སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“ཀྲུང་ཧྭའི་དཔལ་ཡོན་སྒྲོག་སྤེལ་བྱེད་ནུས་དང་ཤུགས་རྐྱེན་གཏོང་ནུས་ཆེ་རུ་གཏོང་དགོས”ཞེས་བསྟན་ཡོད། འདི་ནི་ང་ཚོའི་ཏང་གིས་སྤྱི་ཡོངས་ཆེན་པོ་གཉིས་ལ་གཅིག་གྱུར་གྱིས་འཆར་འགོད་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་རྒྱལ་ཁབ་ཀྱི་རིག་གནས་མཉེན་ཤུགས་དང་རང་རྒྱལ་གྱི་རྒྱལ་སྤྱིའི་སྒྲོག་སྤེལ་ནུས་པ་རིམ་འཕར་བྱེད་པའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་ཡོད།
ཀྲུང་ཧྭའི་དཔལ་ཡོན་སྒྲོག་སྤེལ་ནུས་པ་དང་ཤུགས་རྐྱེན་གཏོང་ནུས་ཇེ་དྲག་ཏུ་གཏོང་བ་ནི་རང་རྒྱལ་གྱི་རྒྱལ་སྤྱིའི་སྨྲ་བརྗོད་དབང་ཆ་རིམ་འཕར་བཏང་སྟེ།བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཡོང་བར་ནུས་ལྡན་གྱི་ཕྱིའི་གླེང་ཕྱོགས་ཀྱི་ཁོར་ཡུག་ཅིག་སྐྲུན་པར་དགོས་གལ་ཧ་ཅང་ཆེ། ཀྲུང་ཧྭའི་དཔལ་ཡོན་ལ་ཡུན་རིང་གི་ལོ་རྒྱུས་ལྡན་ཞིང་ཡངས་ཤིང་གཏིང་ཟབ་པ་དང་།དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་པའི་མཚོན་རྟགས་ཤིག་དང་། དེང་རབས་ཀྲུང་གོའི་རིག་གནས་ཀྱི་རྨང་གཞི་ཞིག་ཡིན་པས། མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ང་ཚོས་རྒྱལ་སྤྱིའི་སྒྲོག་སྤེལ་གྱི་བདེན་སྲུང་གསར་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་བ་དང་། རྒྱལ་ནང་དང་རྒྱལ་ཕྱིའི་དྲིལ་སྒྲོག་གི་སྒྲིག་སྲོལ་མཐུན་སྦྱོར་བྱེད་པ།ཀྲུང་ཧྭའི་རིག་གནས་ཕྱི་རུ་སྐྱོད་པར་ཧུར་ཐག་གིས་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་དང་གླེང་ཕྱོགས་ཀྱི་འཐབ་རྩོད་ནུས་ལྡན་སྒོས་སྤེལ་ཏེ། ཀྲུང་ཧྭའི་དཔལ་ཡོན་གྱི་སྒྲོག་སྤེལ་ནུས་པ་དང་ཤུགས་རྐྱེན་གཏོང་ནུས་མངོན་གསལ་གྱིས་རིམ་འཕར་བྱུང་ཡོད། དེ་དང་ཆབས་ཅིག་གནས་བབ་དང་ལས་འགན་གསར་བར་ཡང་འཕྲད་ཡོད་དེ། དེང་སྐབས་རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་འགྲན་རྩོད་རྣོ་ངར་ལྡན་པ་དང་། ཚད་ངེས་ཅན་ཞིག་གི་སྟེང་ནས་སྨྲ་བརྗོད་ཀྱི་འགྲན་རྩོད་དང་དོན་བརྗོད་ཀྱི་འགྲན་རྩོད་ཡིན་ལ། ལྷག་པར་དུ་ནུབ་ཕྱོགས་སྟོབས་ཆེན་དང་རང་རྒྱལ་གཉོམ་ཆུང་ཡིན་པའི་རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་རྣམ་པར་ཁ་གཏད་ནས།སྨྲ་བརྗོད་དང་དོན་བརྗོད་ཀྱི་གལ་ཆེན་རང་བཞིན་སྔར་ལས་མངོན་གསལ་དུ་གྱུར་ཡོད། ཀྲུང་ཧྭའི་དཔལ་ཡོན་གྱི་སྒྲོག་སྤེལ་ནུས་པ་དང་ཤུགས་རྐྱེན་གཏོང་ནུས་ཇེ་དྲག་ཏུ་གཏོང་བ་ནི་ཀྲུང་གོའི་སྨྲ་བརྗོད་དང་ཀྲུང་གོའི་དོན་བརྗོད་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཕྱི་གཉིས་ལ་ཁྱབ་པའི་སྤྱི་མཚན་གསར་པ་དང་། ཁྱབ་ཁོངས་གསར་པ། རྒྱས་བཤད་གསར་པ་བཅས་སྐྲུན་པ་དང་། ཀྲུང་གོའི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཀྲུང་གོའི་ལག་ལེན་ལ་འགྲེལ་བཤད་རྒྱག་པ་དང་། ཀྲུང་གོའི་ལག་ལེན་ལ་བརྟེན་ནས་ཀྲུང་གོའི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ། རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་དང་རྒྱལ་སྤྱིའི་གོ་གནས་ལ་འཚམ་མཐུན་ཡིན་པའི་རྒྱལ་སྤྱིའི་སྨྲ་བརྗོད་དབང་ཆ་ཆགས་པར་བྱེད་དགོས་ལ ཀྲུང་གོའི་གཏམ་རྒྱུད་དང་དེའི་རྒྱབ་ཀྱི་བསམ་བློའི་སྟོབས་ཤུགས་དང་བསམ་པའི་སྟོབས་ཤུགས་སྔར་ལས་གང་ལེགས་དང་སྔར་ལས་མངོན་གསལ་དོད་པོས་མངོན་པར་བྱས་ནས་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ཕྱི་རོལ་གླེང་ཕྱོགས་ཀྱི་ནུས་ལྡན་ཁོར་ཡུག་ལེགས་པོ་སྐྲུན་དགོས།
ཀྲུང་ཧྭའི་དཔལ་ཡོན་སྒྲོག་སྤེལ་ནུས་པ་དང་ཤུགས་རྐྱེན་གཏོང་ནུས་ཇེ་དྲག་ཏུ་གཏོང་བ་ནི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་སྐྲུན་པར་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན།དཔལ་ཡོན་ནི་ཕན་ཚུན་བརྗེ་རེས་བྱས་པར་བརྟེན་ནས་སྣ་མང་ཅན་ཏུ་གྱུར་བ་དང་།དཔལ་ཡོན་ནི་ཕན་ཚུན་དཔྱད་གཞིར་བཟུང་བ་བརྟེན་ནས་ཕུན་སུམ་ཇེ་ཚོགས་སུ་གྱུར་པ་རེད། དཔལ་ཡོན་གཅིག་འབྲེལ་དང་རིག་གནས་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་སོ་སོའི་མི་དམངས་དབར་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་བསམ་ཤེས་བྱེད་པའི་བསམ་པའི་འབྲེལ་ཐག་ཇེ་དམ་དུ་བཏང་ཚེ། གཞི་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་སྔར་ལས་ལེགས་པོའི་སྒོ་ནས་སྐྲུན་ཐུབ། ཀྲུང་ཧྭའི་དཔལ་ཡོན་ནི་གནའ་སྔ་མོ་ནས་བཟུང་སྒོ་འབྱེད་ཁོང་ཡངས་ཤིག་ཡིན་པ་འཛམ་གླིང་ལ་སྐད་གྲགས་ཆོད་ཡོད་པ་དང་། དཔལ་ཡོན་གཞན་པའི་བར་གྱི་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཁྲོད་སྐྱེ་སྟོབས་གསར་པ་རྒྱུན་མི་ཆད་པར་འཕེལ་བཞིན་ཡོད། ཀྲུང་ཧྭའི་དཔལ་ཡོན་གྱི་ལོ་ངོ་ལྔ་སྟོང་ལྷག་གི་འཕེལ་རྒྱས་ལོ་རྒྱུས་ལས་དངོས་པོའི་རིགས་དང་ལག་རྩལ། ད་དུང་ཐོན་ཁུངས་དང་མི་ཚོགས་དང་། ཐ་ན་བསམ་བློ་དང་རིག་གནས་གང་ཡིན་རུང་ཚང་མ་རྒྱུན་ཆད་མེད་པར་སྒྲོག་སྤེལ་དང་། བརྗེ་རེས། ཕན་ཚུན་སྐུལ་འདེད་ཁྲོད་འཕེལ་རྒྱས་དང་ཡར་ཐོན་བྱུང་བ་གང་ལེགས་སྒོས་གསལ་བཤད་བྱས་ཡོད། ཀྲུང་ཧྭའི་དཔལ་ཡོན་སྒྲོག་སྤེལ་ཀྱི་ནུས་པ་དང་ཤུགས་རྐྱེན་གཏོང་ནུས་ཇེ་དྲག་ཏུ་གཏོང་བ་དེ་ནི་རྣམ་པ་སྣ་ཚོགས་ཀྱི་མི་ཆོས་བརྗེ་རེས་ཀྱི་བྱེད་སྒོ་གཏིང་ཟབ་དུ་སྤེལ་ནས་ཀྲུང་ཧྭའི་རིག་གནས་དང་རྒྱལ་ཁབ་སོ་སོའི་རིག་གནས་ཕན་ཚུན་སྐྱོན་སྤངས་དགེ་སྒྲུབ་དང་ཐུན་མོང་ཐོག་ཡར་ཐོན་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། ལས་དབང་གཅིག་མཐུན་གྱི་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་ཆེད་རྒྱུན་མཐུད་དང་གཏིང་ཟབ་པའི་བསམ་པའི་སྒུལ་ཤུགས་མཁོ་འདོན་བྱེད་དགོས། དེང་སྐབས་ཀྱི་འཛམ་གླིང་ལ་ལོ་ངོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་ཞིག་བརྒྱུད་བཞིན་ཡོད་པ་དང་། རེ་བས་ཁེངས་ཡོད་ལ་འགྲན་སློང་ཡང་ཡོད་པ་དང་། ལྷག་པར་དུ་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་མངོན་གསལ་གྱིས་ཇེ་མཐོར་སོང་བ་དང་བསྟུན་ནས་དཔལ་ཡོན་གདོང་ཐུག་དང་དཔལ་ཡོན་ཁྱད་འཕགས་སོགས་ཀྱི་བཤད་ཚུལ་གྱིས་མི་སེམས་དཀྲུག་བཞིན་ཡོད་པ་དང་། རིག་གནས་བརྗེ་རེས་དང་དཔལ་ཡོན་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་པའི་གལ་ཆེན་རང་བཞིན་སྔར་ལས་མངོན་གསལ་དུ་འགྲོ་བཞིན་ཡོད། ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་སྟེང་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཀྲུང་ཧྭའི་དཔལ་ཡོན་གྱི་སྒྲོག་སྤེལ་ནུས་པ་དང་ཤུགས་རྐྱེན་གཏོང་ནུས་རྒྱུན་མི་ཆད་པར་ཇེ་དྲག་ཏུ་གཏོང་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་ཧྭའི་རིག་གནས་ཕྱི་རུ་སྐྱོད་པར་སྐུལ་འདེད་གཏོང་བ་དང་། རིག་གནས་ལ་བརྟེན་ནས་གནས་ལུགས་བརྗོད་པ་དང་རིག་གནས་ལ་བརྟེན་ནས་གཏམ་རྒྱུད་བརྗོད་པ།རིག་གནས་ལ་བརྟེན་ནས་འཇོན་མི་སྐྱོང་བ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་ཀྲུང་གོའི་སྙིང་སྟོབས་མངོན་པ། ཀྲུང་གོའི་བློ་གྲོས་མཚོན་པ་བཅས་ཀྱི་ཕུལ་བྱུང་རིག་གནས་སྔར་ལས་མང་པོ་ཞིག་འཛམ་གླིང་ལ་གསལ་འགྲེལ་དང་འོས་སྦྱོར་བྱས་ཏེ།ཀྲུང་ཧྭའི་དཔལ་ཡོན་ལ་ལྡན་པའི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ་དང་། འཛམ་གླིང་གི་དཔལ་ཡོན་སྣ་མང་རང་བཞིན་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་ནས་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་གྱི་ཆེད་དུ་བྱས་རྗེས་གསར་བ་སྔར་ལས་ཆེན་པོ་འཇོག་དགོས།
ཀྲུང་ཧྭའི་དཔལ་ཡོན་གྱི་སྒྲོག་སྤེལ་ནུས་པ་དང་ཤུགས་རྐྱེན་གཏོང་ནུས་ཆེ་རུ་གཏོང་བར་ངེས་པར་དུ་རྒྱལ་སྤྱིའི་ཐོག་གི་སྒྲོག་སྤེལ་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། སྒྲོག་སྤེལ་ནུས་པས་ཤུགས་རྐྱེན་ནུས་པ་ཐག་གཅོད་བྱེད་བཞིན་ཡོད་པ་དང་། རྒྱལ་སྤྱིའི་ཐོག་གི་སྒྲོག་སྤེལ་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་པ་ནི་ཕྱི་ཕྱོགས་ལ་དྲིལ་སྒྲོག་བྱེད་པའི་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་དང་དགོས་གཏུག་ཆེ་བ་ཞིག་རེད། ཀྲུང་གོའི་གཏམ་རྒྱུད་ལེགས་པོར་བརྗོད་པ་དང་། ཀྲུང་གོའི་སྐད་སྒྲ་སྒྲོག་སྤེལ་བཟང་པོ་བྱེད་པ་རྒྱུན་འཁྱོངས་བྱས་ནས་དོན་དངོས་དང་ལངས་གཟུགས། ཕྱོགས་ཡོངས་བཅས་ཀྱི་ཀྲུང་གོ་ཞིག་འགྲེམ་སྟོན་བྱས་ཏེ། རང་རྒྱལ་གྱི་རྒྱལ་སྤྱིའི་སྒྲོག་སྤེལ་ནུས་པ་འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་ལ་ཤུགས་བསྣན་ཏེ། ཕྱོགས་ཡོངས་ནས་རྒྱལ་སྤྱིའི་སྒྲོག་སྤེལ་ཕན་འབྲས་མཐོར་འདེགས་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱི་ཕྱོགས་ལ་དྲིལ་བསྒྲགས་དང་ངོ་སྤྲོད་བྱེད་པར་ཤུགས་སྣོན་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེན་ཏུ་བརྩིས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐོ་རིམ་འཚམས་འདྲི་དང་གྲོས་ཚོགས་གལ་ཆེན་གྱི་བྱེད་སྒོ་ཕྱི་ཕྱོགས་ལ་དྲིལ་སྒྲོག་བཟང་པོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་ཡིག་སྒྱུར་པར་སྐྲུན་དང་ཕྱི་རྒྱལ་དུ་འོས་སྦྱོར་ཡག་པོ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་གཤིས་ཀྱི་འགུག་ཤུགས་དང་གཙོ་འཛིན་གྱི་སྣང་བརྙན་གསོན་ཉམས་དོད་ལ་ཕུན་སུམ་ཚོགས་པའི་སྒོ་ནས་མངོན་པར་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གི་དྲིལ་སྒྲོག་གསལ་འགྲེལ་ལ་ཤུགས་བསྣན་ནས་ཕྱི་རྒྱལ་གྱི་མང་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དངོས་བསྐྲུན་པར་འབད་འཐབ་བྱེད་བཞིན་པ་ཤེས་སུ་འཇུག་པར་རོགས་རམ་བྱེད་དགོས་ཤིང་། ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་ཅི་ཡིན་པ་དང་། མར་ཁེ་སི་རིང་ལུགས་ཅིའི་ཕྱིར་ཡང་དག་ཡིན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཡག་དོན་ཅི་ཡིན་པར་རྒྱུས་ལོན་བྱེད་དུ་འཇུག་དགོས། རྒྱལ་སྤྱིའི་སྒྲོག་སྤེལ་གྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་། སྒྲོག་སྤེལ་སྒྱུ་རྩལ་མཐོ་རུ་གཏོང་བ། ས་ཁོངས་མི་འདྲ་བ་དང་། རྒྱལ་ཁབ་མི་འདྲ་བ། ཚོགས་སྤྱི་མི་འདྲ་བ་བཅས་ཀྱི་མང་ཚོགས་དང་ཉེ་བར་བཅར་ནས་གནད་འཁེལ་སྒྲོག་སྤེལ་གྱི་བྱེད་ཐབས་སྤྱད་དེ།ཀྲུང་གོའི་གཏམ་རྒྱུད་དང་ཀྲུང་གོའི་སྐད་སྒྲ་གོ་ལ་ཧྲིལ་བོར་བརྗོད་པ་དང་། ས་ཁོངས་ཅན་དུ་བརྗོད་པ། ཚོགས་བགོས་ཅན་དུ་བརྗོད་པར་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་སྒྲོག་སྤེལ་འགུག་ཤུགས་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས། གྲོགས་པོ་མང་པོ་སྒྲིག་པ་དང་། མང་ཆེ་བར་མཐུན་སྒྲིལ་བྱས་ནས་མཛའ་བཤེས་ཕྱི་ཐག་རིང་བའི་རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་གྲོགས་པོའི་ཚོམས་རྒྱུན་ཆད་མེད་པར་རྒྱ་སྐྱེད་དགོས། དུས་རབས་གསར་བའི་རྒྱལ་སྤྱིའི་སྒྲོག་སྤེལ་གྱི་དགོས་མཁོ་དང་འཚམ་པའི་ཆེད་ལས་འཇོན་མིའི་དཔུང་སྡེ་སྟོབས་ཆེར་བསྐྲུན་ནས་རྒྱལ་སྤྱིའི་སྒྲོག་སྤེལ་ནུས་པའི་གསོ་སྦྱོང་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ་དང་། ཕྱི་ཕྱོགས་དྲིལ་སྒྲོག་གི་འཇོན་མིའི་མཐོ་ས་འཛུགས་སྐྲུན་བྱེད་དགོས།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།