ཁྲི་འདུ་རྫོང་སྡོམ་མདའ་གྲོང་རྡལ་དར་དམར་སྡེ་བའི་མཉམ་ལས་ཁང་གིས་མང་ཚོགས་ལ་ཡོང་སྒོ་བསྐྲུན།
2023.04.23 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 57

 ཉེ་ལམ། གསར་འགོད་པ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་སྡོམ་མདའ་གྲོང་རྡལ་དར་དམར་སྡེ་བར་ཐོན་པ་ན། གངས་ཀྱིས་གཡོགས་པའི་རྒྱང་རིང་གི་རི་མགོར་ནོར་གནག་བརྒྱ་ཕྲག་འགའ་ཡིས་གཟན་རྩྭ་ཟ་བ་དང་། ཕྱུགས་རྫི་འགའ་དེ་དག་གི་རྗེས་སུ་དེད་དེ་དལ་གྱིས་མདུན་དུ་སྐྱོད་བཞིན་པ་མཐོང་།

“འདི་དག་ཚང་མ་ང་ཚོའི་སྡེ་བའི་ཐུན་མོང་མཉམ་ལས་ཁང་གི་ནོར་གནག་ཡིན། མཉམ་ལས་ཁང་ནི་དམངས་ཡོངས་ཀྱིས་མ་རྐང་བཞག་སྟེ་བཙུགས་པ་ཡིན་ལ། ང་ཚོ་མཉམ་ལས་ཁང་དུ་ལས་ཚོགས་སུ་སོང་ན་གླ་ཕོགས་ཡོད་པར་མ་ཟད། ལོ་མཇུག་ཏུ་ད་རུང་ཁེ་སྤོགས་བགོ་རྒྱུ་ཡོད”ཅེས་ལག་ཏུ་འུར་ཆ་བཟུང་བའི་འཇིགས་མེད་རབ་བརྟན་གྱིས་དེ་ལྟར་བཤད།

དར་དམར་སྡེ་བ་ནི་ཕྱུགས་ལས་ཁོ་ན་གཉེར་བའི་སྡེ་བ་ཞིག་ཡིན་ཞིང་། བ་ཡན་ཧ་རི་དང་ཐག་ཉེ་བས་སྡེ་བའི་ཆ་སྙོམས་ཀྱི་མཚོ་འཕང་ལ་སྨི4800ཡན་ཡོད་པ་དང་། སྡོམ་མདའ་གྲོང་རྡལ་གྱི་ཆེས་མཐའ་འཁོབ་ཏུ་གནས། དར་དམར་སྡེ་བའི་མཚོ་འཕང་མཐོ་རུང་། ཡུལ་དེའི་འབྲོག་པ་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་ཉིན་རེ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད།

བདེ་སྐྱིད་ཀྱི་འཚོ་བ་དེ་ནི་དར་དམར་སྡེ་བའི་ཧྲུའུ་ཅི་དང་པོ་ཚེ་རིང་འཇིགས་མེད་ཀྱིས་བསྐྲུན་པ་རེད། ཚེ་རིང་འཇིགས་མེད་ནི་ཡུས་ཧྲུའུ་གྲོང་ཁྱེར་ཚོང་ཁྲོམ་ལྟ་སྐུལ་དོ་དམ་ཅུས་ཀྱི་ལས་བྱེད་པ་ཞིག་ཡིན་ལ། 2021ལོ་ནས་བཟུང་ཁོས་ཁྲི་འདུ་རྫོང་སྡོམ་མདའ་གྲོང་རྡལ་དར་དམར་སྡེ་བའི་ཧྲུའུ་ཅི་དང་པོའི་འགན་ཁུར་བ་རེད།

ཚེ་རིང་འཇིགས་མེད་སྡེ་བར་ཐོན་རྗེས། བྱ་བ་སྒྲུབ་པར་མ་བྲེལ་བར་དམངས་ཕན་རོགས་སྐྱོར་སྲིད་ཇུས་ཀྱི་ཁྲིད་ཕྱོགས་ལ་རྒྱུས་ལོན་གསལ་པོ་བྱས་པ་དང་། གཞི་རིམ་ལས་བྱེད་པར་བསམ་བློ་བརྗེ་རེས་བྱས་ལ།  སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་བསམ་འཆར་ལ་ཉན་ཞིང་། ཁྱིམ་ཚང་དུ་སོང་སྟེ་བརྟག་དཔྱད་དང་འཚམས་འདྲི་བྱས་པ་དང་། འབྲོག་པ་མང་ཚོགས་ཀྱི་སེམས་གཏམ་ལ་ཉན་ཏེ་དར་དམར་སྡེ་བར་འཚམ་པའི་འཕེལ་རྒྱས་ཀྱི་ཐབས་ལམ་ཞིག་བཙལ།

