དྲི་བ་རེ་བཞི་བ། རླབས་ཆེན་ཏང་འཛུགས་སྙིང་སྟོབས་འབྱུང་ཁུངས་སུ་གྱུར་བའི་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་མ་ལག་དར་སྤེལ་གཏོང་དགོས་ཞེས་པར་གོ་བ་ཇི་ལྟར་ལེན་དགོས་སམ།
2023.05.05 ཁུངས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་སྙན་ཞུའི་སློབ་སྦྱོང་དང་དྲི་བ་བརྒྱ་རྩ། ཀློག་གྲངས། 14

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“རླབས་ཆེན་ཏང་འཛུགས་སྙིང་སྟོབས་འབྱུང་ཁུངས་སུ་གྱུར་བའི་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་མ་ལག་དར་སྤེལ་གཏོང་དགོས”ཞེས་ནན་བཤད་གནང་ཡོད། ཆོད་གཏམ་གལ་ཆེན་དེར་ཕུན་སུམ་ཚོགས་པའི་ཚན་རིག་གི་ནང་དོན་དང་ལག་ལེན་གྱི་བླང་བྱ་ལྡན་ཡོད་པས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་རྒྱུན་ཆད་མེད་པར་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བསམ་པའི་སྟོབས་ཤུགས་ཧ་ཅང་ཆེན་པོར་མཛུབ་ཁྲིད་དང་ཁྲིད་སྟོན་གྱི་ནུས་པ་ལྡན་ཡོད།

དང་པོ། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་འབྱུང་ཁུངས་སུ་གྱུར་བའི་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་མ་ལག་གིས་ང་ཚོས་ཏང་འཛུགས་པ་དང་ཏང་དར་རྒྱས་གཏོང་བར་འཚོ་བཅུད་ཕུན་སུམ་ཚོགས་པོ་མཁོ་འདོན་བྱས་ཡོད། རླབས་ཆེན་གྱི་སྙིང་སྟོབས་ལྡན་པའི་སྲིད་ཏང་ཞིག་ཡིན་ཚེ་གཞི་ནས་མི་དམངས་ཀྱི་འགོ་ཁྲིད་དེ་རླབས་ཆེན་གྱི་འཐབ་རྩོད་ལ་རྒྱལ་ཁབ་ཐོབ་པ་དང་རླབས་ཆེན་གྱི་བྱ་གཞག་གསར་གཏོད་བྱེད་ཐུབ། ང་ཚོའི་ཏང་གིས་ལོ་བརྒྱའི་འབད་འཐབ་ཁྲོད། སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་རླབས་ཆེན་བཏོད་ཡོད་ལ། བསམ་པའི་རྒྱུ་ནོར་རྩ་ཆེན་ཡང་བཏོད་ཡོད། ང་ཚོའི་ཏང་དབུ་བརྙེས་པའི་ཐོག་མའི་དུས་སུ་བདེན་དོན་རྒྱུན་འཁྱོངས་དང་། ཕུགས་བསམ་བརྟན་སྲུང་། ཐོག་མའི་བསམ་འདུན་ལག་བསྟར། འགན་འཁྲི་འཁུར་ཕོད་པ། རང་སྲོག་བློས་གཏོང་བར་མི་འཛེམ་པ། དཔའ་ངར་ཆེན་པོས་འཐབ་རྩོད་བྱེད་པ། ཏང་ལ་བློ་དཀར་སེམས་དཀར་དང་མི་དམངས་དང་རྒྱབ་འགལ་མི་བྱེད་པའི་རླབས་ཆེན་ཏང་འཛུགས་སྙིང་སྟོབས་ཤིག་ཆགས་ཡོད། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་གྱིས་ང་ཚོའི་ཏང་གི་ངོ་བོ་དང་དམིགས་ཡུལ། ཕུགས་བསམ་དང་དད་སེམས། ཐོག་མའི་བསམ་འདུན། འགན་འཁྲི་དང་འགན་འཁུར། བསམ་པའི་རྣམ་པ། བླ་ན་མེད་པའི་བརྩེ་སེམས། རིན་ཐང་དོན་གཉེར་བཅས་གཅིག་བསྡུས་ཀྱིས་མཚོན་ཡོད་པས། ཀྲུང་གོ་གུང་ཁྲན་ཏང་གི་བསམ་པའི་འབྱུང་ཁུངས་སུ་གྱུར་ཡོད། ལོ་བརྒྱའི་རིང་མུ་མཐུད་འབད་འཐབ་བྱས་པའི་ཁྲོད། མི་རབས་ནས་མི་རབས་མང་པོའི་ཀྲུང་གོ་གུང་ཁྲན་ཏང་མིས་རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་བཏང་སྟེ། རླབས་ཆེན་གྱི་ལོ་རྒྱུས་རང་འགུལ་སྙིང་སྟོབས་མངོན་པ་དང་ཆབ་སྲིད་ཀྱི་གཤིས་རྒྱུད་གསལ་བོ་སྦྱོང་བརྡར་བྱས་ཏེ། རླབས་ཆེན་གྱི་སྙིང་སྟོབས་རབ་དང་རིམ་པ་བཏོད་ནས་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་མ་ལག་བསྐྲུན་ཡོད། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ། ཅིན་ཀང་རི་བོའི་སྙིང་སྟོབས་དང་རྒྱང་སྐྱོད་ཀྱི་སྙིང་སྟོབས། ཙུན་དབྱི་གྲོས་ཚོགས་ཀྱི་སྙིང་སྟོབས། ཡན་ཨན་གྱི་སྙིང་སྟོབས། ཞི་པའེ་ཕོ་ཡི་སྙིང་སྟོབས་སོགས་སྐྲུན་ཡོད་ལ། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་དུས་སྐབས་སུ། མེ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས་དང་།“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས། ལེ་ཧྥིན་གྱི་སྙིང་སྟོབས། ཅའོ་ཡུས་ལུའུ་ཡི་སྙིང་སྟོབས། ཏ་ཆིན་གྱི་སྙིང་སྟོབས། ཧོང་ཆི་ཆུས་ཡི་སྙིང་སྟོབས་སོགས་སྐྲུན་ཡོད་ཅིང་། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་སྐབས་གསར་བར། དམིགས་བསལ་ས་ཁུལ་གྱི་སྙིང་སྟོབས་དང་། ཆུ་ལོག་འགོག་པའི་སྙིང་སྟོབས། ས་སི་གློ་ཚད་ལ་འགོག་རྒོལ་བྱེད་པའི་སྙིང་སྟོབས། ཡོམ་འགོག་གནོད་སེལ་གྱི་སྙིང་སྟོབས། མི་སྡོད་མཁའ་སྐྱོད་ཀྱི་སྙིང་སྟོབས་སོགས་སྐྲུན་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར། དབུལ་ཐར་མཁྲེགས་གཏོར་གྱི་སྙིང་སྟོབས་དང་། རླབས་ཆེན་གྱི་རིམས་འགོག་སྙིང་སྟོབས། ཟླ་བར་རྟོག་དཔྱོད་བྱེད་པའི་སྙིང་སྟོབས། དུས་རབས་གསར་པའི་བྱང་སྐར་སྤུན་བདུན་གྱི་སྙིང་སྟོབས་སོགས་བཏོད་ཡོད། རླབས་ཆེན་གྱི་སྙིང་སྟོབས་རབ་དང་རིམ་པ་དེ་ནི་རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས“འབྱུང་ཁུངས”སུ་གྱུར་བའི་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ནང་གི“བཞུར་ཆུའི”རྒྱུན་ལྟ་བུ་ཞིག་ཡིན་པ་དང་། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་ཀྱི་ལས་འགན་མི་འདྲ་བའི་ཁྲོད་ཡོངས་འགྲུབ་བྱས་པའི་རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བའི་བྱེ་བྲག་གི་མཚོན་ཚུལ་ཞིག་ཡིན་པ་དང་། མཉམ་དུ་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་མ་ལག་སྐྲུན་ནས་ང་ཚོས་ཏང་འཛུགས་པ་དང་ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བར་འཚོ་བཅུད་ཕུན་སུམ་ཚོགས་པ་མཁོ་འདོན་བྱས་ཡོད།

