བརྗོད་དོན་སློབ་གསོར་ཇུས་འགོད་ཡག་པོ་དང་། སྒྲིག་འཛུགས་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱེད་དགོས།
2023.04.20 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 61

——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་སློབ་གསོའི་བྱ་བའི་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས།

“ཐེངས་འདིའི་བརྗོད་དོན་སློབ་གསོ་ནི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན་ལ། དུས་ཚོད་ཐུང་བ་དང་ལས་འགན་ལྕི་བ། བླང་བྱ་མཐོ་བ་བཅས་རེད།” ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་སློབ་གསོའི་ལས་དོན་སོ་སོར་ཕྱོགས་ཡོངས་ནས་བཀོད་སྒྲིག་དང་བླང་བྱ་གསལ་བོ་གནང་བ་མ་ཟད། “རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་བྱེད་པོའི་འགན་འཁྲི་ཁུར་ནས་བརྗོད་དོན་སློབ་གསོར་ཇུས་འགོད་ཡག་པོ་དང་། སྒྲིག་འཛུགས་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱེད་དགོས”པའི་ནན་བཤད་གནང་།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་ནི་དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་རྩ་བའི་བླང་བྱ་ཞིག་རེད། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་ཚད་མཐོའི་མཐོང་ཆེན་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ། བརྗོད་དོན་སློབ་གསོར་ཇུས་འགོད་ཡག་པོ་དང་། སྒྲིག་འཛུགས་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱེད་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁོང་དུ་ཆུད་པ་དང་བེད་སྤྱོད་བྱེད་པར་ཤུགས་སྣོན་པ་དང་། བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དམ་འཛིན་ཡག་པོ་བྱེད་པ། མང་ཚོགས་ཀྱི་འཕྲལ་མཁོ་དང་དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། མངོན་གསལ་གྱི་གནད་དོན་ཆེད་དོན་བཅོས་སྒྲིག་བཅས་བྱས་ཏེ་མཐར་མང་ཚོགས་ཀྱི་བློ་ཡིད་ཚིམ་མིན་གཞི་རྩའི་ཤན་འབྱེད་ཀྱི་ཚད་གཞིར་འཛིན་དགོས། དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་རྒྱུན་འཁྱོངས་ཀྱིས་ཕྱི་ཚུལ་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་སྔོན་འགོག་བྱས་ནས་ཕན་འབྲས་དངོས་འཐོབ་པར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་བླང་བྱ་ཁ་གསལ་དོན་ཐོག་ཏུ་འཁྱོལ་བར་བྱེད་པར་ཏང་ཨུའི(ཏང་ཙུའུ)འགན་འཁུར་བློ་མཐུན་གཙོ་བོས་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་ཏན་ཏིག་བསྒྲུབས་ནས་དངོས་སུ་ཇུས་འགོད་དང་བཀོད་འདོམས། མཛུབ་ཁྲིད་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་དབྱང་གིས་མཛུབ་ཁྲིད་ཚོགས་ཆུང་བཏང་ནས་བརྗོད་དོན་སློབ་གསོ་སྤེལ་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཏང་ཨུ་དང་ལས་རིགས་ཁོངས་གཏོགས་ཀྱི་གཙོ་གཉེར་དོ་དམ་སྡེ་ཁག་གི་ཏང་ཙུའུ(ཏང་ཨུད)ཡིས་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་མངགས་ནས་ཁོངས་གཏོགས་ས་ཁུལ་དང་། ལས་ཁུངས། སྡེ་ཁག་བཅས་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་དགོས། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོ། སྡེ་ཁག་སོ་སོ་བཅས་ཀྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་དང་ཟུང་འབྲེལ་བྱེད་པ་དང་། རང་ས་ཁུལ་དང་རང་ལས་ཁུངས། རང་སྡེ་ཁག་བཅས་ཀྱི་ལྟེ་བའི་ལས་དོན་དང་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་གཏོང་བ། ཕྱོགས་གཉིས་ཀར་དམ་འཛིན་དང་ཕྱོགས་གཉིས་ཀར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཏང་ཡོན་དང་ལས་བྱེད་པའི་ཁྲོད་སློབ་སྦྱོང་དང་བྱ་བའི་སྤྲོ་སེམས་འཕེལ་བ་དེ་མཁྲེགས་གཏོར་དཀའ་སེལ་དང་ལས་སྒྲུབ་ལས་སྐྲུན་གྱི་སྒུལ་ཤུགས་ཆེན་པོར་འགྱུར་བར་སྐུལ་འདེད་གཏོང་དགོས།

