དྲི་བ་རེ་དྲུག མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བའི་ཕུལ་བྱུང་བརྩམས་ཆོས་སྔར་ལས་མང་བོ་རྩོམ་དགོས་དོན་ཅི་ཡིན་ནམ།
2023.05.06 ཁུངས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་སྙན་ཞུའི་སློབ་སྦྱོང་དང་དྲི་བ་བརྒྱ་རྩ། ཀློག་གྲངས། 11

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བའི་ཕུལ་བྱུང་བརྩམས་ཆོས་སྔར་ལས་མང་བོ་རྩོམ་དགོས”ཞེས་བསྟན་ཡོད། བཀོད་སྒྲིག་གལ་ཆེན་འདིས་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་བ་དང་། རིག་རྩལ་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ལ་རིན་ཐང་གི་ཁྲིད་སྟོན་ནུས་པ་ཆེན་པོ་དང་། རིག་གནས་ཀྱི་གོང་བུར་འགྲིལ་ཤུགས། བསམ་པའི་སྒུལ་ཤུགས་བཅས་འདོན་སྤྲོད་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད།

མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བའི་ཕུལ་བྱུང་བརྩམས་ཆོས་སྔར་ལས་མང་བོ་རྩོམ་རྒྱུ་ནི་མི་དམངས་ཀྱིས་བློ་གྲོས་དང་སྟོབས་ཤུགས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་བྱ་གཞག་ལ་ཁྲིད་སྟོན་དང་སྐུལ་མ་གཏོང་བའི་འཐབ་ཇུས་ཀྱི་དགོས་མཁོ་རེད། རིག་རྩལ་གྱི་བྱ་གཞག་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གལ་ཆེན་ཞིག་ཡིན། ཕུལ་བྱུང་གི་བརྩམས་ཆོས་གསར་རྩོམ་བྱ་རྒྱུ་ནི་རིག་རྩལ་ལས་དོན་གྱི་ལྟེ་བའི་རིམ་པ་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་རིག་རྩལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཇུས་འགོད་དང་། ཁྲིད་སྟོན། སྐུལ་འདེད་བཅས་གནང་བ་དང་གསུང་བཤད་གལ་ཆེན་ཐེངས་གང་མང་གནང་ནས། རིག་རྩལ་དར་རྒྱས་གོང་འཕེལ་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་རབ་དང་རིམ་པར་གསར་སྐྲུན་རང་བཞིན་གྱི་སྒོ་ནས་ལན་བཏབ་སྟེ། རིག་རྩལ་ལས་དོན་ལ་རྩ་བའི་གཞི་འཛིན་ས་འདོན་སྤྲོད་གནང་བ་རེད། རྒྱ་ཆེའི་རིག་རྩལ་དོན་གཉེར་པས་སེམས་ནུས་ཡོད་རྒུ་བཏོན་ནས་གསར་རྩོམ་བྱས་པ་དང་། ཕུལ་བྱུང་གི་བརྩམས་ཆོས་འབོར་ཆེན་བཏོན་པ། རིག་རྩལ་བྱ་འགུལ་རབ་དང་རིམ་པ་སྤེལ་བ་བཅས་བྱས་པས་རང་རྒྱལ་གྱི་རིག་རྩལ་བྱ་གཞག་ཐད་མེ་ཏོག་མཉམ་བཞད་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དར་རྒྱས་ཕུན་སུམ་ཚོགས་པའི་རྣམ་པ་ཞིག་མངོན་ཡོད། མིག་སྔར། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་རྣམས