སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་དགོས”ཞེས་བསྟན་ཡོད། འདིས་ང་ཚོའི་ཏང་གིས་སྲོལ་རྒྱུན་རིག་གནས་ལ་བཟུང་བའི་ལངས་ཕྱོགས་དང་རྣམ་འགྱུར་རྒྱས་བཤད་གཏིང་ཟབ་གནང་ཡོད་པ་དང་། དེང་རབས་ཀྱི་ཀྲུང་གོ་གུང་ཁྲན་ཏང་མིའི་རིག་གནས་ཀྱི་ལྟ་བ་གསལ་པོ་གཅིག་བསྡུས་ཀྱིས་མཚོན་ཡོད་ལ། ཀྲུང་ཧྭའི་རིག་གནས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་རྒྱུན་འཛིན་བྱེད་པར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་གསལ་སྟོན་གནང་ཡོད་པས། ང་ཚོས་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ལེན་པ་དང་། ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས།
ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭའི་དཔལ་ཡོན་གྱི་བློ་གྲོས་དང་སྙིང་བཅུད་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རྩ་བ་དང་བླ་སྲོག་ཡིན་ཞིང་། ང་ཚོ་འཛམ་གླིང་རིག་གནས་ཀྱི་གཡོ་འགུལ་ཁྲོད་བརྟན་པོར་གནས་ཐུབ་པའི་རྨང་གཞི་ཡང་ཡིན། ཀྲུང་ཧྭ་མི་རིགས་ལ་ལོ་ངོ5000ལྷག་གི་དཔལ་ཡོན་ལོ་རྒྱུས་ལྡན་ཞིང་།ཉེ་རབས་ཀྱི་སྔོན་ལ་ཀྲུང་གོ་འདི་ཉིད་ནམ་ཡང་འཛམ་གླིང་གི་རྒྱལ་ཁབ་སྟོབས་ལྡན་གྱི་གྲས་གཅིག་ཡིན།ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཁྲོད། ཀྲུང་ཧྭ་མི་རིགས་ནི་ཡོད་ཚད་བདེ་བླག་ངང་ནས་གྲུབ་པ་ཞིག་མིན་པར་དཀའ་སྡུག་མང་པོ་ཞིག་ལ་འཕྲད་མྱོང་མོད། འོན་ཀྱང་ང་ཚོས་དཀའ་ངལ་དེ་དག་ཁྱད་དུ་བསད་ནས་འོང་བ་ཡིན་ལ། དེའི་ཁྲོད་ཀྱི་རྒྱུ་རྐྱེན་གལ་ཆེན་ཞིག་ནི་ཀྲུང་ཧྭ་མི་རིགས་ཀྱིས་འོད་སྟོང་འཕྲོ་བའི་འཛམ་གླིང་གི་ཀྲུང་ཧྭའི་དཔལ་ཡོན་བསྐྲུན་པ་དང་། ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཀྲུང་ཧྭའི་རིག་གནས་སྐྱེད་སྲིང་དང་འཕེལ་རྒྱས་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱིས་དཀའ་ངལ་ཁྱད་བསད་དང་ནམ་ཡང་ཉམས་པ་མེད་པའི་བསམ་བློའི་འདེགས་སྐྱོར་ཆེན་པོ་ཞིག་འདོན་སྤྲོད་བྱས་པས་རེད། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་རྩ་བ་ཡིན་པས། དེ་མེད་པར་བཟོས་ཚེ།བསམ་བློའི་སྲོག་རྩ་བཅད་པ་དང་ཀུན་ནས་མཚུངས། ལོ་རྒྱུས་དང་དོན་དངོས་ཀྱི་ཐོག་ནས་རང་ཉིད་ཀྱི་ལོ་རྒྱུས་དང་རིག་གནས་དོར་བའམ་ཡང་ན་དེར་རྒྱབ་འགལ་བྱས་པའི་མི་རིགས་ཤིག་འཕེལ་རྒྱས་འགྲོ་མི་ཐུབ་པར་མ་ཟད། ལོ་རྒྱུས་ཀྱི་སྐྱོ་གར་ཞིག་ཀྱང་འཁྲབ་སྲིད་པ་གསལ་བོར་མཚོན་ཡོད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་། ཀྲུང་གོའི་སྔོན་ཐོན་རིག་གནས་ཀྱི་བློ་དཀར་བའི་སྣེ་ཁྲིད་པ་དང་ལག་ལེན་པ་ཡིན་ལ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་འཛིན་པ་དང་དར་སྤེལ་གཏོང་མཁན་རྣམ་དག་ཡང་ཡིན། ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པར་འགྲེང་སྟེ། མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་བྱེ་བྲག་གི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། དུས་རབས་ཀྱི་ཆ་རྐྱེན་གསར་པ་དང་ཟུང་འབྲེལ་བྱས་ནས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ཡིནཔའི་བསམ་པའི་མཚོན་རྟགས་མངོན་པར་བྱེད་པ་བཅས་བྱས་ཏེ། ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་སྔར་ལས་ལེགས་པོར་བསྐྲུན་དགོས།
ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པར་ངེས་པར་དུ་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་། གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས། སྲོལ་རྒྱུན་རིག་གནས་གཞི་གྲུབ་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དུ། སྐབས་དེའི་མི་རྣམས་ཀྱི་ཤེས་རྟོགས་ཀྱི་ཆུ་ཚད་དང་། དུས་རབས་ཀྱི་ཆ་རྐྱེན། སྤྱི་ཚོགས་ཀྱི་ལམ་ལུགས་བཅས་ཀྱི་བཀག་རྒྱའི་རང་བཞིན་གྱི་ཚོད་འཛིན་དང་ཤུགས་རྐྱེན་ཐེབས་སྲིད་པ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་པས། རྙིང་ཞེན་དུས་བརྒལ་ལམ་མཁོ་མེད་དུ་གྱུར་བའི་རིགས་ཀྱང་གནས་སྲིད་པར་གཡོལ་ཐབས་མེད་པ་རེད། དེར་བརྟེན་ལངས་ཕྱོགས་གང་འདྲ་ཞིག་རྒྱུན་འཁྱོངས་དང་རྣམ་འགྱུར་གང་འདྲ་ཞིག་འཛིན་རྒྱུ་ནི་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་གནད་དོན་གཙོ་བོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས”ཐོག་ནས་ང་ཚོའི་ཏང་གིས་རིག་གནས་འཛུགས་སྐྲུན་གྱི་ཆོས་ཉིད་ལ་ངོས་འཛིན་བྱེད་ཚད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སོང་བ་གཅིག་སྡུད་སྒོས་མཚོན་པ་དེ་ནི། ང་ཚོས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་ལྟ་སྟངས་ཡང་དག་འཛིན་པའི་སྤྱིའི་གཞི་འཛིན་ས་ཡིན་པས། ངེས་པར་དུ“གསར་གཏོད་གཉིས”ཀྱི་བྱེད་ཕྱོགས་ཀྱི་དོན་སྙིང་གལ་ཆེན་དང་། གཞི་རྩའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་ཟབ་མོ་བླངས་ཏེ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་ལས་དོན་ལ་མཛུབ་སྟོན་བྱེད་དགོས། རྩ་བ་མི་བརྗེད་པ་དང་། ཕྱིའི་རིག་གནས་བསྡུ་ལེན་བྱེད་པ། མ་འོངས་པར་ཁ་ཕྱོགས་པ་བཅས་རྒྱུན་འཁྱོངས་བྱས་ཏེ། གནའ་བཟང་དེང་སྤྱོད་དང་རྙིང་དོར་གསར་འདོན། དབྱེ་འབྱེད་ཀྱི་ལྟ་སྟངས་འཛིན་པ། འདོར་ལེན་གྱི་སྒོ་ནས་རྒྱུན་འཛིན་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཆེས་གཞི་རྩར་གྱུར་པའི་རིག་གནས་ཀྱི་གཞི་རྐྱེན་དེ་དེང་རབས་ཀྱི་རིག་གནས་དང་ཕན་ཚུན་འཚམ་མཐུན་ཡོང་བ་དང་། དེང་རབས་ཀྱི་སྤྱི་ཚོགས་དང་ཕན་ཚུན་མཐུན་སྦྱོར་ཡོང་བར་བྱས་ནས་དུས་རབས་ཀྱི་འོད་སྟོང་གསར་པ་འཕྲོ་ཐུབ་པར་བྱེད་དགོས། དུས་རབས་ཀྱི་ཁྱད་ཆོས་དང་བླང་བྱ་ལྟར་ད་ལྟའི་བར་དུ་དཔྱད་གཞིར་འཛིན་པར་རིན་ཐང་ལྡན་པའི་ནང་དོན་དང་མཚོན་ཚུལ་གྱི་རྣམ་པ་རྙིང་པ་དེ་དག་བསྒྱུར་བཀོད་བྱས་ཏེ། དེར་དུས་རབས་ཀྱི་ནང་དོན་གསར་པ་དང་དེང་རབས་ཀྱི་མཚོན་སྟངས་གསར་བ་བསྣན་ནས་སྐྱེ་སྟོབས་འཕེལ་བར་བྱེད་དགོས། དུས་རབས་ཀྱི་ཡར་ཐོན་གསར་པ་དང་འཕེལ་རྒྱས་གསར་པར་གཞིགས་ནས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་ལ་ཁ་གསབ་དང་། རྒྱ་སྐྱེད། འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། དེའི་ཤུགས་རྐྱེན་ཐེབས་ཤུགས་དང་འབོད་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས།
ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པར་ངེས་པར་དུ་དེའི་ཁྲོད་ཀྱི་བསམ་བློའི་སྙིང་བཅུད་དང་རིག་གནས་ཀྱི་སྙིང་བཅུད་བསྡུ་ལེན་ནན་ཏན་བྱེད་དགོས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་ཕུན་སུམ་ཚོགས་པའི་མཚན་ཉིད་རིག་པའི་བསམ་བློ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྙིང་སྟོབས། རིན་ཐང་གི་འདུ་ཤེས། ཀུན་སྤྱོད་ཀྱི་ཚད་གཞི་སོགས་ལ་དེང་རབས་མིའི་རིགས་ཀྱི་དཀའ་གནད་ཐག་གཅོད་བྱེད་པའི་བློ་སྒོ་གལ་ཆེན་ལྡན་ཡོད་པས། མི་རྣམས་ཀྱིས་འཇིག་རྟེན་ངོས་འཛིན་དང་སྒྱུར་བཀོད་བྱེད་པར་དགེ་མཚན་ལྡན་པའི་བློ་སྒོ་འབྱེད་ཐུབ་པ་དང་། རྒྱལ་སྐྱོང་སྲིད་གཉེར་བྱེད་པར་ནུས་ཡོད་ཀྱི་བློ་སྒོ་འབྱེད་ཐུབ་ལ་། ཀུན་སྤྱོད་འཛུགས་སྐྲུན་བྱེད་པར་དགེ་མཚན་ལྡན་པའི་བློ་སྒོ་འབྱེད་ཐུབ་ཀྱིན་ཡོད་པས། འདས་སོང་དང་ད་ལྟ་གང་ཡིན་རུང་ནམ་ཡང་ཉམས་པ་མེད་པའི་རིན་ཐང་ལྡན་ཡོད། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་བསམ་པའི་མཚོན་རྟགས་གདམ་གསེས་བྱས་ནས་འགྲེམས་སྟོན་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་དེང་རབས་ཀྱི་རིན་ཐང་དང་འཛམ་གླིང་གི་དོན་སྙིང་ལྡན་པའི་རིག་གནས་ཀྱི་སྙིང་བཅུད་ཞུན་བརྡར་བྱས་ནས་འགྲེམས་སྟོན་བྱེད་དགོས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱིས་བྱམས་བརྩེ་གཙིགས་འཛིན་དང་། དམངས་ཀྱི་རྩ་བར་མཐོང་ཆེན། ཁ་དན་ཚིག་གནས་དང་དྲང་བདེན་ལ་བརྩི་བཀུར། ཞི་མཐུན་ལ་བརྩི་བཀུར། སྤྱི་སྙོམས་ཆེན་པོ་དོན་གཉེར་བཅས་བྱེད་པའི་དུས་རབས་ཀྱི་རིན་ཐང་སྔོག་འདོན་དང་རྒྱས་བཤད་གཏིང་ཟབ་བྱས་ནས། འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་བྱེད་པའི་འབྱུང་ཁུངས་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས། རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་བྱེད་པར་སྐུལ་འདེད་ཆེན་པོ་གཏོང་བ་དང་། རིག་དངོས་དང་རིག་གནས་ཤུལ་བཞག་གི་རིན་ཐང་སྣ་ཚོགས་སྔོག་འདོན་བྱས་ནས་ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་རིན་ཐང་མཚོན་རྟགས་དང་རིག་གནས་ཐོན་རྫས་སྔར་ལས་མང་བོ་བརྒྱུད་སྒྲོག་བྱེད་དགོས།
ཡིག་སྒྱུར་བ།སྒྲོལ་མ་སྐྱིད།