གཉིས་པ། རླབས་ཆེན་ཏང་འཛུགས་སྙིང་སྟོབས་འབྱུང་ཁུངས་སུ་གྱུར་བའི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་མ་ལག་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་རྒྱུན་ཆད་མེད་པར་བསམ་པའི་སྟོབས་ཤུགས་འདོན་སྤྲོད་བྱས་ཡོད། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་འབྱུང་ཁུངས་སུ་གྱུར་བའི་བསམ་པའི་མ་ལག་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་ཐུན་མོང་མ་ཡིན་པའི་བསམ་པའི་མཚོན་རྟགས་ཤིག་དང་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་རླབས་ཆེན་གྱི་རྒྱལ་ཁ་ཡང་ཡང་ཐོབ་པའི་བསམ་པའི་རྡོ་རིང་ཞིག་རེད། དེའི“བདེན་དོན་རྒྱུན་འཁྱོངས་དང་ཕུགས་བསམ་བརྟན་སྲུང་བྱེད་པའི”ནང་དོན་སྟེང་ནས་ཀྲུང་གོ་གུང་ཁྲན་ཏང་མིའི་ཕུགས་བསམ་དང་དད་སེམས་བརྟན་པོ་མངོན་པར་བྱས་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་འདེགས་སྐྱོར་གྱི་སྣང་བརྙན་བསྐྱར་དུ་གསར་སྐྲུན་བྱས་པ་མཚོན་ཡོད་པ་དེ་ཡིས་ཀྲུང་གོ་བ་རྣམས་བསམ་བློའི་ཐོག་གཞན་དབང་ནས་རང་འགུལ་དུ་གྱུར་པ་རེད། དེས“ཐོག་མའི་བསམ་འདུན་ལག་བསྟར་དང་། འགན་འཁྲི་འཁུར་བ།”“ཏང་ལ་བློ་དཀར་སེམས་དཀར་དང་། མི་དམངས་དང་རྒྱབ་འགལ་མི་བྱེད་པའི”སྙིང་སྟོབས་བཅས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ལ་སྔར་ན་མེད་པའི་སྐུལ་འདེད་བཏང་ཡོད། དེས“རང་སྲོག་བློས་གཏོང་བར་མི་སྐྲག་པ་དང་དཔའ་ངར་ཆེན་པོས་འཐབ་རྩོད་བྱེད་པའི”སྙིང་སྟོབས་ལ་བརྟེན་ནས་རང་རེའི་མི་རིགས་ཀྱི་བློ་རྩ་བརྟན་པོའི་རང་བཞིན་དང་གསོན་ཤུགས་སྐུལ་སློང་དང་འདོན་སྤེལ་བྱས་ཡོད་པ་དང་། གནའ་བོའི་ཀྲུང་ཧྭ་མི་རིགས་ཀྱིས་གསར་བརྗེ་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་ཕོད་པ། རང་སྟོབས་རང་སྤེལ་བྱེད་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་རྣམ་པ་གསར་པ་དང་སྣང་བརྙན་གསར་པ་མངོན་པར་བྱས་ཡོད། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་འབྱུང་ཁུངས་སུ་གྱུར་བའི་སྙིང་སྟོབས་མ་ལག་དེ་ཏང་དང་། རྒྱལ་ཁབ། མི་རིགས། མི་དམངས་བཅས་ཀྱི་ཁྲག་རྒྱུན་དང་བླ་སྲོག་ནང་ཟབ་མོར་འདྲེས་ཏེ། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་སྙིང་སྟོབས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མུ་མཐུད་མཁྲེགས་གཏོར་དཀའ་སེལ་དང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པར་སྐུལ་མ་གཏོང་བའི་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།