འགོ་ཁྲིད་ལས་བྱེད་པས་ཕྱོགས་གང་ཅིའི་ཐད་ནས་རང་དཔེ་གཞན་སྟོན་དང་གོང་གིས་འོག་ལ་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ་ནི་འགོ་ཁྲིད་ཀྱི་བྱེད་ཐབས་དང་བྱ་བའི་བྱེད་ཐབས་ནུས་ལྡན་ཞིག་རེད། བརྗོད་དོན་སློབ་གསོའི་ཁྲོད་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་ཚོས་རང་དཔེ་གཞན་སྟོན་དང་གོང་གིས་འོག་ལ་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་སྲིང་ལྷོད་མེད་ངང་སྤྱད་དེ་བློ་སྒྲིལ་སེམས་སྐྱེད་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་གི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་བཏང་ནས་ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་སྤྱད་དེ་གནས་ཚུལ་གསར་པར་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད། ཉམས་མྱོང་གསར་པར་ཕྱོགས་སྡོམ་བཅས་བྱེད་དགོས། གནད་དོན་དག་ཐེར་བྱ་རྒྱུ་དེ་བརྗོད་དོན་སློབ་གསོའི་འགོ་ནས་མཇུག་བར་ཁྱབ་པར་བྱས་ཏེ། གནད་དོན་ལ་ཐད་ཀར་ཕྱོགས་པ་དང་། གནད་དོན་ལ་དམིགས་ནས་སློབ་སྦྱོང་བྱེད་པ། གནད་དོན་ལ་དམིགས་ནས་དག་ཐེར་བཅས་བྱེད་དགོས། སེམས་རྣལ་དུ་ཕབ་ནས་དངོས་འཛིན་དངོས་སྒྲུབ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོན་པར་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་བསྐྱོད་དེ་སྒོ་ཕྱེ་ནས་སློབ་གསོ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་མང་ཚོགས་ལ་ཕན་པ་དངོས་ཐོབ་པར་ཤུགས་སྣོན་རྒྱག་དགོས།

རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་སྐྱོད་ལམ་གསར་པར་འབད་འབུངས་བྱེད་པར་ང་ཚོ་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་མངོན་འགྱུར་བྱ་རྒྱུ་དང་སྔར་ལས་ཐག་ཉེ་བ་དང་སྔར་ལས་ཡིད་ཆེས་དང་ནུས་པ་ལྡན་ཡོད་ལ། དེ་དང་དུས་མཚུངས་ངེས་པར་དུ་དཀའ་སྡུག་སྔར་ལས་ཆེ་བ་དང་དཀའ་ཚེགས་སྔར་ལས་ཆེ་བའི་འབད་བརྩོན་བྱ་རྒྱུའི་གྲ་སྒྲིག་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཕུགས་བསམ་ཇེ་བརྟན་དུ་གཏོང་བ་དང་། ཏང་གཤིས་ལ་ཞུན་བརྡར། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོར་འགྱུར་བར་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་གཅིག་གྱུར་གྱི་བསམ་བློ་དང་། བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས། མཐུན་སྦྱོར་གྱི་བྱ་སྤྱོད།སྟོབས་དང་ལྡན་པའི་འཐབ་ནུས་བཅས་རྒྱུན་འཁྱོངས་བྱས་ཏེ། ཏང་འཛུགས་ཀྱི་སྙིང་སྟོབས་རླབས་ཆེན་དར་སྤེལ་གཏོང་བ་དང་། “ངེས་པར་དུ་གསུམ”བློ་ལ་བརྟན་པོར་འཆང་བ། སྙིང་སྟོབས་ཆེར་སྐྱེད་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།