དྲི་བ་རེ་ལྔ། སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་དར་ཚད་མཐོ་རུ་གཏོང་བར་གོ་བ་ཇི་ལྟར་ལེན་དགོས་སམ།
2023.04.25 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 17

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་དར་ཚད་མཐོ་རུ་གཏོང་དགོས”ཞེས་ནན་བཤད་གནང་ཡོད། ཆོད་གཏམ་གལ་ཆེན་འདི་ནི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཀྱི་དཔལ་ཡོན་འཛུགས་སྐྲུན་གྱི་ནུས་པ་གལ་ཆེན་ཁོང་དུ་ཆུད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་དམིགས་ནས་བཏོན་པའི་ལས་འགན་གལ་ཆེན་ཞིག་ཡིན་པས། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་།  ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས།

དཔལ་ཡོན་ནི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཀྱི་མཚོན་རྟགས་མངོན་གསལ་ཞིག་ཡིན། རྒྱལ་ཁབ་ཅིག་དར་རྒྱས་སྟོབས་ལྡན་དུ་འགྱུར་བ་དང་། མི་རིགས་ཤིག་དཔལ་ཡོན་ཡར་ཐོན་ཡོང་བ་དེ་ཚད་ངེས་ཅན་ཞིག་གི་སྟེང་ནས། སྤྱི་ཚོགས་ཀྱི་བསམ་བློ་དང་ཀུན་སྤྱོད་ཀྱི་ཆུ་ཚད་ལ་རག་ལས་ཡོད། སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཚད་རྒྱུན་ཆད་མེད་པར་ མཐོར་འདེགས་གསར་བ་བྱུང་བ་དང་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་ནི། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གལ་ཆེན་དང་འགན་ལེན་གལ་ཆེན་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན། དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་སྟེང་། ང་ཚོས་སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་དར་ཚད་མཐོ་རུ་གཏོང་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། འཛུགས་སྐྲུན་གཙོ་གནད་དུ་འཛིན་པ་དང་། འཛུགས་སྐྲུན་རྩ་བར་འཛིན་པ་རྒྱུན་འཁྱོངས།  སྙིང་རུས་གཏན་འཁྱོངས་དང་རྒྱུན་འཁྱོངས་ལྷོད་མེད་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་དམ་འཛིན་ལེགས་པོ་བྱེད་པ་དང་། དུས་རབས་གསར་པའི་བླང་བྱ་དང་མཐུན་པའི་བསམ་བློའི་འདུ་ཤེས་དང་། བསམ་པའི་ཉམས་འགྱུར།  ཡ་རབས་སྲོལ་བཟང་།   བྱ་སྤྱོད་ཚད་ལྡན་བཅས་ཆགས་པར་ཧུར་ཐག་གིས་སྐུལ་འདེད་བཏང་ནས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མུ་མཐུད་དུ་མདུན་སྐྱོད་བྱེད་པར་བསམ་བློའི་འགན་ལེན་དང་། བསམ་པའི་སྟོབས་ཤུགས་ཆེན་པོ། ཀུན་སྤྱོད་བཟང་པོ་བཅས་འདོན་སྤྲོད་བྱེད་དགོས། དེར་བརྟེན་གཤམ་གྱི་ཕྱོགས་འགའ་དམ་འཛིན་བྱེད་པར་ཤུགས་སྣོན་བྱེད་དགོས།

