སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“ཁྲིམས་སྐྱོང་སྤྱི་ཚོགས་ནི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྨང་གཞི་ཡིན”ཞེས་བསྟན་ཡོད། རྣམ་བཤད་གལ་ཆེན་འདིས་ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཅན་དུ་འཛུགས་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱེད་པའི་ནང་གནས་གཏན་ཚིགས་རྒྱས་བཤད་གཏིང་ཟབ་གནང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་ཀྱི་གོ་གནས་གལ་ཆེན་ནན་བཤད་གནང་ཡོད། སྙན་ཞུའི་ནང་ཁྲིམས་སྐྱོང་སྤྱི་ཚོགས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་པ་དེར་གཙོ་བོ་གཤམ་གསལ་གྱི་ཕྱོགས་ལྔ་ཡོད་པ་སྟེ།
དང་པོ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་བཅའ་ཁྲིམས་རིག་གནས་རྒྱུན་འཛིན་བྱེད་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་བླ་ན་མེད་པ་དང་བཅའ་ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན་པའི་ཁྲིམས་སྐྱོང་འདུ་ཤེས་འཛུགས་པ་དང་། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་དད་མོས་གསོ་སྐྱོང་བྱེད་པ། མི་རྣམས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྐྱོང་བསམ་བློ་ཤུགས་ཆེར་གཏོང་བ། ཁྲིམས་སྐྱོང་རིག་གནས་ཀྱི་ཁྲིད་སྟོན་དང་ཤུགས་རྐྱེན་ཟབ་མོ་ཐེབས་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཁྲིམས་སྲུང་གཟི་བརྗིད་དང་ཁྲིམས་འགལ་ངོ་ཚ་ཡིན་པའི་སྤྱི་ཚོགས་ཀྱི་རྣམ་པ་ཆགས་པ་བཅས་བྱས་ནས། མི་དམངས་ཡོངས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་ལྷག་བསམ་དཀར་བའི་རྗེས་འཇུག་པ་དང་། རང་རྟོགས་ལྡན་པའི་བརྩི་སྲུང་བ། བློ་རྩ་བརྟན་པའི་སྲུང་སྐྱོབ་པ་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས། ཀྲུང་ཧྭའི་ཁྲིམས་ལུགས་ཤེས་དཔལ་གྱི་རྨང་གཞི་ཟབ་མོ་སྔོག་འདོན་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་བཅའ་ཁྲིམས་རིག་གནས་རྒྱུན་འཛིན་བྱས་ཏེ། རང་རྒྱལ་གྱི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ལག་ལེན་ཁྲོད་ནས་རང་ཉིད་ལ་འཚམ་པའི་ཁྲིམས་སྐྱོང་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་པའི་དུས་མཚུངས་སུ་ཕྱི་རྒྱལ་གྱི་ཁྲིམས་སྐྱོང་གི་ཕན་ནུས་ལྡན་པའི་གྲུབ་འབྲས་དཔྱད་གཞིར་བཟུང་ནས། ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་བྱེད་དགོས།
གཉིས་པ། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་དེང་རབས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དང་། སྟབས་བདེ་ནུས་ཆེ། དོ་སྙོམས་ཀུན་ཕན་བཅས་ཀྱི་དེང་རབས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པ་ནི། བཅའ་ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན་པའི་རྩ་ཁྲིམས་ཀྱི་རྩ་དོན་ལག་བསྟར་བྱེད་པ་དང་། རང་རྒྱལ་གྱི་སྤྱི་དམངས་ལ་དཔལ་འབྱོར་གྱི་ཆ་རྐྱེན་བཟང་ངན་དང་སྤྱི་ཚོགས་ཀྱི་གོ་གནས་མཐོ་དམན་གང་ཡིན་ལ་མ་བལྟོས་པར་ཚང་མར་དགོས་ངེས་ཀྱི་བཅའ་ཁྲིམས་ཞབས་ཞུ་ཐོབ་པར་ཕན་ཐོགས་ཡོད་པ་དང་། སྤྱི་ཚོགས་དྲང་གཞག་དྲང་བདེན་ཡོང་བར་སྐུལ་འདེད་གཏོང་བ་དང་། མི་དམངས་མང་ཚོགས་བཅའ་ཁྲིམས་ཀྱི་གནད་དོན་ལ་འཕྲད་པའམ་ཁེ་དབང་ལ་གནོད་འཚེ་ཐེབས་སྐབས་དུས་ཐོག་དང་ནུས་ལྡན་གྱི་བཅའ་ཁྲིམས་ཀྱི་རོགས་སྐྱོར་ཐོབ་པར་ཕན་ཐོགས་ཡོད