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པར་ཞུགས་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་འཇུག་བྱེད་བཞིན་ཡོད། དུས་རབས་གསར་པ་དང་སྐྱོད་ལམ་གསར་པ་ནི་དེང་རབས་ཀྱི་ཀྲུང་གོའི་རིག་རྩལ་ལོ་རྒྱུས་ཀྱི་ཁ་ཕྱོགས་ཡིན་པས། མི་རིགས་བསྐྱར་དར་གྱི་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་ཡང་དག་པར་ཁོང་དུ་ཆུད་པ་བྱས་ཏེ། རིག་རྩལ་ལས་དོན་དེ་རྒྱལ་ཁབ་ཀྱི་མདུན་ལམ་དང་། མི་རིགས་ཀྱི་ལས་དབང་། མི་དམངས་ཀྱི་བསམ་འདུན་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། མི་སེམས་གཅིག་སྒྲིལ་དང་། དམངས་སེམས་དྲོ་རུ་གཏོང་བ། ཡིད་ཆེས་ཆེ་རུ་གཏོང་བ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རིག་གནས་ལ་བརྟེན་ནས་སློབ་གསོ་དར་སྤེལ་གཏོང་བ་དང་། རིག་གནས་འཛུགས་སྐྲུན་རྨང་གཞི་རུ་འཛིན་པ། རིག་གནས་ལ་བརྟེན་ནས་དད་སེམས་དང་ཡིད་ཆེས་མཐོ་རུ་གཏོང་བ། རིག་གནས་ལ་བརྟེན་ནས་སེམས་ཤུགས་བསྐྱེད་པ་བཅས་བྱས་ནས། རིག་རྩལ་གསར་སྐྲུན་བྱ་རྒྱུ་དེ་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་སྟེང་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་སྟེང་འགོད་དགོས།

མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བའི་ཕུལ་བྱུང་བརྩམས་ཆོས་སྔར་ལས་མང་བོ་རྩོམ་རྒྱུ་ནི་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བའི་ཕྱི་རོལ་ཡུལ་གྱི་བླང་བྱ་ཞིག་རེད། མི་དམངས་ཁྲོད་འོང་བ་དང་། མི་དམངས་ཀྱི་ཆེད་དུ་ཡིན་པ། མི་དམངས་ལ་དབང་བ་བཅས་ནི་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་གྱི་རྩ་བའི་ལངས་ཕྱོགས་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་བའི་སྒུལ་ཤུགས་ཀྱང་ཡིན། རང་རྒྱལ་གྱི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་རྗེས། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་དེ་འཚོ་གནས་རང་བཞིན་གྱི་དགོས་མཁོ་ནས་འཕེལ་རྒྱས་རང་བཞིན་གྱི་དགོས་མཁོ་བར་འགྱུར་ལྡོག་གཏོང་བ་དང་། དངོས་པོའི་དགོས་མཁོ་ནས་བསམ་པའི་དགོས་མཁོ་བར་མཐོ་རུ་འགྲོ་བའི་ཁྱད་ཆོས་སྔར་ལས་འབུར་ཐོན་ཡིན་པ། སྤུས་ལེགས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བཅུད་ལ་རེ་སྒུག་སྔར་ལས་མངོན་གསལ་བྱེད་པ། རིག་རྩལ་ལས་དོན་ལ་སྔར་ལས་མཐོ་བའི་བླང་བྱ་གསར་པ་བཏོན་པ་བཅས་རེད། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་བར་མི