ཚེ་རིང་འཇིགས་མེད་ཀྱིས་བཤད་རྒྱུར། “དར་དམར་སྡེ་བའི་ཐོན་ལས་གྲུབ་ཚུལ་ཅུང་སྣ་རྐྱང་ཡིན་ལ། ས་གནས་ཀྱི་ལེགས་ཆ་མེད་པས། མཉམ་ལས་ཁང་བསྟུད་མར་འཕེལ་རྒྱས་དང་རྒྱ་བསྐྱེད་རྒྱུ་ནི་གྲོང་གསེབ་དར་སྤེལ་ཏུ་གཏོང་བའི་ཆེས་ལེགས་པའི་བྱེད་ཐབས་སུ་གྱུར་ཡོད”ཟེར།

2018ལོར།  པེ་ཅིན་རོགས་སྐྲུན་གྱིས་དར་དམར་སྡེ་བར་སྒོར་འབུམ་བཞི་ཡི་རྒྱབ་སྐྱོར་བྱས་པས། སྡོམ་མདའ་གྲོང་རྡལ་དར་དམར་སྡེ་བས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས། ལོ་དེ་དག་གི་རིང་ལ་ལོ་རེའི་ཡོང་སྒོའང་སྒོར་ཁྲི་འགའ་མ་གཏོགས་མེད། ཚེ་རིང་འཇིགས་མེད་ཀྱིས་འཚམས་འདྲི་བྱས་པ་བརྒྱུད་མཉམ་ལས་ཁང་གི་འཕེལ་རྒྱས་ལ་བཀག་རྐྱེན་གཉིས་ཡོད་པ་ཤེས། གཅིག་ནི་མང་ཚོགས་ཚང་མ་དེའི་ནང་དུ་ཞུགས་མེད་པ་དང་། གཉིས་ནི་མཉམ་ལས་ཁང་གི་ཞིང་ཕྱུགས་ཐོན་རྫས་ཕྱིར་བཙོང་ཐུབ་ཀྱིན་མེད་པ་དེ་རེད།

“བཀག་རྐྱེན”དེ་གཉིས་ཤེས་རྗེས། 2022ལོ་ནས་བཟུང་། ཚེ་རིང་འཇིགས་མེད་ཁྱིམ་ཚང་དུ་སོང་སྟེ་སྒྲོག་འགྲེལ་བྱས་ཤིང་སྡེ་དམངས་ཚོགས་ཆེན་བསྡུས་ཏེ། སྡེ་མི་ཚང་མ་མཉམ་ལས་ཁང་ལ་ཞུགས་དགོས་པའི་སྐུལ་སློང་བྱས། “མི་ལ་བརྩོན་འགྲུས་ཡོད་གྱུར་ན། མི་འགྲུབ་བྱ་བ་གང་ཡང་མེད”ཅེས་པ་ལྟར།   ཁོས་ཧུར་བརྩོན་བྱས་པའི་འོག སྡེ་བའི་ཁྱིམ་ཚང157གྱི་སྡེ་མི654ཡི་རྩྭ་ས་སྡེབ་སྒྲིག་བྱས་ཏེ་མཉམ་ལས་ཁང་དུ་མ་རྐང་བཞག

མཉམ་ལས་ཁང་གི་འཕེལ་རྒྱས་གོམ་འགྲོས་ཇེ་མགྱོགས་སུ་གཏོང་ཆེད། ཚེ་རིང་འཇིགས་མེད་ཀྱིས《དར་དམར་སྡེ་བའི་དེང་རབས་ཕྱུགས་ལས་ཀྱི2021ལོ་ནས2022ལོའི་བར་གྱི་འཕེལ་རྒྱས་འཆར་འགོད》ཅེས་པ་བསྒྲིགས་ཤིང་།  རྨང་གཞི་འདིང་བ་དང་གྲུབ་འབྲས་ལེན་པའི་འཕེལ་རྒྱས་ཀྱི་རིམ་པ་ལྟར། ལོ་འདི་གཉིས་ཀྱི་ནང་དུ། ཁྱབ་སྟངས་ལེགས་སྒྱུར་དང་བྱེད་སྟངས་བསྒྱུར་བར་བརྟེན་ནས་ཕྱུགས་ལས་ཀྱི་འཕེལ་རྒྱས་ཚོང་རྟགས་ཅན་དང་གཉེར་སྐྱོང་གཞི་ཁྱོན་ཅན། ཐོན་སྐྱེད་ཚད་ལྡན་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་ཞིང་མཉམ་ལས་ཁང་གི་འཕེལ་རྒྱས་ལ་ཡར་སྐུལ་བྱས།

མཉམ་ལས་ཁང་གི་འགན་འཁུར་པས་བཤད་རྒྱུར། “ཧྲུའུ་ཅི་དང་པོ་ཐོན་རྗེས། མཉམ་ལས་ཁང་གི་དོ་དམ་དང་འཕེལ་རྒྱས་ལ་གོ་རིམ་ལྡན་ཞིང་། སྔོན་ཆད་ཕྱུགས་ཟོག་ཐར་ཐོར་དུ་འཚོ་བ་དེ་གཅིག་བསྡུས་སྒོས་འཚོ་བར་བསྒྱུར་བ་དང་། ཆེད་དམིགས་ཀྱི་ཕྱུགས་འཚོ་མཁན་ཡོད་པས། སྡེ་བའི་ནང་གི་མི17གྱི་ལས་ཞུགས་གནད་དོན་ཐག་གིས་བཅད་པར་མ་ཟད་ཕྱིར་འཚོང་གི་ཚད་ཀྱང་ཇེ་མང་དུ་སོང་།”

ད་ལོ་ལོ50ཡིན་པའི་བཀྲ་ཤིས་འཕགས་འཚོ་ཚང་གི་བཟའ་མི་ལྔ་པོས་མཉམ་ལས་ཁང་གི་ཕྱུགས་འཚོ་བཞིན་ཡོད། བཀྲ་ཤིས་འཕགས་འཚོས་བཤད་རྒྱུར། “ང་ཚོ་མི་རེར་ཟླ་ཕོགས་སྒོར1500རེ་ཡོད། ཁྱིམ་མི་གང་བོས་རང་ཚང་གི་སྒོ་ཁ་རུ་ཟས་ཕོར་རྙེད་ཡོད་པས་བརྟན་འཇགས་ཀྱི་འཚོ་བ་སྐྱིད་པོ་རོལ་བཞིན་ཡོད”ཟེར།

དེར་མཐུད་ནས། ཚེ་རིང་འཇིགས་མེད་ཀྱིས་མཉམ་ལས་ཁང་གི་ཞིང་ཕྱུགས་ཐོན་རྫས་དག་ཁྲི་འདུ་ནས་ཚོང་ར་ཆེན་མོར་ཇི་ལྟར་བསྐྱོད་པའི་གནད་དོན་ལ་བསམ་གཞིག་བཏང་། ཅང་མ་འགོར་བར། ཁོས་རང་ཉིད་ཀྱིས་ཁུལ་ཚོང་ཁྲོམ་ལྟ་སྐུལ་དོ་དམ་ཅུའུ་ནས་བསྒྲུབས་པའི་བྱ་བའི་ཉམས་མྱོང་ལ་བརྟེན་ནས།  2022ལོའི་ལོ་མགོར་མཉམ་ལས་ཁང་ལ་ལས་གཉེར་དཔང་ཡིག་བླངས།

ཚེ་རིང་འཇིགས་མེད་ཀྱིས་བཤད་རྒྱུར། “དཔང་ཡིག་འདི་ཡོད་ན་ང་ཚོའི་ཤའི་ཐོན་རྫས་དང་འོ་མའི་ཐོན་རྫས་ཞིང་ཆེན་ཡོངས་སུ་བཙོང་ཆོག”ཟེར།

མཉམ་ལས་ཁང་གི་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱེད་སའི་སྟེགས་བུ་ལེགས་པོ་ཞིག་འཚོལ་ཆེད། ཚེ་རིང་འཇིགས་མེད་ཕྱོགས་ཡར་མར་ལ་རྒྱུགས་ནས་ཡུས་ཧྲུའུ་གྲོང་ཁྱེར་གྱི་བརྒྱད་གཅིག་སྨན་ཁང་གི་ཉེ་འགྲམ་དུ་ཚོང་ཁང་ཞིག་གླས། ཚོང་ཁང་གི་ཇུས་འགོད་ནས་ཐོན་རྫས་ཀྱི་ཕྱི་ཐུམ་སོགས་ཀྱི་བྱ་བ་ཚང་མ་ཁོས་དངོས་སུ་བསྒྲུབས་ཤིང་། ཟླ་འགའ་ལ་ཧུར་བརྩོན་བྱས་རྗེས། རང་ཡུལ་གྱི་ཁྱད་ཆོས་ལྡན་པའི་སྡོམ་མདའ་གྲོང་རྡལ་དར་དམར་སྡེ་བའི་ཞིང་ཕྱུགས་ཐོན་རྫས་ཚོང་ཁང་གི་སྒོ་ཕྱེས།