། གཞི་རྩའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། དཀའ་ངལ་ཡོད་པའི་ཚོགས་སྤྱི་དང་དམིགས་བསལ་མང་ཚོགས་ཀྱི་གཞི་རྩའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ཁེ་དབང་འགན་ལེན་བྱེད་དགོས་པ་དང་། ཁྲིམས་རྩོད་པ་དང་། གཞུང་དཔང་། བར་སྡུམ། ཁྲིམས་འཛིན་བརྟག་དཔྱད་སོགས་ལས་རིགས་བཅོས་སྒྱུར་དང་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དོ་དམ་སྒྲིག་སྲོལ་དང་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ཚད་གཞི་ཅན་དང་། ཚད་ལྡན་ཅན། གནད་འཁེལ་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་སྟེ། མང་ཚོགས་ལ་སྟབས་བདེ་ཞིང་ལས་ཕྱོད་ཆེ་བའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་འདོན་སྤྲོད་བྱེད་དགོས། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་གདེང་འཇོག་དམིགས་ཚད་མ་ལག་བཙུགས་ནས། མང་ཚོགས་ཀྱི་ཡིད་ཚིམ་ཚད་ལ་བརྟེན་ནས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་བྱ་བའི་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས།
གསུམ་པ། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་དང་ཁྲིམས་སྐྱོང་ལག་ལེན་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་དང་། དམངས་ཡོངས་ཀྱི་བཅའ་ཁྲིམས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་སྟེ། “སུས་བཅའ་ཁྲིམས་ལག་བསྟར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”བཅའ་ཁྲིམས་ཁྱབ་གདལ་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་བཏང་ནས། ཁྲིམས་སྐྱོང་དེ་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་དང་གཞི་རྩའི་རྩ་དོན་དུ་འགྱུར་བར་བྱེད་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ། རྩ་ཁྲིམས་ཀྱི་ཤེས་བྱ་ཤུགས་ཆེན་པོས་དྲིལ་བསྒྲགས་དང་། རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ། རྩ་ཁྲིམས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་པོ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཡོངས་ཁྱབ་ཏུ་དྲིལ་བསྒྲགས་བྱེད་དགོས། སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་ཁྲིམས་འཛུགས་ཁྲོད་ཡོངས་ཁྱབ་ཏུ་ཞུགས་པར་ཁྲིད་སྟོན་བྱས་ཏེ། ཁྲིམས་འཛུགས་ཀྱི་གོ་རིམ་དེ་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་པའི་གོ་རིམ་དུ་འགྱུར་བར་བྱེད་དགོས། བཅའ་ཁྲིམས་ཞབས་ཞུའི་དཔུང་ཁག་གི་ཆེད་ལས་ནུས་པ་འདོན་སྤེལ་ལེགས་པོ་བྱེད་པ་དང་། སྨྱན་བྱད་ཀྱི་སྤྱི་ཕན་བཅའ་ཁྲིམས་ཁྱབ་གདལ་ལམ་ལུགས་འཐུས་ཚང་དུ་གཏོང་བ། བཅའ་ཁྲིམས་ཁྱབ་གདལ་དང་བླངས་པའི་དཔུང་ཁག་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་བཅས་བྱས་ནས། ཕྱོགས་སོ་སོ་བཅའ་ཁྲིམས་ཁྱབ་གདལ་བྱེད་སྒོའི་ནང་ཡོངས་ཁྱབ་ཏུ་ཞུགས་པའི་ལག་ལེན་གྱི་རྣམ་པ་ཞིག་ཆགས་པར་བྱེད་དགོས།
