དྲི་བ་རེ་གསུམ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ནི་མི་སེམས་གོང་བུར་འགྲིལ་བ་དང་དམངས་སྟོབས་གཅིག་ཏུ་སྒྲིལ་བའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན་ཞེས་བཤད་དགོས་དོན་ཅི་ཡིན།
2023.04.19 ཁུངས། ཏང་གི་ཚོགས་ཆེན་ཐངས་ཉི་ཤུ་བའི་སྙན་ཞུའི་སློབ་སྦྱོང་དང་དྲི་བ་བརྒྱ་རྩ། ཀློག་གྲངས། 48

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ནི་མི་སེམས་གོང་བུར་འགྲིལ་བ་དང་དམངས་སྟོབས་གཅིག་ཏུ་སྒྲིལ་བའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན”ཞེས་བསྟན་ཡོད། ཆོད་གཏམ་གལ་ཆེན་འདིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་གནས་བབ་གལ་ཆེན་དང་དོན་སྙིང་གལ་ཆེན་ལ་རྒྱས་བཤད་གཏིང་ཟབ་བྱས་ཡོད་པས། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱ་ཁྱབ་ངང་ལག་བསྟར་བྱེད་པ་དང་། མི་རིགས་ཡོངས་དང་སྤྱི་ཚོགས་ཡོངས་བདེ་སྡུག་མཉམ་མྱོང་དང་མཐུན་སྒྲིལ་ཡར་བརྩོན་བྱེད་པའི་བསམ་བློ་ཀུན་སྤྱོད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད།

ལྟེ་བའི་རིན་ཐང་ལྟ་བ་ནི་མི་རིགས་ཤིག་སྐྱོང་བའི་བསམ་པའི་འབྲེལ་ཐག་ཡིན་པ་དང་། རྒྱལ་ཁབ་ཅིག་གི་ཐུན་མོང་གི་བསམ་བློ་དང་ཀུན་སྤྱོད་ཀྱི་རྨང་གཞི་ཡིན། སྤྱི་ཚོགས་གང་ཞིག་ཡིན་རུང་རིན་ཐང་གི་འདུ་ཤེས་དང་རིན་ཐང་གི་ལྟ་བ་འདྲ་མིན་སྣ་ཚོགས་གནས་ཡོད་པས། སྤྱི་ཚོགས་ཡོངས་ཀྱི་འདོད་བློ་དང་སྟོབས་ཤུགས་གོང་བུར་སྒྲིལ་དགོས་ན། ངེས་པར་དུ་དཔལ་འབྱོར་གྱི་རྨང་གཞི་དང་ཆབ་སྲིད་ཀྱི་ལམ་ལུགས་དང་འཚམ་དགོས་པ་མ་ཟད། སྤྱི་ཚོགས་ཡོངས་ཀྱི་ངོས་འཛིན་གཅིག་མཐུན་གྱི་ལྟེ་བའི་རིན་ཐང་གི་ལྟ་བ་ཆ་ཚང་ཞིག་ཡོད་དགོས། གལ་ཏེ་ཐུན་མོང་གི་ལྟེ་བའི་རིན་ཐང་ལྟ་བ་མེད་ན། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་བླ་སྲོག་ལ་གཏན་འཁེལ་མེད་པ་དང་བྱ་སྤྱོད་ལ་བརྟེན་ས་མེད་པ་རེད། ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་བཏང་ནས་སྤྱི་ཚོགས་ཀྱི་འདུ་ཤེས་ནུས་ལྡན་ངང་ཧྲིལ་བསྡུས་བྱ་རྒྱུ་ནི་སྤྱི་ཚོགས་ཀྱི་མ་ལག་རྒྱུན་ལྡན་འཁོར་སྐྱོད་ཐུབ་པ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་ནུས་ལྡན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་ཕྱོགས་གལ་ཆེན་ཞིག་ཀྱང་རེད། ལོ་རྒྱུས་དང་དོན་དངོས་ཚང་མའི་ཐོག་ནས་ལྟེ་བའི་རིན་ཐང་ལྟ་བ་ནི་རྒྱལ་ཁབ་ཅིག་བརྟན་པོར་གནས་པའི་ལས་གལ་ཆེན་ཞིག་ཡིན་པ་དང་། འབོད་སྐུལ་གྱི་ནུས་པ་ཆེན་པོ་ལྡན་པའི་ལྟེ་བའི་རིན་ཐང་ལྟ་བ་འཛུགས་ཐུབ་མིན་དེ་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་དང་འབྲེལ་བ་ཡོད་པ་གསལ་བཤད་བྱས་ཡོད། རང་རྒྱལ་ནི་མི་གྲངས་དུང་ཕྱུར་14ལྷག་དང་མི་རིགས56ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཐུན་མོང་དུ་ངོས་འཛིན་གཅིག་མཐུན་བྱེད་པའི་རིན་ཐང་ལྟ་བ་མཚོན་པའི་སྤྱིའི་བགོ་གྲངས་ཆེ་ཤོས་གཏན་འཁེལ་བྱས་ཏེ། མི་དམངས་ཡོངས་ལ་བློ་གཅིག་སེམས་གཅིག་དང་མཐུན་སྒྲིལ་ཡར་བརྩོན་བྱེད་དུ་འཇུག་པ་དང་། དེ་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་ལ། མི་དམངས་བདེ་སྐྱིད་ཁམས་བཟང་དང་འབྲེལ་བ་ཡོད་པ་ཞིག་རེད།

སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་སྙིང་བཅུད་ཡིན་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འོད་སྟོང་འཕྲོ་བའི་མདུན་ལམ་ཁྱབ་བསྒྲགས་བྱེད་ཀྱིན་ཡོད། དེ་ཀྲུང་ཧྭའི་རིག་གནས་ཀྱི་ས་ཞིང་གཤིན་པོར་རྩ་བ་ཚུགས་པ་དང་། ང་ཚོའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཡུན་རིང་འབད་འཐབ་བྱེད་པའི་ལག་ལེན་རླབས་ཆེན་ཁྲོད་དུ་ཞུན་བརྡར་ཐེབས་པ་དང་། ང་ཚོས་རྒྱལ་ཁབ་ཅི་འདྲ་ཞིག་འཛུགས་སྐྲུན་དང་། སྤྱི་ཚོགས་ཅི་འདྲ་ཞིག་འཛུགས་སྐྲུན། སྤྱི་དམངས་ཅི་འདྲ་ཞིག་གསོ་སྐྱོང་བཅས་བྱ་དགོས་པའི་གནད་དོན་གལ་ཆེན་ལ་ལན་ཟབ་མོ་བཏབ་ཡོད་པས། དེ་ནི་དེང་རབས་ཀྱི་ཀྲུང་གོའི་སྙིང་སྟོབས་གཅིག་བསྡུས་ཀྱིས་མཚོན་པ་དང་། མི་དམངས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་འཚོལ་སྙེག་གཅིག་ཏུ་འདུས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་གཏིང་ཟབ་པའི་མི་རིགས་ཀྱི་རང་བཞིན་དང་། མངོན་གསལ་དོད་པའི་དུས་རབས་ཀྱི་རང་བཞིན། ནང་གནས་ཀྱི་སྔོན་ཐོན་རང་བཞིན། ཡངས་ཤིང་རྒྱ་ཆེ་བའི་བསྟུན་མཁས་རང་བཞིན་བཅས་ལས་རང་རྒྱལ་གྱི་རིག་གནས་འཛུགས་སྐྲུན་ཁྲོད་དེ་ཉིད་གཙོ་ཁྲིད་དང་སྣེ་ཁྲིད་ཀྱི་གནས་བབ་ཏུ་གནས་པ་གཏན་འཁེལ་བྱས་ཡོད། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱ་རྒྱུ་དེ་བློ་སྟོབས་གཅིག་སྒྲིལ་དང་རྨང་གཞི་བརྟན་གཏོང་གི་རྨང་གཞིའི་བཟོ་སྐྲུན་ཞིག་ཏུ་བརྩིས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་སྔར་ལས་ལེགས་པའི་སྒོ་ནས་བསྐྲུན་ཏེ། མི་དམངས་ཡོངས་ཀྱིས་བསམ་བློ་དང་སྙིང་སྟོབས་ཐད་མཐུན་སྒྲིལ་དམ་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པའི་སྟེང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱ་ཁྱབ་ངང་ལག་བསྟར་བྱ་རྒྱུའི་ཐད་བཀོད་སྒྲིག་གསར་པ་བྱས་ཡོད། ང་ཚོས་བྱ་བའི་ཁྲོད་དུ་ཕྱོགས་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱ་དགོས་པ་དང་། གཤམ་གསལ་གྱི་ཕྱོགས་འགའ་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱ་དགོས། གཅིག་ནས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་སྣ་གསར་བ་གསོ་སྐྱོང་བྱེད་པར་ཤུགས་རྒྱག་དགོས། ལྟེ་བའི་རིན་ཐང་ལྟ་བ་འཛུགས་སྐྲུན་བྱ་རྒྱུ་དེ་མཐར་གཏུགས་ནས་བཤད་ན་མིའི་བསམ་བློ་འཛུགས་སྐྲུན་དང་བླ་སྲོག་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན་པ་དང་། འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཡང་དག་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་ཞིག་སྐྱེད་སྲིང་བྱ་རྒྱུར་དམིགས་པ་ཞིག་རེད། རླབས་ཆེན་གྱི་ཏང་འཛུགས་སྐྲུན་གྱི་སྙིང་སྟོབས་འབྱུང་རྩ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་གདུང་རབས་དར་སྤེལ་བཏང་སྟེ། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་བསམ་བློའི་ཆུ་ཚད་དང་། ཆབ་སྲིད་ཀྱི་གོ་རྟོགས། ཀུན་སྤྱོད་སྤུས་ཚད། རིག་གནས་བྱང་ཚད། བསམ་པའི་རྣམ་པ་སོགས་ཀྱི་ཐད་དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་དུས་རབས་ཀྱི་མི་སྣ་གསར་པ་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱེད་དགོས། གཉིས་ནི་བློ་བརྟན་འགྱུར་མེད་ཀྱི་ཕུགས་བསམ་དང་དད་སེམས་ལ་བརྟེན་ནས་བསམ་པའི་རྨང་གཞི་བརྟན་པོ་འཛུགས་དགོས། མི་དམངས་ལ་དད་