རྒྱལ་ཁབ་སྐྱོང་བའི་ཐབས་ལམ་ནི་སྔོན་ལ་ངེས་པར་དུ་མི་དམངས་ཕྱུག་པོར་འགྱུར་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“མཉམ་དུ་ཕྱུག་པོ་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་དགོས”ཞེས་བསྟན་ཡོད། དེ་ནི་མི་དམངས་ཡོངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གོང་བུར་འགྲིལ་བ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་སྤེལ་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད།
དང་པོ། མཉམ་དུ་ཕྱུག་པོར་འགྱུར་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན། སྤྱི་ཚོགས་རིང་ལུགས་དང་མ་རྩའི་རིང་ལུགས་བར་གྱི་ངོ་བོའི་ཐོག་གི་ཁྱད་པར་ནི། དེ་ནི“མི་ཆེས་མང་པོ་ཞིག་ལ་འབྲེལ་བ་ཡོད་པ་དང་། མི་ཆེས་མང་པོའི་ཁེ་ཕན་གཉེར་བའི”ལམ་ལུགས་ཤིག་ཡིན། ཨིན་ཀེ་སིས《ཁ་ཨར·མར་ཁེ་སི》ཞེས་པའི་ནང་འབྱོར་མེད་གྲལ་རིམ་དང་དེའི་སྲིད་ཏང་གི་ལས་འགན་གལ་ཆེན་ཞིག་ནི“ལམ་ལུགས་འདི་འདྲ་ཞིག་བཙུགས་ཏེ། སྤྱི་ཚོགས་ཀྱི་ཁོངས་མི་ཚང་མ་སྤྱི་ཚོགས་ཀྱི་རྒྱུ་ནོར་ཐོན་སྐྱེད་ནང་ཞུགས་ཐུབ་པ་མ་ཟད། སྤྱི་ཚོགས་ཀྱི་རྒྱུ་ནོར་བགོ་བཤའ་དང་དོ་དམ་བྱེད་པའི་ནང་ཞུགས་ཐུབ་པ་བྱས་ཡོད་པར་མ་ཟད། འཆར་གཞི་ཡོད་པའི་སྒོ་ནས་ཐོན་སྐྱེད་ཚང་མ་གཉེར་སྐྱོང་བྱས་ཏེ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་དང་དེའི་གྲུབ་འབྲས་རྒྱུན་ཆད་མེད་པར་འཕར་སྣོན་ཡོང་བ་དང་། མི་རེ་རེའི་ལུགས་མཐུན་གྱི་དགོས་མཁོ་ཡོད་ཚད་སྔར་ལས་ཆེ་བ་སྐོང་ཐུབ་ངེས་རེད”ཅེས་བསྟན་ཡོད། མའོ་ཙེ་ཏུང་གིས་ང་ཚོའི་ཏང་ནང་དུ་ཆེས་སྔ་མོར་མཉམ་དུ་ཕྱུག་པོར་འགྱུར་རྒྱུ་དར་སྤེལ་བཏང་ཞིང་། ཁོང་གིས“ད་ལྟ་ང་ཚོས་ལམ་ལུགས་འདི་འདྲ་ཞིག་དང་། འཆར་གཞི་འདི་འདྲ་ཞིག་ལག་བསྟར་བྱས་ན། ལོ་རེ་རེ་བཞིན་སྔར་ལས་ཕྱུག་པོ་དང་སྟོབས་ལྡན་དུ་འགྱུར་ཐུབ་པ་དང་། ལོ་རེ་རེར་སྔར་ལས་ཕྱུག་པོ་དང་སྟོབས་ལྡན་དུ་འགྱུར་བཞིན་པ་མཐོང་ཐུབ། ཕྱུག་པོར་འགྱུར་རྒྱུ་ནི་མཉམ་དུ་ཕྱུག་པོར་འགྱུར་རྒྱུ་དེ་ཡིན་ལ། སྟོབས་ལྡན་དུ་འགྱུར་རྒྱུ་ཡང་ཚང་མར་འོས་འགན་ཡོད”ཅེས་གསུངས། ཏིན་ཞའོ་ཕིང་ནི་ཧུར་ཐག་གིས་མཉམ་དུ་ཕྱུག་འགྱུར་བྱེད་པའི་ལག་ལེན་པ་ཞིག་ཡིན་ཞིང་། ཁོང་གིས“སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་ནི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་། ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས། བཤུ་གཞོག་རྩ་མེད་དུ་གཏོང་བ། མཐའ་གཉིས་སུ་གྱེས་པའི་གནས་ཚུལ་མེད་པར་བཟོས་ནས་མཇུག་མཐར་མཉམ་དུ་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་དེ་ཡིན།”“སྤྱི་ཚོགས་རིང་ལུགས་ཀྱི་དམིགས་ཡུལ་ནི་རྒྱལ་ཡོངས་མི་དམངས་རྣམས་མཉམ་དུ་ཕྱུག་པོར་འགྱུར་རྒྱུ་ཡིན་པ་ལས་མཐའ་གཉིས་སུ་གྱེས་རྒྱུ་དེ་མིན”ཞེས་གསུངས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རླབས་ཆེན་གྱི་ལག་ལེན་ཁྲོད།“མཉམ་དུ་ཕྱུག་པོར་འགྱུར་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