ཚེ་དབང་ནི་དར་དམར་སྡེ་བའི་སྡེ་མི་ཡིན་པར་མ་ཟད་ཚོང་ཁང་གི་ཞབས་ཞུ་པའང་ཡིན། ཁོས་བཤད་རྒྱུར། “ཚོང་ཁང་གི་སྒོ་ཕྱེས་བ་ནས་ད་ལྟའི་བར་དུ་ང་ཚོའི་ཚོང་ཧ་ཅང་བཟང་། མཉམ་ལས་ཁང་གིས་ཐོན་རྫས་དགོས་མཁོའི་སྐོང་མི་ཐུབ་པའི་ཚད་ལ་སླེབས་ཡོད”ཟེར།

ཁེ་ཕན་ཐོབ་རྗེས་ཚེ་རིང་འཇིགས་མེད་ཀྱིས་སྲོལ་ཞིག་བཏོད་པ་སྟེ། “མཉམ་ལས་ཁང་དང་ཚོང་ཁང་ཚང་མ་དར་དམར་སྡེ་བའི་ཡིན་པས། སྡེ་མི་སུ་ཞིག་གིས་ཞིང་ཕྱུགས་ཐོན་རྫས་བཙོང་འདོད་ན་མཉམ་ལས་ཁང་གིས་ལས་སྣོན་བྱས་རྗེས། ཚོང་ཁང་ནང་དུ་བཞག་ནས་བཙོང་ཆོག་ལ་ཚབ་འཚོང་གི་རིན་པ་སྐར་གང་ཡང་མི་ལེན་པ་དེ་ཡིན།”

ཆ་འཕྲིན་འདི་བསྒྲགས་མ་ཐག་སྡེ་བའི་ནང་གི་སྡེ་མི་ཚང་མའི་དགའ་བསུ་ཐོབ།  སྡེ་མི་ངག་ལྷས་བཤད་རྒྱུར། “ངེད་ཚང་གིས་བསྙལ་བའི་ཞོ་དང་དཀྲུགས་པའི་མར་དག་བཙོང་འདོད་རུང་ལམ་ཐག་རིང་བས་བཙོང་དཀའ་བ་དང་། རང་ཚང་གིས་ཟོས་ན་ཟོས་མི་ཚར་བས་དཀའ་ཁག་ཆེན་པོར་འཕྲད་ཡོད། ད་ལྟ་ཐད་ཀར་མཉམ་ལས་ཁང་དུ་བཞག་ནས་བཙོང་ཆོག་པས། ན་ནིང་ངེད་ཚང་གིས་སྒོར་ཁྲི2བླངས་ཡོད”ཟེར།

2022ལོར་དར་དམར་སྡེ་བའི་མཉམ་ལས་ཚོང་ཁང་གིས་བསྡོམས་པས་སྒོར་འབུམ་གསུམ་ལྷག་བླངས་པ་དང་། སྡེ་བ་གང་བོར་ལས་ཞུགས་ལས་རྐང20འདོན་སྤྲོད་བྱས། ལོ་མཇུག་ཏུ་ཁེ་སྤོགས་བགོ་རྒྱུ་ཡོད་པར་མ་ཟད་སྡེ་མི་ཡོངས་ལ་སྨན་བཅོས་འགན་སྲུང་ཡང་སྤྲོད་བཞིན་ཡོད།

ད་ལོའི་འཕེལ་རྒྱས་སྐོར་གླེང་དུས། ཚེ་རིང་འཇིགས་མེད་ལ་ཡིད་ཆེས་ཀྱིས་ཁེངས་འདུག “མཉམ་ལས་ཁང་གཉེར་བ་ནི་ང་ཚོ་ཕྱུག་པོར་བསྒྱུར་བའི་ཐབས་ལམ་ཡིན་ལ། ད་ལྟ་རྒྱུན་ལྡན་གྱི་ལམ་དུ་བསྙེགས་ཡོད། གཞུག་ཕྱོགས་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་པ་དེ་གོ་སྐབས་སུ་བརྩིས་ནས། ཞིང་ཕྱུགས་ཐོན་རྫས་དག་རང་འདེམས་ཚོང་ར་དང་གནམ་གྲུ་ཐང་། གློག་རྡུལ་སྟེགས་བུ་སོགས་སུ་འོས་སྦྱོར་བྱས་ནས། སྐྱེ་ལྡན་ཞིང་ལས་ཐོན་རྫས་ཕྱིར་འཚོང་བྱེད་པའི་ཚད་རྒྱ་བསྐྱེད་རྒྱུ་དང་། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཕྱུགས་ལས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན”ཟེར། །

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།