མོས་ཡོད་པ་དང་། རྒྱལ་ཁབ་ལ་སྟོབས་ཤུགས་ཡོད་པ། མི་རིགས་ལ་རེ་བ་ཡོད་པ་བཅས་རེད། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ། མི་དམངས་ཡོངས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ཁྲོད་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས། ཕུགས་བསམ་དང་དད་སེམས་ཀྱི་སྒྲོན་མེས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སེམས་སུ་ནམ་ཡང་འོད་སྣང་སྦྱིན་ཐུབ་པ་བྱེད་དགོས། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་མུ་མཐུད་དུ་དམ་འཛིན་ཡག་པོ་བྱས་ནས། མི་དམངས་ཀྱིས་ལོ་རྒྱུས་ཤེས་ལ་ཏང་ལ་དགའ་ཞེན་ཆེ་བ་དང་། ལོ་རྒྱུས་ཤེས་ལ་རྒྱལ་ཁབ་ལ་དགའ་ཞེན་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་འདུན་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས། གསུམ་ནས་བསམ་བློ་དང་ཆབ་སྲིད་ཀྱི་བྱ་བར་ཤུགས་སྣོན་རྒྱག་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ནས་བླ་སྲོག་སྐྱོང་རྒྱུ་རྒྱུན་འཁྱོངས་དང་། བསམ་བློ་དང་ཆབ་སྲིད་ཀྱི་བྱ་བའི་མ་ལག་འཐུས་ཚང་དུ་གཏོང་བ། ཆབ་སྲིད་ཀྱི་ཁྱད་སྟོབས་འདོན་སྤེལ་བྱེད་པ། མང་ཚོགས་ཀྱི་བྱ་བའི་སྒྲིག་སྲོལ་ལམ་སྲོལ་དང་བྱེད་སྟངས། བྱ་ཐབས་བཅས་གསར་སྐྲུན་བྱས་ཏེ། མང་ཚོགས་ཀྱི་ཁེ་ཕན་རེ་ཞུ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་དང་། མང་ཚོགས་ཀྱི་བསམ་བློའི་ངོས་འཛིན་གནད་དོན་དང་དངོས་ཡོད་ཁེ་ཕན་གྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བཅས་བྱེད་དགོས། སློབ་གྲྭའི་བསམ་བློ་དང་ཆབ་སྲིད་ཀྱི་བྱ་བར་ཤུགས་སྣོན་བརྒྱབ་སྟེ། བསམ་བློ་དང་ཆབ་སྲིད་ཀྱི་བྱ་བ་དེ་སློབ་གསོ་དང་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོ་གཞི་གཅིག་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོར་མི་ཚེའི་སྒྲོག་གུ་དང་པོ་དེ་ཡག་པོ་རྒྱག་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བཅས་བྱས་ནས། མི་རབས་ནས་མི་རབས་བར་གྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་དགོས། བཞི་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ཁྲིམས་སྐྱོང་འཛུགས་སྐྲུན་དང་། སྤྱི་ཚོགས་འཕེལ་རྒྱས། རྒྱུན་ལྡན་གྱི་འཚོ་བ་བཅས་ཀྱི་ནང་མཉམ་འདྲེས་ཐུབ་པ་བྱེད་དགོས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྤྱོད་བཟང་གིས་རྒྱལ་ཁབ་སྐྱོང་བ་ཟུང་དུ་སྦྲེལ་བ་རྒྱུན་འཁྱོངས་བྱེད་པ་དང་། བཅའ་ཁྲིམས་སྤྱོད་མཁས་པོ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། སློབ་གསོ་ཁྲིད་སྟོན་དང་ལག་ལེན་ཆགས་པར་བྱེད་པ།ལམ་ལུགས་འགན་སྲུང་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས། དོན་དག་ཞིབ་པ་དང་ཆུང་བ་ནས་དོན་འཁྱོལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་རྒྱལ་དམངས་སློབ་གསོ་དང་། བསམ་པའི་དཔལ་ཡོན་འཛུགས་སྐྲུན། བསམ་པའི་རིག་གནས་ཐོན་རྫས་གསར་སྐྲུན་དང་ཐོན་སྐྱེད། བརྒྱུད་བསྒྲགས་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་མཚོན་པར་བྱས་ནས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་ཁྱབ་ཁོངས་སོ་སོ་རུ་ཁྱབ་པར་བྱེད་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།