་རེ་སྒུག་ཡིན། ང་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མཐར་གཏུགས་ནས་བརྗོད་ན་མི་དམངས་ཡོངས་མཉམ་དུ་ཕྱུག་འགྱུར་བྱེད་རྒྱུ་དེ་རེད”ཅེས་ནན་བཤད་ཐེངས་མང་གནང་ཡོད། རྣམ་བཤད་གལ་ཆེན་དེ་དག་གི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་གསལ་པོར་བསྟན་པ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་སྔར་ལས་ལྷག་པར་གསལ་སྟོན་བྱས་ཡོད།
གཉིས་པ། མཉམ་དུ་ཕྱུག་པོར་འགྱུར་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གཞི་རྩའི་དམིགས་འབེན་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་གལ་ཆེན་ཞིག་ཀྱང་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་དང་རང་རྒྱལ་གྱི་འཕེལ་རྒྱས་ཆ་རྐྱེན་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་པོར་འགྱུར་བར་བྱེད་པའི་ཐད་རྒྱུད་རིམ་ལྡན་པའི་འཆར་འགོད་དང་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་པ་སྟེ། གཅིག་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་མཇུག་ཏུ་སླེབས་དུས། མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་པོར་འགྱུར་བའི་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད། གཉིས་ནི2035ལོར་སླེབས་སྐབས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུ་དང་། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ་དང་། མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་པོར་འགྱུར་བར་བྱ་རྒྱུ་བཅས་ལ་དོན་དངོས་ཀྱི་རང་བཞིན་ལྡན་པའི་འཕེལ་རྒྱས་སྔར་ལས་མངོན་གསལ་ཡོང་བ་བྱ་དགོས། གསུམ་ནས་དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འགྲུབ་པར་བྱེད་པ་དང་། མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་པོར་འགྱུར་ཐུབ་པ་བྱ་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་རང་རྒྱལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་སྲོལ་རྒྱུན་དང་། ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་ལས་དབང་། ཐུན་མོང་མ་ཡིན་པའི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་བཅས་ལ་གཞིགས་ནས་བཏོད་པའི་དེང་རབས་ཅན་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན། དེའི་ནང་གི་ཁྱད་ཆོས་གཙོ་བོ་ཞིག་ནི། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་དེང་རབས་ཅན་ཡིན་པ་དང་། མི་དམངས་མང་ཚོགས་ཀྱི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་གཉིས་ཀ་ཕྱུག་པོར་འགྱུར་བ། མི་ཚང་མས་ཟབ་ཞུགས་བྱེད་པ་དང་། མི་ཚང་མས་ནུས་པ་གང་ཡོད་འདོན་པ། མི་ཚང་མས་ལོངས་སྤྱོད་བྱེད་པ་བཅས་ཡིན་པས། མི་དམངས་ཡོངས་ཀྱིས་ཐུན་མོང་གིས་འབད་བརྩོན་བྱ་དགོས། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མི་དམངས་ཡོངས་མཉམ་དུ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་པ་དང་། མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྔར་ལས་སྐོང་བ། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་དང་སྐུལ་འདེད་གཏོང་བ་བཅས་བྱས་ཚེ། གཞི་ནས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཐུབ།