གསུམ་པ། དུས་རབས་གསར་བ་དང་སྐྱོད་ལམ་གསར་བས་རླབས་ཆེན་ཏང་འཛུགས་སྙིང་སྟོབས་འབྱུང་ཁུངས་སུ་གྱུར་བའི་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་མ་ལག་དར་སྤེལ་ཤུགས་ཆེན་གཏོང་དགོས། ལོ་རྒྱུས་ཀྱི་རྒྱུན་མི་ཆད་པ་དང་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཡོད། ཏང་གི་རླབས་ཆེན་སྙིང་སྟོབས་དང་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ནི་ང་ཚོའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་ཞིང་། ཡུལ་དུས་ལས་བརྒལ་བ་དང་། ལོ་རྒྱུས་རིང་ཞིང་གསར་པ་ཡིན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བའི་སྟེང་འགྲན་སློང་གལ་ཆེན་སྣ་ཚོགས་དང་། ཉེན་ཁ་ཆེན་པོ། འགལ་རྐྱེན་གལ་ཆེན། འགལ་ཟླ་གལ་ཆེན་བཅས་ལ་ངེས་པར་དུ་ཁ་གཏད་གཅོག་དགོས། ང་ཚོས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་མུ་མཐུད་དར་སྤེལ་དང་གསར་བརྗེའི་ཁྲག་རྒྱུན་མུ་མཐུད་རྒྱུན་འཛིན་བྱས་ཏེ། རླབས་ཆེན་ཏང་འཛུགས་ཀྱི་སྙིང་སྟོབས་འབྱུང་ཁུངས་སུ་གྱུར་བའི་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་མ་ལག་རྒྱུན་འཛིན་དང་དར་རྒྱས་གོང་འཕེལ་གཏོང་དགོས། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་འབྱུང་ཁུངས་སུ་གྱུར་བའི་སྙིང་སྟོབས་མ་ལག་དར་སྤེལ་གཏོང་བའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཤུགས་ཆེན་པོས་དར་སྤེལ་དང་ལག་བསྟར་བྱས་ནས་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བློ་བརྟན་གྱུར་མེད་ཀྱིས་དད་མོས་བྱེད་མཁན་དང་བློ་དཀར་བའི་ལག་ལེན་མཁན་བྱེད་པ་དང་། རང་རྟོགས་ངང་ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲ་བ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། བློ་བརྟན་འགྱུར་མེད་ངང་འགན་འཁྲི་འཁུར་ནས་ཏང་གི་ཐོག་མའི་བསམ་འདུན་དེ་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་། གསར་འབྱེད་གསར་སྐྲུན་གྱི་སྙིང་སྟོབས་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་པ། དངོས་འཛིན་དངོས་སྒྲུབ་བཅས་ཀྱི་ཐོག་མའི་སྒུལ་ཤུགས་སུ་འགྱུར་བར་བྱེད་དགོས་ལ། རླབས་ཆེན་གྱི་འཐབ་རྩོད་བྱེད་པའི་བློ་སྤོབས་དང་འཇོན་ཐང་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ནས་དཀའ་ཚེགས་ཇི་ཙམ་ཆེ་ན་དེ་ཙམ་གྱིས་མདུན་ཕྱོགས་སུ་སྐྱོད་པའི་དཔའ་བོའི་བློ་སྤོབས་རྒྱུན་འཁྱོངས་དང་། གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་སྲུང་འཛིན་བྱེད་པ། འབད་བརྩོན་ཆེན་པོས་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རྒྱུགས་ལེན་གྱི་བགྲོད་ལམ་གསར་བའི་སྟེང་ནུས་ཤུགས་ཡོད་རྒུས་སྐྱོད་པ་བཅས་བྱེད་དགོས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།