སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“རིག་གནས་ཀྱི་རང་རྟོན་རང་དར་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ལ་འོད་སྟོང་གསར་པ་བསྐྲུན་དགོས”ཞེས་གསུངས་ཡོད། འདི་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་དམིགས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བཏོན་པའི་ཆོད་གཏམ་གལ་ཆེན་དང་ལས་འགན་གལ་ཆེན་ཡིན་པས། ང་ཚོའི་ཏང་གི་རིག་གནས་རང་རྟོགས་ཚད་མཐོན་པོ་མཚོན་པ་དང་། ང་ཚོའི་ཏང་གི་རིག་གནས་ལངས་ཕྱོགས་གསལ་པོ་མཚོན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཁྱོན་ཡོངས་ཁྲོད་རིག་གནས་ལེགས་སྐྱོང་གི་གོ་གནས་གལ་ཆེན་སྔར་ལས་མངོན་གསལ་དུ་མཚོན་པ་དང་། ང་ཚོའི་ཏང་གིས་རིག་གནས་ཀྱི་ནུས་པ་དང་རིག་གནས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་བྱེད་ཚད་གསར་པ་ཞིག་ཏུ་མཐོ་རུ་བཏང་བ་བཅས་རེད།
ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་རིག་གནས་ལ་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་གནས་བབ་དང་ནུས་པ་གལ་ཆེན་ཡོད། རིག་གནས་དར་ན་རྒྱལ་ཁབ་དར་རྒྱས་འགྲོ་བ་དང་། རིག་གནས་སྟོབས་ན་མི་རིགས་སྟོབས་ལྡན་དུ་འགྲོ་སྲིད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རིག་གནས་འཛུགས་སྐྲུན་ཏེ་ལོ་རྒྱུས་ཀྱི་མཐོ་ཚད་གསར་པ་ཞིག་ཏུ་མཐོར་འདེགས་སུ་བཏང་བ་དང་། རིག་གནས་ཀྱི་རང་རྟོན་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི“རང་རྟོན་བཞིའི”ནང་བཅུག་པ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་རྒྱུན་འཁྱོངས་བྱེད་པའི་ལམ་ལུགས་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མ་ལག་གི་རྩ་བའི་ལམ་ལུགས་ཤིག་ཏུ་གཏན་འཁེལ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་རྒྱུན་འཁྱོངས་བྱ་རྒྱུ་དེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཇུས་གཞི་ཆེན་མོའི་ནང་བཅུག་པ། རང་རྒྱལ་གྱི་རིག་གནས་འཛུགས་སྐྲུན་གྱི་རྩ་བའི་ཐོག་ནས་བཅོས་སྒྱུར་བྱེད་པ་དང་བདེན་སྲུང་གསར་སྐྲུན་བྱེད་པ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གནས་བབ་ལ་ཁྱོན་ཡོངས་རང་བཞིན་དང་གཞི་རྩའི་རང་བཞིན་གྱི་འགྱུར་ལྡོག་འབྱུང་བར་སྐུལ་འདེད་བྱས་ཏེ། ཏང་དང་རྒྱལ་གྱི་བྱ་གཞག་ལ་རྣམ་པ་གསར་རྐྱང་ཞིག་བསྐྲུན་པར་དྲང་ཕྱོགས་ཀྱི་ནུས་པ་ཆེན་པོ་འདོན་སྤྲོད་བྱེད་དགོས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རིག་གནས་ཀྱི་གནས་བབ་གཞན་གྱིས་ཚབ་བྱེད་མི་ཐུབ་པ་དང་། རིག་གནས་ཀྱི་ནུས་པ་སྔར་ལས་མངོན་གསལ་དུ་གྱུར་ཡོད། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་།“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་བཅས་རིག་གནས་ནི་ནང་དོན་གལ་ཆེན་ཞིག་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རིག་གནས་ནི་རྟེན་ས་གལ་ཆེན་ཞིག་ཡིན་པ་དང་། མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བར་རིག་གནས་ནི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན། མདུན་སྐྱོད་ཀྱི་ལམ་བུའི་སྟེང་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ་བྱེད་པར་རིག་གནས་ནི་སྟོབས་ཤུགས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་རེད། ང་ཚོས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་རིག་གནས་ལ་བརྟེན་ནས་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་གནས་བབ་གལ་ཆེན་ལ་ལྟ་སྟངས་འཛིན་པ་དང་། དུས་རབས་ཀྱི་རླབས་རྒྱུན་ཆེན་པོའི་ཁྲོད་རིག་གནས་ཀྱིས་སྤྱི་ཚོགས་ཀྱི་འཕོ་འགྱུར་ལ་ཁྲིད་སྟོན་བྱེད་པའི་ནུས་པ་གལ་ཆེན་དམ་འཛིན་བྱེད་པ། གོ་ལ་ཧྲིལ་པོའི་དུས་བབ་ཁྲོད་རིག་གནས་ཀྱིས་ཕྱོགས་བསྡུས་རྒྱལ་སྟོབས་བསྐྲུན་པའི་ཤུགས་རྐྱེན་གལ་ཆེན་ལ་ངོས་འཛིན་བྱེད་པ། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་ཁྲོད་རིག་གནས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་པའི་རིན་ཐང་གལ་ཆེན་འདོན་སྤེལ་བྱེད་པ། རིག་གནས་འཛུགས་སྐྲུན་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་བྱ་བའི་འབུར་ཐོན་གནས་བབ་ཏུ་འཇོག་པ། ལོ་རྒྱུས་ཀྱི་རང་འགུལ་གྱི་སྙིང་སྟོབས་ཆེན་པོར་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་བསམ་བློའི་སྣེ་ཁྲིད་ནུས་པ་དང་། རིན་ཐང་གི་ཁྲིད་སྟོན་ནུས་པ། རིག་གནས་ཀྱི་ཕྱོགས་བསྡུས་ནུས་པ། སྙིང་སྟོབས་ཀྱི་སྐུལ་འདེད་ནུས་པ་བཅས་ཤུགས་ཆེན་པོས་འདོན་སྤྲོད་བྱེད་དགོས།
རིག་གནས་ཀྱི་རང་རྟོན་བརྟན་པོ་ཡོང་བ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་ལས་དབང་དར་རྒུད་དང་འབྲེལ་བ་ཡོད་པ་དང་། རིག་གནས་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པ། མི་རིགས་ཀྱི་བསམ་པའི་རང་ཚུགས་དང་འབྲེལ་བ་ཡོད་པ་བཅས་ཀྱི་གནད་དོན་ཆེན་པོ་ཞིག་རེད། རིག་གནས་ཀྱི་རང་རྟོན་ནི་སྔར་ལས་རྨང་གཞི་ཡོད་པ་དང་། སྔར་ལས་རྒྱ་ཆེ་བ། སྔར་ལས་གཏིང་ཟབ་པ་བཅས་ཀྱི་རང་རྟོན་ཡིན་ལ། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་འཕེལ་རྒྱས་འགྲོ་བའི་ཁྲོད་ཀྱི་ཆེས་གཞི་རྩར་གྱུར་པ་དང་། ཆེས་གཏིང་ཟབ་པ། ཆེས་རྒྱུན་རིང་བ་བཅས་ཀྱི་སྟོབས་ཤུགས་ཀྱང་ཡིན། རང་ཉིད་ཀྱི་རིག་གནས་ལ་ཡིད་ཆེས་བརྟན་པོ་ཡོད་ན། ད་གཟོད་ཡང་དག་པའི་བགྲོད་ལམ་བརྟན་སྲུང་གི་བརྟན་ཤུགས་དང་། མདུན་སྐྱོད་ཀྱི་སྒུལ་ཤུགས། བཅོས་སྒྱུར་གསར་སྐྲུན་གྱི་གསོན་ཤུགས་བཅས་ཐོབ་ཐུབ། རིག་གནས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བར་ང་ཚོར་རྒྱུ་མཚན་དང་གཏིང་ཤུགས་འདང་ངེས་ཡོད། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ5000ལྷག་ཙམ་གྱི་དཔལ་ཡོན་ལོ་རྒྱུས་ལས་སྐྱེད་སྲིང་བྱས་པའི་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ཁྲོད་གསར་དུ་བཏོད་པའི་གསར་བརྗེའི་རིག་གནས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ནང་ཀྲུང་ཧྭ་མི་རིགས་ཀྱི་ཆེས་གཏིང་ཟབ་པའི་བསམ་པའི་རེ་སྙེག་འདུས་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་པའི་མཚོན་རྟགས་མངོན་ཡོད་པ། ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་རིང་ལ་སྟོབས་དང་ལྡན་པའི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་བཏོད་ཡོད་པ། དེང་རབས་ཀྱི་ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་ཡོང་བ་བྱ་རྒྱུ་ནི་ངེས་པར་དུ་བརྟན་སྲུང་བྱེད་དགོས་པའི་བསམ་བློའི་མཐོ་ས་དང་། ང་ཚོས་རིག་གནས་ཀྱི་རང་རྟོན་རྒྱུན་འཁྱོངས་བྱེད་པའི་རྨང་གཞི་བརྟན་པོ་དང་རྨང་རྡོ་བརྟན་པོ་ཞིག་ཡིན། ང་ཚོའི་རིག་གནས་ཀྱི་རང་རྟོན་ཏེ་རིག་གནས་ཀྱི་གསོག་འཇོག་དང་། རྒྱུན་འཛིན་དང་གསར་སྐྲུན། འཕེལ་རྒྱས་བཅས་ལས་བྱུང་བ་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་ལས་བྱུང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་ལས་བྱུང་བ་ཞིག་ཀྱང་ཡིན། ལག་ལེན་གྱི་ཐོག་ནས་དེང་སྐབས་ཀྱི་འཛམ་གླིང་ཐོག་སྲིད་ཏང་གང་ཞིག་དང་། རྒྱལ་ཁབ་གང་ཞིག མི་རིགས་གང་ཞིག་བཅས་རང་ལ་ཡིད་ཆེས་བྱེད་ཐུབ་པའི་སྐད་ཆ་བཤད་དགོས་ན། ཀྲུང་གོའི་གུང་ཁྲན་ཏང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ། ཀྲུང་ཧྭ་མི་རིགས་བཅས་ལ་རང་ལ་ཡིད་ཆེས་བྱེད་པའི་རྒྱུ་མཚན་ཆེན་པོ་ཡོད་པ་ར་སྤྲོད་གང་ལེགས་བྱུང་ཡོད། སྐྱོད་ལམ་གསར་པའི་སྟེང་། ང་ཚོས་སྔར་ལས་རང་རྟོགས་ཀྱི་སྒོ་ནས་རིག་གནས་ཀྱི་རང་རྟོན་ཆེ་རུ་གཏོང་བ་དང་། སྔར་ལས་རང་རྟོགས་ཀྱི་སྒོ་ནས་རིག་གནས་ཀྱི་ལས་འགན་གསར་པ་འཁུར་བ། ལག་ལེན་གསར་སྐྲུན་བྱེད་པའི་ཁྲོད་དུ་རིག་གནས་གསར་སྐྲུན་བྱེད་པ། ལོ་རྒྱུས་ཡར་ཐོན་ཡོང་བའི་ཁྲོད་དུ་རིག་གནས་ཡར་ཐོན་ཡོང་བ་བཅས་བྱེད་དགོས།
རིག་གནས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་རྒྱུ་དེ་རྩ་བའི་ཐོག་ནས་བཤད་ན་རིག་གནས་རང་དར་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་བའི་བགྲོད་ལམ་རྒྱུན་འཁྱོངས་བྱེད་པ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་མར་ཁེ་སིའི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་ཀྱི་རྩ་བའི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ། མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་པ། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་རྒྱུན་འཁྱོངས་བྱེད་པ། གསར་སྐྲུན་རང་བཞིན་གྱི་འཕོ་འགྱུར་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་ལ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་འཛིན་པ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ། གསར་བརྗེའི་རིག་གནས་དར་སྤེལ་གཏོང་བ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ། མི་དམངས་ཀྱི་ཉིན་རེ་བཞིན་མཐོ་རུ་འགྲོ་བཞིན་པའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་བ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བ། རྒྱལ་ཁབ་ཀྱི་རིག་གནས་མཉེན་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ནུས་པ་མུ་མཐུད་དུ་མཐོར་འདེགས་སུ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་མུ་མཐུད་དུ་མདུན་སྐྱོད་བྱེད་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།