་དམངས་ལྟེ་བར་འཛིན་པའི་གསར་གཏོད་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། རིག་རྩལ་གསར་རྩོམ་དར་རྒྱས་ཤུགས་ཆེན་གཏོང་བ། དུས་རབས་དང་མི་དམངས་ལ་བཅངས་པའི་གླུ་གཞས་གཏོང་བ། དུས་རབས་གསར་པ་དང་འཚམ་པའི་རིག་རྩལ་བརྩམས་ཆོས་རྩེ་གྲ་སྔར་ལས་མང་བ་རྩོམ་པ་བཅས་བྱས་ནས།“མཐོ་སྒང”ནས“ཡང་རྩེའི”ཕྱོགས་སུ་བསྐྱོད་ཐུབ་པ་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྔར་ལས་ཕུན་སུམ་ཚོགས་པ་དང་སྔར་ལས་འཚོ་བཅུད་ལྡན་པའི་བསམ་པའི་འཚོ་བཅུད་འདོན་སྤྲོད་བྱེད་དགོས།

མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བའི་ཕུལ་བྱུང་བརྩམས་ཆོས་སྔར་ལས་མང་བོ་རྩོམ་རྒྱུ་ནི་ཀྲུང་གོའི་སྙིང་སྟོབས་སྔར་ལས་དར་སྤེལ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། རིག་རྩལ་ནི་བླ་སྲོག་བསྐྲུན་པའི་བཟོ་སྐྲུན་ཞིག་ཡིན་པ་དེས་རིག་གནས་ལ་བརྟེན་ནས་མི་གསོ་སྐྱོང་དང་། གཞུང་ལུགས་བཤད་པར་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་འགན་འཁྲི་འཁུར་ནས་བསམ་པའི་དར་ཆ་སྒྲེང་བ་དང་། བསམ་པའི་ཀ་རྟེན་འཛུགས་པ། བསམ་པའི་ཁྱིམ་གཞིས་སྐྲུན་པ་བཅས་ཚང་མ་རིག་རྩལ་དང་ཁ་བྲལ་ཐབས་མེད། རིག་རྩལ་བརྩམས་ཆོས་ལེགས་པོ་ཞིག་ཡིན་ཕྱིན་དགུང་སྔོན་དབྱིངས་ཀྱི་ཉི་འོད་དང་དཔྱིད་དུས་ཀྱི་བསིལ་རླུང་དང་འདྲ་བར་བསམ་བློའི་བློ་སྒོ་འབྱེད་ཐུབ་པ་དང་། སེམས་ཁམས་འཇམ་ཐིང་ངེར་བྱེད་ཐུབ་པ། མི་ཚེར་ཤུགས་རྐྱེན་བཟང་པོ་ཐེབས་ཐུབ་པ་བཅས་དང་། གསོན་ཉམས་ལྡན་པའི་བརྩམས་ཆོས་ཀྱི་གཟུགས་བརྙན་ཐོག་ནས་མི་རྣམས་ལ་གང་ཞིག་ཁས་ལེན་དང་བསྔགས་བརྗོད་བྱེད་འོས་པ་དང་། གང་ཞིག་ངེས་པར་དུ་ངོ་རྒོལ་དང་ཁས་མི་ལེན་པ་གསལ་བཤད་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་དགོས་ན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་རིག་རྩལ་གསར་རྩོམ་ཁྲོད་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། སྲོག་ཤིང་ཡོད་པ། ཀུན་སྤྱོད་བཟང་བ། དྲོད་ཁོལ་ལྡན་པ་བཅས་ཀྱི་མཚོན་ཚུལ་དང་། སྐྱོན་བྲལ་རིག་གནས་ཀྱི་སྲོལ་བཟང་དར་སྤེལ། ཡ་མ་གཟུགས་ཀྱི་མཛེས་དཔྱད་ཕྱོགས་ལྷུང་འདོར་བ། བསམ་བློ་གཏིང་ཟབ་པ་དང་། དྭངས་གཙང་བབ་ཆགས། བློ་རྩ་བརྟན་ཞིང་ནུས་ལྡན་བཅས་ཀྱི་ཕུལ་བྱུང་བརྩམས་ཆོས་ལ་བརྟེན་ནས་མི་དམངས་ཀྱི་མཛེས་དཔྱོད་རིན་ཐང་ལྟ་བ་གསོ་སྐྱོང་བཅས་བྱས་ཏེ། མི་དམངས་ཀྱི་བསམ་པའི་འཚོ་བའི་ཐད་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