སྲུང་བའི་འགན་འཁུར་བ། ས་ཁོངས་སྲུང་བའི་འགན་འཁྲི་སྒྲུབ་པ་བཅས་བྱས་ནས། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་སྣ་ཚོགས་དེ་ཐོག་མཐའ་བར་གསུམ་དུ་སྔོན་ཐོན་གྱི་བསམ་བློ་དང་རིག་གནས་བརྒྱུད་སྒྲོག་བྱེད་པའི་གཡུལ་ས་བརྟན་པོ་ཞིག་ཏུ་འགྱུར་བར་བྱས་ཏེ། ནོར་འཁྲུལ་གྱི་བསམ་བློ་དང་ལྟ་བར་བརྒྱུད་སྒྲོག་གི་ཐབས་ལམ་གཏན་ནས་མི་སྤྲོད་པ་བྱེད་དགོས།
གཉིས་པ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མར་ཁེ་སིའི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་ཀྱི་རྩ་བའི་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས། མར་ཁེ་སིའི་རིང་ལུགས་ནི་ང་ཚོས་ཏང་དང་རྒྱལ་ཁབ་འཛུགས་པ་དང་ཏང་དང་རྒྱལ་ཁབ་དར་རྒྱས་གཏོང་བའི་རྩ་བའི་མཛུབ་སྟོན་བསམ་བློ་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་དར་ཆ་དང་བླ་སྲོག་ཀྱང་ཡིན། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མར་ཁེ་སིའི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་ཀྱི་རྩ་བའི་ལམ་ལུགས་འདི་རིག་གནས་འཛུགས་སྐྲུན་གྱི་ཕྱོགས་སོ་སོར་ཁྱབ་པར་བྱེད་པ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་དང་། རིན་ཐང་གི་ལྟ་བ་འཛིན་ཕྱོགས་བཅས་རྒྱུན་འཁྱོངས་བྱེད་པའི་སྟེང་མཚོན་པར་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སིའི་རིང་ལུགས་དང་དུས་རབས21པའི་མར་ཁེ་སིའི་རིང་ལུགས་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་ཉིང་བཅུད་ཡིན་པ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པའི་ལས་དོན་ལ་མུ་མཐུད་དུ་ཤུགས་སྣོན་བྱས་ཏེ། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་། མི་དམངས་ལ་སློབ་གསོ་གཏོང་བ། ལག་ལེན་ལ་མཛུབ་སྟོན་བྱེད་པ་བཅས་ཀྱི་བྱ་བའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མི་སེམས་སུ་ཟུག་པར་སྐུལ་འདེད་བཏང་ནས། འཇིག་རྟེན་ཤེས་རྟོགས་དང་འཛམ་གླིང་སྒྱུར་བཀོད་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས།
གསུམ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལ་འདུ་ཤེས་འཛིན་སྟངས་ཀྱི་ངོ་བོ་མངོན་གསལ་ལྡན་པས། ངེས་པར་དུ་མར་ཁེ་སིའི་རིང་ལུགས་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་འགོད་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རིག་ཚན་མ་ལག རིག་གཞུང་མ་ལག གཏམ་བཤད་མ་ལག་བཅས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ་དང་། ཀྲུང་གོའི་རིག་གཞུང་དར་རྒྱས་དང་། ཀྲུང་གོའི་རིགས་པའི་གཞུང་ལུགས་གོང་སྤེལ། ཀྲུང་གོའི་བསམ་བློ་བརྒྱུད་སྒྲོག མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་འཇོན་མིའི་དཔུང་ཁག་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས།
བཞི་པ། གཙོ་རྒྱུན་གླེང་ཕྱོགས་ཀྱི་རྣམ་པ་གསར་པ་གསར་གཏོད་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་གོང་བུར་འགྲིལ་ཤུགས་དང་ཁྲིད་སྟོན་བྱེད་ཤུགས་ ནི་གོ་སྐོན་བློ་འགུག་གི་ནུས་པ་དང་འབོད་སྐུལ་གྱི་ནུས་པ་ཆེན་པོ་ལྡན་པའི་ནང་དོན་ལ་རག་ལས་པར་མ་ཟད། རྒྱ་ཆེ་ཞིང་ཕན་ནུས་ལྡན་པའི་བརྒྱུད་སྒྲོག་ལའང་རག་ལས་ཡོད། གསར་འགྱུར་གླེང་ཕྱོགས་བྱ་བ་དེ་འདུ་ཤེས་འཛིན་སྟངས་ཀྱི་འཐབ་རྩོད་ཀྱི་མདུན་གྲལ་དུ་གནས་ཡོད་པས། ཏང་གིས་དྲིལ་བསྒྲགས་ལ་དོ་དམ་དང་། ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ། ཏང་གིས་སྨྱན་བྱད་ལ་དོ་དམ་བཅས་བྱེད་པ་རྒྱུན་འཁྱོངས་དང་། ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཁོང་དུ་ཆུད་པར་བྱེད་པ། སྨྱན་བྱད་མཉམ་འདྲེས་གཏིང་ཟབ་ཡོང་བར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ། སྨྱན་བྱད་ཡོངས་ཀྱི་བརྒྱུད་སྒྲོག་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ། གཙོ་རྒྱུན་གླེང་ཕྱོགས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ནས། གསར་འགྱུར་གླེང་ཕྱོགས་ཀྱི་བརྒྱུད་སྒྲོག་ནུས་པ་དང་། ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ནུས་པ། སྤྱི་རྟོན་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ལྔ་པ། དྲ་རྒྱའི་ཁོར་ཡུག་བཟང་པོ་ཆགས་པར་སྐུལ་འདེད་གཏོང་དགོས། དྲ་སྦྲེལ་ནི་འདུ་ཤེས་འཛིན་སྟངས་བྱ་བའི་གཡུལ་ས་གཙོ་བོ་དང་། འཐུབ་ཡུལ་གཙོ་བོ། ཆེས་མདུན་གྲལ་བཅས་ཡིན། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་ཡིན་པའི་དྲ་སྦྲེལ་གྱི་རང་འགུལ་དབང་ཆ་ཁོང་དུ་ཆུད་པར་བྱས་ཏེ། དྲ་སྦྲེལ་གྱི་ནང་དོན་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། དྲ་ཐོག་གི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། དྲ་ཐོག་གི་དྲང་ཕྱོགས་དྲིལ་བསྒྲགས་ལ་ཤུགས་སྣོན་བྱེད་པ། ཧུར་བརྩོན་ཡར་སྐྱེད་ཀྱི་དྲ་རྒྱའི་རིག་གནས་འཕེལ་རྒྱས་གཏོང་བ། དྲ་ཐོག་གི་དྲིལ་བསྒྲགས་གསར་གཏོད་དང་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས། དྲ་ཐོག་གི་དྲང་ཕྱོགས་ཀྱི་གླེང་ཕྱོགས་དྲག་པོ་ལྡན་པར་བྱེད་དགོས། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དྲ་རྒྱའི་བར་སྟོང་བཅོས་སྐྱོང་ལ་ཤུགས་སྣོན་དང་དྲ་རྒྱའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བཅས་བྱས་ཏེ། དྲ་རྒྱའི་ཁོར་ཡུག་བཟང་པོ་ཆགས་པར་སྐུལ་འདེད་གཏོང་དགོས།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།