གསུམ་པ། ད་ལྟ་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་བའི་ལོ་རྒྱུས་ཀྱི་དུས་རིམ་དུ་སླེབས་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་ནི“མི་དམངས་ཡོངས་རྫོགས་རིམ་བཞིན་མཉམ་དུ་ཕྱུག་པོར་འགྱུར་བ་མངོན་འགྱུར་བྱེད་པའི་དུས་རབས”རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་འཕེལ་རྒྱས་དུས་རིམ་གྱི་འགྱུར་ལྡོག་གསར་པ་དམ་འཛིན་བྱས་ཏེ། མི་དམངས་ཡོངས་མཉམ་དུ་ཕྱུག་འགྱུར་བྱ་རྒྱུ་དེ་གནས་བབ་གལ་ཆེན་ཐོག་བཞག་ནས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་བཅས་བྱས་ཏེ། མཉམ་དུ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ཆ་རྐྱེན་བཟང་པོ་བསྐྲུན་ཡོད། ད་ལྟ། མཉམ་དུ་ཕྱུག་པོ་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་བའི་ལོ་རྒྱུས་ཀྱི་དུས་མཚམས་སུ་སླེབས་ཡོད”ཅེས་མཛུབ་སྟོན་གནང་བ་རེད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པའི་སྟེང་། ང་ཚོས་ངེས་པར་དུ་མཉམ་དུ་ཕྱུག་པོར་འགྱུར་བའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་འདི་དམ་འཛིན་བྱས་ཏེ། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་སྔར་ལས་གལ་འགངས་ཆེ་བའི་གོ་གནས་སུ་འཇོག་དགོས། ལས་བརྩོན་ཕྱུག་འགྱུར་ལ་སྐུལ་ལྕག་དང་། གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས། ནུས་པས་ལྕོགས་ཚོད་བྱེད་པ། གོམ་པ་རིམ་བགྲོད་རྒྱུན་འཁྱོངས་བཅས་ཀྱི་རྩ་དོན་དམ་འཛིན་ཡག་པོ་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་དང་། ལས་ཕྱོད་དང་དྲང་གཞག་གི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། བགོ་བཤའ་ཐོག་མ་དང་། ཡང་བསྐྱར་བགོ་བཤའ་བྱེད་པ། བགོ་བཤའ་ཐེངས་གསུམ་པ་མཐུན་སྦྱོར་བཅས་ཀྱི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་བཙུགས་ནས་ཁྲལ་འབབ་དང་། སྤྱི་ཚོགས་འགན་སྲུང་། གཏོང་སྤྲོད་གཞན་སྒྱུར་སོགས་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་གནད་འཁེལ་རང་བཞིན་ཆེ་རུ་བཏང་ནས། ཡོང་འབབ་འབྲིང་གྲས་ཚོགས་སྤྱི་ཇེ་མང་དུ་གཏོང་བ་དང་། ཡོང་འབབ་དམའ་བའི་ཚོགས་སྤྱིའི་ཡོང་འབབ་ཇེ་མང་དུ་གཏོང་བ། ཡོང་འབབ་མཐོ་བ་འོས་མཚམས་ཀྱིས་སྙོམས་སྒྲིག་བྱེད་པ། ཁྲིམས་འགལ་གྱི་ཡོང་སྒོ་གཏན་འགོག་བྱེད་པ། དཀྱིལ་ཆེ་བ་དང་སྣེ་གཉིས་ཆུང་བའི་ཡོང་སྒོའི་གྲུབ་ཚུལ་ཆགས་པར་བྱས་ནས། སྤྱི་ཚོགས་འདྲ་མཉམ་དྲང་བདེན་དང་། མིའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། མི་ཚང་མ་འབྱོར་ཕྱུག་གི་དམིགས་འབེན་གསར་པའི་ཕྱོགས་སུ་བསྐྱོད་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།