་རིག་རྩལ་བརྩམས་ཆོས་ཀྱི་ཚེ་སྲོག་ལྟ་བུར་བརྩིས་ནས་ནང་དོན་ལེགས་འདེམས་ནན་མོ་བྱེད་པ་དང་། བསམ་བློ་སྔོག་འདོན་གཏིང་ཟབ་བྱེད་པ། སྒྱུ་རྩལ་གསར་གཏོད་བཅས་བྱས་ནས་བརྩམས་ཆོས་ཀྱི་བསམ་པའི་ནུས་པ་དང་། རིག་གནས་ཀྱི་ནང་དོན། སྒྱུ་རྩལ་གྱི་རིན་ཐང་བཅས་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས།

མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བའི་ཕུལ་བྱུང་བརྩམས་ཆོས་སྔར་ལས་མང་བོ་རྩོམ་པར་ཡང་དག་པའི་བགྲོད་ལམ་རྒྱུན་འཁྱོངས་དང་། སྒྱུ་རྩལ་གྱི་ཕུགས་བསམ་བརྟན་སྲུང་བྱེད་པའི་རིག་གནས་རིག་རྩལ་གྱི་ཤེས་ལྡན་པའི་དཔུང་ཁག་དང་ཁ་བྲལ་ཐབས་མེད། རིག་རྩལ་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་སྔར་ལས་མངོན་གསལ་གྱི་གནས་བབ་ཐོག་བཞག་ནས། ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོ། ཕྱོགས་སོ་སོའི་རིག་རྩལ་དོན་གཉེར་པ་ཏང་གི་རིག་རྩལ་བྱ་གཞག་ནང་ཞུགས་རྒྱུ་རྒྱ་ཁྱབ་ངང་སྒྲིག་འཛུགས་དང་སྐུལ་སློང་བྱེད་པ་དང་། སྤྱོད་རྩལ་གཉིས་ལྡན་གྱི་རྩོམ་རིག་སྒྱུ་རྩལ་མཁས་ཅན་དང་གཞི་ཁྱོན་ཆེ་བའི་རིག་གནས་རིག་རྩལ་གྱི་ཤེས་ལྡན་པའི་དཔུང་ཁག་འབོར་ཆེན་སྐྱེད་སྲིང་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས། རྒྱ་ཆེའི་རིག་རྩལ་དོན་གཉེར་པས་སྒྱུ་རྩལ་ལ་གུས་ཞེད་ཀྱི་བསམ་པ་དང་ཆེད་ལས་ལ་ལྷག་བསམ་རྣམ་དག་བྱེད་པའི་བསམ་པ་བཅངས་ཏེ། མི་སྒེར་གྱི་ཀུན་སྤྱོད་བློ་སྦྱོང་དང་། སྤྱི་ཚོགས་ཀྱི་གཟུགས་བརྙན་དང་བརྩམས་ཆོས་ཀྱི་སྤྱི་ཚོགས་ཕན་འབྲས་གཅིག་གྱུར་བྱས་ནས་སྤུས་ཚད་ལ་སྣང་ཆེན་དང་། བརྗོད་དོན་ལ་སྣང་ཆེན། འགན་འཁྲི་ལ་སྣང་ཆེན་བཅས་བྱེད་པ་དང་། ནུས་ཤུགས་དངོས་འདོན་པ་དང་འཇོན་ཐང་དངོས་སྦྱོང་བ། མཚན་སྙན་བཟང་པོ་དོན་གཉེར་བཅས་བྱས་ཏེ་བླ་ན་མེད་པའི་སྤྱོད་ལམ་དང་། རིག་གནས་སྤུས་བཟང་། མཛེས་དཔྱོད་བཅས་ཀྱི་བརྩམས་ཆོས་ལ་བརྟེན་ནས་ལོ་རྒྱུས་ལ་སྲོལ་བཟང་དར་སྤེལ་དང་། སྐྱེ་བོ་ཀུན་གྱི་ཆེད་དུ་སྤྱོད་བཟང་དར་སྤེལ་བྱེད་པ། རང་ཉིད་ལ་མིང་བཟང་པོ་ཞིག་འཇོག་པ་བཅས་བྱེད་དགོས། ལས་རིགས་ཀྱི་སྤྱོད་ཚུལ་དང་སྒྱུ་རྩལ་ཀུན་སྤྱོད་དར་སྤེལ་བཏང་སྟེ་རིག་རྩལ་ལས་རིགས་ཀྱི་སྤྱི་ཚོགས་ཀྱི་གཟུགས་བརྙན་བཟང་པོ་གཏོད་ནས་རང་བཀུར་རང་གཅེས་དང་། ཕན་ཚུན་སློབ་སྦྱོང་། ཕན་ཚུན་དཔྱད་གཞིར་འཛིན་པ། ཡངས་ཤིང་གཙང་པ་བཅས་ཀྱི་ལས་རིགས་ཀྱི་དར་སྲོལ་བསྐྲུན་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།