དང་པོ། ཀུན་སྤྱོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ལ་ཀུན་སྤྱོད་མེད་ན་དར་རྒྱས་འགྲོ་མི་ཐུབ་པ་དང་། མི་ལ་ཀུན་སྤྱོད་མེད་ན་རང་ཚུགས་འཛུགས་མི་ཐུབ།   ཀུན་སྤྱོད་ནི་སྤྱི་ཚོགས་དཔལ་ཡོན་ཡར་ཐོན་དང་མཐུན་སྒྲིལ་འཆམ་མཐུན་གྱི་རྨང་རྡོ་ལྟ་བུ་ཡིན། ཀུན་སྤྱོད་ཀྱི་སློབ་གསོ་ཐེབས་པའི་ནུས་པ་འདོན་སྤེལ་བྱེད་པར་མཐོང་ཆེན་བྱེད་པ་དང་།  སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་གྱི་བཟོ་འགོད་ལག་བསྟར་གཏིང་ཟབ་བྱེད་པ།  སྤྱི་ཚོགས་ཀྱི་སྤྱི་པའི་ཀུན་སྤྱོད་དང་ལས་རིགས་ཀྱི་ཀུན་སྤྱོད། ཁྱིམ་སྲོལ་བཟང་བོ། སྒེར་གྱི་སྤྱོད་ལམ་བཅས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བར་ཤུགས་སྣོན་བྱེད་པ། མི་རྣམས་ལ་ཁྲིད་སྟོན་བྱས་ཏེ་ཡིན་མིན་དང་།  བཟང་ངན།   ཡག་བཙོག   གཟི་བརྗིད་དང་ངོ་ཚ།   སྤྱི་དོན་དང་སྒེར་དོན།   དྲང་བདེན་དང་ཁེ་ཕན་བཅས་ལ་དབྱེ་འབྱེད་ཡང་དག་བྱས་ནས།  ཀུན་སྤྱོད་ཀྱི་བརྡར་ཤ་གཅོད་ནུས་དང་ཀུན་སྤྱོད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། རང་རྟོགས་ངང་ཀུན་སྤྱོད་ལ་མཐོང་ཆེན་དང་། ཀུན་སྤྱོད་ལ་བརྩི་འཇོག ཀུན་སྤྱོད་ལ་བརྩི་སྲུང་བཅས་བྱེད་དགོས། ཀྲུང་ཧྭའི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་བཏང་སྟེ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཀུན་སྤྱོད་སློབ་གསོ་ཐེབས་པའི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཁྲོད་ནས་ཀུན་སྤྱོད་བཟང་པོ་བསྡུ་ལེན་བྱེད་མཁས་པོ་བྱས་ནས། མི་རྣམས་ཀྱིས་ཀུན་སྤྱོད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བར་ཁྲིད་སྟོན་བྱེད་དགོས། ཆེན་པོའི་ཀུན་སྤྱོད་ཤེས་པ་དང་།  སྤྱི་པའི་ཀུན་སྤྱོད་སྲུང་བ།  སྒེར་གྱི་སྤྱོད་ལམ་ནན་མོ་བཅས་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་ཀུན་སྤྱོད་ཆུ་ཚད་དང་དཔལ་ཡོན་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།  ན་གཞོན་ལོ་ཆུང་གི་དུས་སྐབས་ནི་མི་ཚེའི་ཁྲོད་ཀྱི“སྙེ་མ་གཏོང་བའི་དུས་སྐབས”ཤིག་ཡིན་པས།     སེམས་ཞིབ་མོས་ཁྲིད་སྟོན་དང་གསོ་སྐྱོང་བྱེད་དགོས།  ཁྱིམ་ཚང་དང་སློབ་གྲྭ།  སྲིད་གཞུང་། སྤྱི་ཚོགས་བཅས་ཟུང་དུ་འབྲེལ་བའི་བསམ་བློ་དང་ཀུན་སྤྱོད་ཀྱི་སློབ་གསོའི་མ་ལག་འཐུས་ཚང་དུ་བཏང་སྟེ།  ཀུན་སྤྱོད་ལ་བརྟེན་ནས་མི་གཞི་གསོ་སྐྱོང་བྱེད་པ་དེ་སློབ་གྲྭའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། ཁྱིམ་ཚང་དང་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་བཅས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ།  ལོ་ན་མ་སོན་པའི་སྐྱེ་བོའི་བསམ་བློ་དང་ཀུན་སྤྱོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ།  གཞོན་ནུ་ལོ་ཆུང་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

གཉིས་པ། ཡ་རབས་སྲོལ་བཟང་གསོ་སྐྱོང་བྱེད་དགོས། སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཚད་ཀྱི་མཐོ་དམན་ལ་བལྟ་སྐབས། ཆེས་གལ་ཆེ་བ་ནི་ཡ་རབས་སྲོལ་བཟང་དང་། བསམ་པའི་ཉམས་འགྱུར། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་ལ་བལྟ་དགོས། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་འཛུགས་བྱེད་སྒོ་དེ་རྒྱལ་དམངས་ཀྱི་བྱང་ཚད་དང་སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཚད་མཐོ་རུ་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཏུ་བརྩི་བ་དང་། དཔལ་ཡོན་གསར་འཛུགས་ཀྱི་བཟོ་འགོད་ལག་བསྟར་བྱ་རྒྱུ་དེ་དམ་འཛིན་བྱེད་སར་བརྩིས་ཏེ།  དཔལ་ཡོན་དར་སྤེལ་དང་། དཔལ་ཡོན་ལག་ལེན། དཔལ་ཡོན་གསར་འཛུགས་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། དཔལ་ཡོན་ལྡན་པའི་གྲོང་ཁྱེར་དང་། དཔལ་ཡོན་ལྡན་པའི་སྡེ་བ་དང་གྲོང་རྡལ། དཔལ་ཡོན་ལྡན་པའི་ལས་ཁུངས། དཔལ་ཡོན་ལྡན་པའི་ཁྱིམ་ཚང་། དཔལ་ཡོན་ལྡན་པའི་སློབ་གྲྭ་བཅས་གསར་འཛུགས་བྱེད་པའི་ལས་དོན་ཟབ་སྤེལ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་ཆེན་པོ་བྱས་ཏེ། ཕུལ་བྱུང་གི་སྲོལ་རྒྱུན་ཡུལ་སྲོལ་རིག་གནས་སྔོག་འདོན་དང་རྒྱུན་འཛིན། གསར་གཏོད་བཅས་གཏིང་ཟབ་བྱས་ནས། སྲོལ་གསར་སྲོལ་བཟང་དར་སྤེལ་དང་གོམས་སྲོལ་བསྒྱུར་བར་སྐུལ་འདེད་གཏོང་བ།  ཡ་རབས་ཡུལ་སྲོལ་དང་ཁྱིམ་སྲོལ་བཟང་པོ། བབ་ཆགས་པའི་དམངས་སྲོལ་བཅས་གསོ་སྐྱོང་བྱས་ནས། གྲོང་གསེབ་ཀྱི་དཔལ་ཡོན་རྣམ་པ་གསར་པ་གསར་གཏོད་བྱེད་དགོས། སྤྱི་ཚོགས་ཡོངས་སུ་ངལ་རྩོལ་གྱི་སྙིང་སྟོབས་དང་། འབད་འཐབ་ཀྱི་སྙིང་སྟོབས། ལེགས་སྐྱེས་འབུལ་བའི་སྙིང་སྟོབས། གསར་གཏོད་ཀྱི་སྙིང་སྟོབས། ཧུར་བརྩོན་གྲོན་ཆུང་གི་སྙིང་སྟོབས་བཅས་དར་སྤེལ་བཏང་སྟེ། དུས་རབས་ཀྱི་སྲོལ་གསར་རྣམ་པ་གསར་པ་གསོ་སྐྱོང་བྱེད་དགོས། རྒྱལ་ཁབ་ཀྱི་ཚན་རྩལ་ཁྱབ་གདལ་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས། དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་གཏིང་ཟབ་ཏུ་གཏོང་དགོས། དང་བླངས་ཞབས་ཞུའི་ལམ་ལུགས་དང་བྱ་བའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། དང་བླངས་ཞབས་ཞུའི་གཅེས་སྐྱོང་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ཏེ། རང་གིས་མི་རེ་རེར་ཞབས་ཕྱི་སྒྲུབ་པ་དང་མི་རེ་རེས་བདག་ལ་ཞབས་འདེགས་ཞུ་བ་དེ་སྤྱི་ཚོགས་ཡོངས་སུ་དར་སྲོལ་བཟང་བོ་ཞིག་ཏུ་འགྱུར་བར་བྱེད་དགོས།  ཡིད་རྟོན་རིག་གནས་དར་སྤེལ་གཏོང་བ་དང་ཡིད་རྟོན་འཛུགས་སྐྲུན་གྱི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས།

གསུམ་པ། མིག་དཔེའི་སྟོབས་ཤུགས་ལ་དོ་སྣང་བྱེད་དགོས། མིག་དཔེའི་སྟོབས་ཤུགས་ནི་རྫོགས་མཐའ་མེད་པ་ཞིག་རེད།  ང་ཚོའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་གསར་བརྗེ་དང་འཛུགས་སྐྲུན།  བཅོས་སྒྱུར་བཅས་བྱེད་པའི་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར།  རང་སྲོག་ཕངས་མེད་དུ་བཞག་པའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་། ཞུམ་མེད་འབད་འཐབ་བྱེད་པའི་དཔའ་བོའི་མི་སྣ།  སྒེར་སེམས་མེད་པར་ཡོད་ཚད་ཕུལ་བའི་སྔོན་ཐོན་དཔེ་བཟང་མི་སྣ་བཅས་འབོན་ཆེན་ཐོན་པ་དང་།  ཁོང་ཚོའི་སྔོན་ཐོན་བྱས་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་ཀྱིས་མི་རབས་ནས་མི་རབས་བར་འབད་འཐབ་ལྷོད་མེད་བྱེད་པར་སློབ་གསོ་དང་སྐུལ་ལྕག་བཏང་ཡོད།  ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་དང་རྒྱལ་ཁབ་ཀྱིས་ཁྱད་དུ་འཕགས་པའི་བྱས་རྗེས་བཞག་པའི་དཔའ་བོ་དཔེ་བཟང་ཁག་གཅིག་ལ་ཚད་མཐོའི་གཟེངས་བསྟོད་བྱས་པ་དང་། ཀུན་སྤྱོད་དཔེ་བཟང་དང་།  དུས་རབས་ཀྱི་མིག་དཔེ། ཆེས་མཛེས་པའི་མི་སྣ། ཉེ་འགྲམ་གྱི་མི་བཟང་བཅས་འབོར་ཆེན་ཞིག་བཏོན་ནས། སྤྱི་ཚོགས་ཡོངས་སུ་མིག་དཔེ་བཟང་པོ་ཞིག་བཏོད་ཡོད། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་། ང་ཚོས་སྔོན་ཐོན་དཔེ་བཟང་ལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ནས།  ཀུན་སྤྱོད་དཔེ་བཟང་གི་བླ་ན་མེད་པའི་གཤིས་རྒྱུད་དར་སྤེལ་གཏོང་བ་དང་། དཔའ་བོར་བརྩི་བཀུར་དང་། དཔའ་བོར་སློབ་སྦྱོང་། དཔའ་བོར་སྲུང་སྐྱོབ། དཔའ་བོར་གཅེས་སྐྱོང་བཅས་བྱེད་པའི་རྣམ་པ་བཟང་པོ་བསྐྲུན་དགོས། ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་གཟེངས་བསྟོད་བྱེད་པའི་བསམ་བློའི་ཁྲིད་སྟོན་དང་། དཔེ་མཚོན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་མཁས་མཛངས་རྗེས་འབྲངས་དང་། དཔའ་བོར་བརྩི་བཀུར། གདོང་ལེན་པ་བྱེད་པ་བཅས་ལ་སྐུལ་འདེད་བཏང་ནས།  དཔེ་བཟང་གི་སྟོབས་ཤུགས་དེ་མང་ཚོགས་དུང་ཕྱུར་མང་པོའི་གསོན་ཉམས་ལྡན་པའི་ལག་ལེན་དུ་འགྱུར་བར་བྱེད་དགོས།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།