བཞི་པ། རིམ་པ་མང་བ་དང་ཁྱབ་ཁོངས་མང་བའི་ཁྲིམས་ལྟར་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། ཏང་ཨུས་འགོ་ཁྲིད་དང་། སྲིད་གཞུང་གིས་འགན་འཁུར། དམངས་གཙོས་གྲོས་མོལ། སྤྱི་ཚོགས་ཀྱིས་གཞོགས་འདེགས། སྤྱི་དམངས་ཟབ་ཞུགས། ཁྲིམས་སྐྱོང་འགན་སྲུང་། ཚན་རྩལ་གྱིས་འདེགས་སྐྱོར་བཅས་བྱེད་པའི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། མཉམ་སྐྲུན་དང་མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་རྣམ་པ་བསྐྲུན་པ། ཁྲིམས་ལྟར་སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་དང་། སྤྱི་ཚོགས་ཀྱི་གནད་དོན་ཐག་གཅོད། ཁེ་ཕན་གྱི་འབྲེལ་བ་མཐུན་སྦྱོར། སྤྱི་ཚོགས་ཀྱི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་ལྟར་དོན་དག་སྒྲུབ་པ་དང་། དོན་དག་བྱུང་ཚེ་ཁྲིམས་ལ་བརྟེན་པ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་པ། འགལ་བ་ཐག་གཅོད་བྱེད་སྐབས་ཁྲིམས་ལ་བརྟེན་པ་བཅས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་ཅིག་ཆགས་པར་བྱེད་དགོས། གྲོང་ཁྱེར་གྱི་ས་ཁོངས་ཡོངས་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ། ཁེ་ལས་དང་སློབ་གྲྭ་སོགས་གཞི་རིམ་སྡེ་ཁག་དང་། མི་དམངས་ཚོགས་པ། སྤྱི་ཚོགས་རྩ་འཛུགས་སོགས་རིམ་པ་མང་བ་དང་ཁྱབ་ཁོངས་མང་བའི་ཁྲིམས་ལྟར་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ། མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་འགན་འཁྲི་དང་ལེན་བྱེད་པ། མི་ཚང་མས་ལོངས་སུ་སྤྱོད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་གི་གོ་རིམ་ཁྲོད་མི་དམངས་ཟབ་ཞུགས་བྱེད་པ་དང་། ཕན་འབྲས་ལ་མི་དམངས་ཀྱིས་ཤན་འབྱེད་པ། གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་བཅས་ལ་འགན་ལེན་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས།
ལྔ་པ། འགོ་ཁྲིད་ལས་བྱེད་པའི“འགག་རྩའི་ཉུང་ཤས”འདི་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ནས། འགོ་ཁྲིད་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། “ཆབ་སྲིད་ཀྱི་ལམ་ཕྱོགས་གཏན་ཁེལ་བྱས་རྗེས། ལས་བྱེད་པ་ནི་གནད་འགག་གི་རྒྱུ་རྐྱེན་ཡིན།” འགོ་ཁྲིད་ལས་བྱེད་པར་འགོ་ཁྲིད་ཀྱི་དབང་ཆ་ཡོད་ཅིང་། ཁྲིམས་འཛུགས་དང་། སྲིད་འཛིན། ལྟ་ཞིབ། ཁྲིམས་འཛིན་སོགས་རྒྱལ་ཁབ་ཀྱི་དབང་ཆ་སྣ་ཚོགས་དངོས་སུ་སྤྱོད་རྒྱུ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གནད་འགག་ཡིན་པ་རེད། འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་བླ་ན་མེད་པ་དང་། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ། བཅའ་ཁྲིམས་ཀྱིས་དབང་ཆ་གཏན་འཁེལ་བྱེད་པ། ཁྲིམས་ལྟར་དབང་ཆ་སྤྱོད་པ་སོགས་ཀྱི་གཞི་རྩའི་ཁྲིམས་སྐྱོང་འདུ་ཤེས་བརྟན་པོ་འཛུགས་པ་དང་། སྣེ་ཁྲིད་དེ་ཁྲིམས་སྐྱོང་ལ་གོང་བཀུར་དང་། བཅའ་ཁྲིམས་ལ་བརྩི་འཇོག བཅའ་ཁྲིམས་ཤེས་རྟོགས། བཅའ་ཁྲིམས་ཁོང་དུ་ཆུད་པ། སྒྲིག་བཀུར་ཁྲིམས་སྲུང་། ཁྲིམས་སྐྱོང་སྲུང་སྐྱོབ། ཁྲིམས་སྐྱོང་ལག་བསྟར། ཁྲིམས་ལྟར་བྱ་བ་སྒྲུབ་པ་བཅས་བྱས་ཏེ། ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་ནས་བཅོས་སྒྱུར་ཟབ་སྤེལ་དང་། འཕེལ་རྒྱས་ལ་སྐུལ་འདེད། འགལ་བ་ཐག་གཅོད། བརྟན་བརླིང་སྲུང་སྐྱོང་། ཉེན་ཁར་ཁ་གཏད་འཇལ་བ་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཁྲིམས་སྐྱོང་འཛུགས་སྐྲུན་གྱི་མིག་དཔེ་དང་ལམ་ལུགས་ལག་བསྟར་གྱི་དཔེ་སྟོན་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཁྲིམས་བཀུར་ཁྲིམས་སློབ་དང་། ཁྲིམས་སྲུང་ཁྲིམས་སྤྱོད་བཅས་སྤྱི་ཚོགས་ཡོངས་སུ་དར་སྲོལ་བཟང་བོ་ཞིག་ཏུ་འགྱུར་བར་སྐུལ་ཁྲིད་བྱེད་དགོས།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།